བོད་ཀྱི་རྒྱལ་ཕྲན་བྱང་ཀ་སྣམ་བརྒྱད་ཀྱི་གནས་ཡུལ་སྐོར་གླེང་བ།

བོད་ཀྱི་རྒྱལ་ཕྲན་བྱང་ཀ་སྣམ་བརྒྱད་ཀྱི་གནས་ཡུལ་སྐོར་གླེང་བ།

བོད་ཀྱི་རྒྱལ་ཕྲན་བྱང་ཀ་སྣམ་བརྒྱད་ཀྱི་གནས་ཡུལ་སྐོར་གླེང་བ།

 

རྩོམ་པ་པོ། ར་སེ་དཀོན་མཆོག་རྒྱ་མཚོ།

 

དེ་ཡང་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆར་གསལ་བའི་ཆེས་གནའ་བོའི་རྒྱལ་ཕྲན་སིལ་མའི་ཁོངས། ཡུལ་བྱང་ཀའ་སྣམ་བརྒྱད་ཅེས་གསལ་ཡོད་དེ། p1060.0090  ཡུལ་བྱང་ཀའ་སྣམ་བརྒྱད་མཁར་ཤུ་བའ་བ་ལེག་གྱི་ནང་ནའ། དྲུག་གུའི་ལྷ་ཡོལ་རདང་རེའ།

རྒྱལ་ཧིར་ཀིར་དང་། དར་ཀན། བློན་པོ་དུན་རྒྱུས་དང་ཨ་མ་ཅའ། ཁོལ་ནག་དྲུག་དང་ཨ་མ་ཅའ། རྟ་ཧལ་ཙུན་དང་། ཐོག་བྱ་རྨད་དང་བརྒྱ་སྟོང་རེ་ཐམ་་་། ཞེས་འཁོད་ཡོད་པས་ན། དེ་ན་བྱང་ཞེས་པས་ས་ཕྱོགས་བསྟན་ཡོད་པ་དང་། དྲུག་གུའི་ཞེས་པ་དང་རྒྱལ་པོའི་མིང་སོགས་ལ་བརྟེན་ནས་ཉེ་དུས་ཏུན་ཧོང་ཡིག་ཚངས་ནས་ཐོན་པ་འདི་ཉིད་ལ་འགྲེལ་བཤད་དང་ལོ་རྒྱུས་སྨྲ་བ་མང་པོས་བྱང་ཀ་སྣམ་བརྒྱད་ནི་བོད་ཁམས་མ་ཡིན་པར་བྱང་དྲུ་གུའི་ཡུལ་ཡིན་པར་བཞེད་ཡོད་པ་ཡིན་ནོ། །

ཁོ་བོས་བསམས་ན་འདི་ནི་དྲུ་གུའི་ཡུལ་མ་ཡིན་པར་བྱང་ཀ་སྣམ་བརྒྱད་ནི་བོད་ཀྱི་བྱང་ཐང་ཁུལ་རྣམས་ཏེ། ད་ལྟའི་ནག་ཆུའི་ནུབ་ཀྱི་རྫོང་ཁག་རྣམས་དང་། འདམ་ཤོད་ལ་སོགས་པ་གཉན་ཆེན་ཐང་ལྷའི་རི་རྒྱུད་ཀྱི་ཁྱབ་ཁོངས་ཀྱང་ཚུད་ཀྱི་ཡོད་པར་ངོས་འཛིན་གྱི་ཡོད། རྒྱུ་མཚན་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་དཔར་འགྲེམ་གནང་བའི་ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་སྒྲུང་རབས་ཕྱོགས་བསྒྲིགས་ཞེས་པའི་དེབ་ངོས་༡༥ ལས། ཡུལ་སྐྱི་རོ་ལྗང་སྔོན་ན་སྐྱི་རྗེ་རྨང་པོ་དང་སྒྱི་བདག་གི་བཙུན་མོ་སྲོ་ཟ་གུང་མོ་གཉིས་བཤོས་དང་ནམས་གྱི་སྲས། མྱིང་པོ་དྲལ་པོ་སྐྱི་ཕྱུག་གི་འཇོན་པ་དང་། སྲིང་མོ་ལྕམ་མོ་སྐྱི་ནམ་ཉག་ཅིག་མ་གཉིས་བཞུགས་བཞུགས།   ་་་་་་་་སྐྱི་ཕྱུག་གི་འཇོན་པ་དང་སྐྱི་ནམ་ཉག་ཅིག་མ་གཉིས། ནང་ན་བཟ་མ་མཆིས། ནུབ་གྱི་བགོ་མ་མཆིས་ནས། མིང་པོ་དྲལ་པོ་ནི་བྱང་ཀ་སྣམ་ནཞི་རུ་ཤ་བཤོར་དགོ་འདྲིམ་དུ་བཞུད།ཅེས་འཁོད་འདུག་པ་ལས། སྐྱི་ཤོད་དང་བྱང་ཀ་སྣམ་བརྒྱད་ནི་ས་འབྲེལ་ཡིན་པ་དང་། དེར་ཤ་བ་དང་དགོ་བ་ལ་རྔོན་དུ་སོང་ནས་ཤ་དབོར་ཡོང་ཚུལ་གསལ་པོར་བསྟན་འདུག་པས་སོ། །

ཡང་དེབ་འདིའི་ངོས་༨༡རྟ་རབས་ཀྱི་སྐབས་སུ་ཡང་གོང་གསལ་བཞིན་བོད་ཀྱི་རྒྱལ་ཕྲན་སིལ་མའི་ཁོངས་སུ་འཁོད་ཡོད་པ་མ་ཟད། དེབ་ངོས་༨༢པ། རྟ་རྐྱང་དབྱེ་བའི་རབས་ལ་གཟིགས་ན། ཡུལ་རྫི་ལུང་དང་བ་ན་རྟ་སྤུན་གསུམ་ཡོད་པ་ལ། ཕུ་བོ་ཆེན་པོ་ཡིད་ཀྱི་དང་ཕྱམ་ནི་ཡུལ་བྱང་ཀ་སྣམ་བརྒྱད་དུ་གཤེགས་པ་དང་། འབྲིང་པོ་རྐྱང་རོན་རྔོག་བཀྲ་ནི་ཡུལ་ཕྱི་འབྲོག་བརྒྱད་གོང་སྟེ་ཡར་འབྲོག་ཁུལ་དུ་གཤེགས་པ་དང་། རེ་ཞིག་ན་ཡུལ་བྱང་ཀ་སྣམ་བརྒྱད་ན། རྟ་ཕུ་བོ་དེ་དང་འབྲོང་གཡག་སྐར་བ་གཉིས་བར་འགལ་བ་བྱུང་སྟེ། འབྲོང་གཡག་གིས། ན་ནིང་གཞེས་ནིང་སྔ། གནམ་གྱི་ཡ་བླ་དགུང་གི་ཡང་སྟེངས་ནས། རྗེ་ཡབ་བླ་བདག་དྲུག མགོན་བཙུན་ཕྱྭ་ཡིས་བསྐོས་ཏེ། རྟ་ཡུལ་ནི་ཡར་འབྲོག་ཁུལ་ཡིན་པ་དང་། གཡག་གི་ཡུལ་ནི་བྱང་ཁུལ་ཡིན་པར་གཏན་ལ་ཕབ་ཡོད་ན། ཁྱོད་འདི་ན་ཅི་བྱེད་དུ་འོང་བ་ཡིན་ཟེར་ནས་རྩོད་གླེང་དང་འཐབ་འཁྲུག་བྱུང་ཚུལ་འཁོད་འདུག་པས་ཀྱང་བོད་ཀྱི་བྱང་ཁུལ་ཡིན་པར་གསལ་པོར་བསྟན་འདུག་སྙམ།

བཀའ་བརྒྱུད་པའི་གྲུབ་ཆེན་གཙང་སྨྱོན་ཧེ་རུ་ཀས་ལ་ཕྱི་གངས་རར་བསྒྲིགས་ཏེ་པར་བསྐྲུན་མཛད་པའི་མར་པ་ལོ་ཙཱ་བའི་རྣམ་ཐར་མཐོང་བ་དོན་ཡོད་ལས་ཀྱང་། ཁྱེད་རྒྱ་གར་དུ་བླ་མ་རྣམས་ལ་འབུལ་བའི་གསེར་འཚོལ་ན། འཕན་ཡུལ་ནས་གསེར་མི་རྙེད། ཁ་གཏམ་ལ་ཡང་འཕན་ཡུལ་སྐྱ་མོ་ན། བྱིའུ་ལ་ལྷུ་ཐང་བྱེད། བྱང་ཁ་སྣ་བརྒྱད་ན་འབྲོང་བུ་ལ་གཟུགས་ཐང་རྩི་བྱ་བ་ཡིན། འཕན་ཡུལ་བ་ནི་མི་ངན། དད་པ་ཆུང་། ས་བཙའ། མགོ་མཁྲེགས། བྱང་ལ་ང་ཅན་དུ་གཤེགས་དང་། ཞེས་འདམ་གྱི་མར་པ་མགོ་ལེགས་ཀྱིས་བཤད་ཚུལ་འཁོད་ཡོད་པ་ལས། འདམ་གཞུང་ཡང་བྱང་ཀ་སྣ་བརྒྱད་ཀྱི་ཁོངས་སུ་བརྩི་གི་ཡོད་པར་མངོན་འདུག་གོ །

དེ་བཞིན་དུ་འབྲུག་པ་ངག་དབང་རྣམ་རྒྱལ་ཞེས་གྲགས་པའི་བདག་ཉིད། གཙང་པའི་དུས་མཇུག་དང་དགའ་ལྡན་ཕོ་བྲང་བའི་དུས་མགོར་ལྷོ་མོན་ཁ་བཞི་དབང་དུ་བསྡུ་བར་མཛད་དེ། འབྲུག་ཡུལ་དུ་གྲགས་པའི་དབུ་བཙུགས་པ་པོ་དེའི་རྣམ་ཐར་ལས་ཀྱང་། སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག བྱར་དྭགས་ཀོང་གསུམ། ལྷོ་མོན་ཁ་བཞི། བྱང་ཁམས་སྣ་བརྒྱད་དེ། བོད་དང་བོད་ཆེན་པོའི་སར་གཏོགས་པ་དེ་དག་ན། ཞེས་རྣམ་གཞག་དམིགས་བསལ་གསུངས་ཡོད་པ་ན་གསལ་བས་ཀྱང་ངེས་པ་རྙེད་ཐུབ་པར་སྣང་།

སེར་གཙུག་དཔེ་རྙིང་འཚོལ་བསྡུ་ཕྱོགས་བསྒྲིགས་ཁང་གིས་པར་འགྲེམ་གནང་བའི་རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ་པོད་བརྒྱད་པ། བྱང་པ་རིག་འཛིན་ཆེན་པོ་ངག་གི་དབང་པོའི་རྣམ་ཐར་ངོ་མཚར་རྒྱ་མཚོ་སྟེ། ཤོག་ངོས་༥༩༧ལས། དེའི་ཚེ་སྙེ་མོའི་རྒྱབ་ཏུ་ཡོལ་གོར་ཇིང་གིས་ཁྲིད་པའི་ཧོར་སོག་གི་དམག་མང་པོ་སླེབ། ལུང་བསྟན་དུ་བྱང་ཁ་སྣ་བརྒྱད་བཤད་པའི་ནང་ཚན་ཕག་སྣ་ཟེར་བ་དེར། སོག་ཟློག་ལ་དམིགས་ནས་རིག་འཛིན་མངའ་རིས་པ་ཆེན་པོས་མཆོད་རྟེན་ནག་པོ་ཞིག་བཞེངས་པ་དུས་ཕྱིས་བདག་རྐྱེན་མེད་པར་ཞིག་རལ་ཆེན་པོ་བྱུང་འདུག་པ་ལ་ཞིག་གསོས་མཛད་ཅིང་སོག་བཟློག་གི་རིགས་གནང་བས། འབྲི་གུང་བཤགས་རམ་སྒྲུབ་སྡེ་བའི་བླ་མ་དེས། ཞབས་དྲུང་བླ་མ་རིན་པོ་ཆེ་སྐུ་ན་བགྲེས་པོ་ལ་ཐུགས་ཚོད་ཆུང་བ། ཕྱག་གཡོག་ཚོད་ཡོད་པ་ཅིག་ཀྱང་མེད་པ་འདྲ། སོག་པོ་ལ་རྒྱབ་ཏུ་སླེབ་པ་ག་ལ་བཟློགས་ཟེར་ནས་སྐུར་བ་སྣ་ཚོགས་བཏབ་པས། སང་དེ་སོག་པོ་རྣམས་འུར་ཞོགས་ཤིག་བྱུང་སྟེ་བྲོས་པ་ན་མི་ཀུན་ཧ་ལས། བླ་མ་དེས་ཀྱང་རིགས་རྒྱུད་དང་སྐུ་སྐྱེས་ཁྱོགས་པའི་ནུས་མཐུ་ཡོད་བདེན་ཡིན་པ་འདུག་ཟེར་རོ།།ཞེས་འཁོད་འདུག་གོ།།

དེས་ན་སྣམ་བརྒྱད་དེ་སྣ་བརྒྱད་དུ་གྱུར་པ་མ་ཟད། ཕག་སྣ་སོགས་སྣ་ཁུང་མི་འདྲ་བ་བརྒྱད་དང་འབྲེལ་བའི་ས་ཁམས་ངོས་བཟུང་རྒྱུ་ཡོད་པར་མངོན་པས། ཕག་གིས་མཚོན་པས་སྲོག་ཆགས་གཞན་གླང་སྣ། གཡག་སྣ། འབྲོང་སྣ། སྟག་སྣ། རྐྱང་སྣ་ཟེར་བ་ལྟ་བུ་ཡོད་སྲིད་པས། ལོ་ངོ་སྟོང་ཕྲག་མང་པོ་དང་འབྲེལ་བའི་ལོ་རྒྱུས་ནང་གསལ་ས་མིང་དག་ནི་ལོ་རྒྱུས་རིག་པ་དང་ས་ཁམས་རིག་པའམ་ས་རྒྱུས་རིག་པ་སྦྲེལ། ས་མིང་རིག་པས་མཚམས་སྦྱར་ནས་གསལ་པོར་རྟོགས་དགོས་པ་ཅིག་ཡིན་ལ། དུས་མཚམས་སོ་སོར་བསྣར་འཁུམ་ཅི་རིགས་པས་འགྱུར་བ་ཡང་མང་བས། དུས་རབས་སྦྲེལ་ཞིང་ས་ཐོག་ཏུ་དཔྱད་པའི་ཞིབ་ཆ་ཅན་ཧ་ཅང་གལ་ཆེ་བར་མངོན་ལ། ད་ཆ་ལོ་རྒྱུས་ཉམས་ཞིབ་པ་ཇེ་མང་དུ་འགྲོ་བའི་སྐབས་སུ་སོན་པས་དེ་དག་གི་བགོ་སྐལ་དུ་སྣང་ལ། འདིར་ནི་རང་ཉིད་ཀྱི་དཔེ་ཀློག་གི་ཟིན་བྲིས་ཙམ་བཀོད་པ་ཡིན་གྱི། དཔྱད་གཏམ་རིགས་ནི་མ་ཡིན་པས། མཁས་དབང་དག་གིས་གུས་པར་མི་ཤེས་ཤེས་མདོག་དང་ཇུས་མེད་ཇུས་འཁྲི་སོགས་ཀྱི་བཀའ་བཀྱོན་མེད་པར་སྨོན་ནོ། །༢༠༢༢/༡༢/༢༢

བརྒྱུད་སྐུལ།

མཆན་སྤེལ།