སྨོན་ལམ་འདེབས་པ་དང་མཉམ་དུ་དེའི་རྒྱུ་སྒྲུབ་དགོས་ཚུལ་གསོལ་བ།

སྨོན་ལམ་འདེབས་པ་དང་མཉམ་དུ་དེའི་རྒྱུ་སྒྲུབ་དགོས་ཚུལ་གསོལ་བ།

སྨོན་ལམ་འདེབས་པ་དང་མཉམ་དུ་དེའི་རྒྱུ་སྒྲུབ་དགོས་ཚུལ་གསོལ་བ།

 

ར་སེ་དཀོན་རྒྱམ།

 

སྤྱིར་ན་སྨོན་ལམ་འདེབས་པ་ནི་འགྲོ་བ་མིའི་རིགས་ཀྱི་འདུན་པ་ཟབ་མོ་ཅིག་ཡིན་གཤིས། སྤྱི་སྒེར་ཚང་མས་སྨོན་འདུན་བྱ་སྲོལ་ཡོད་ཅིང་། སྲིད་ཏང་ཁྲི་ལོར་བརྟན་པར་ཤོག་ཟེར་བ་དང་། སྒེར་སོ་སོར་ཡང་བྱ་བ་གང་བརྩམས་ལེགས་འགྲུབ་ཀྱི་སྨོན་ལམ་བྱ་སྲོལ་ཡོད་པ་ནི་ཀུན་སྤྱོད་ཡག་པོ་ཅིག་ལོས་ཡིན།

བྱེ་བྲག་ཏུ་ཆོས་ལུགས་ཚང་མས་རང་རང་གི་ལྷ་ལ་མཆོད་འབུལ་དང་། ལྷན་དུ་སྨོན་ལམ་འདེབས་པའི་ལམ་ལུགས་ཀྱང་སྤེལ་ཡོད་པར་བརྟེན། སྔ་ནས་ད་བར་དད་ལྡན་པས་མཆོད་པའི་རྟེན་སྤྱི་དང་རྩ་ཆེན་དུ་གྲགས་པའི་མདུན་དུ་མཆོད་པ་ཕུལ། ཕྱག་འཚལ་ཏེ་པུས་མོ་བཙུགས་ཤིང་ཐལ་མོ་སྦྱར་ཏེ་སྨོན་ལམ་ཅི་རིགས་པ་འདེབས་སྲོལ་ཡོད་ལ། རང་རེའི་བོད་ལ་ཡང་སྨོན་ལམ་ཆེ་མོ་བྱ་བ་བྱུང་བ་མ་ཟད། དེང་དུས་འཛམ་གླིང་ཞི་བདེའི་སྨོན་ལམ་ཟེར་བ་སོགས་སྨོན་ལམ་ཆེ་མོ་འདྲ་མིན་ས་ཕྱོགས་གང་སར་ཚུགས་བཞིན་པ་འདིས་མཚོན་ནུས་པ་རེད།

ཉེ་དུས་འདིར་པྲོག་གསར་ནད་དུག་མདོ་དབུས་མཐོ་སྒང་དུ་མཆེད་སྐབས་རང་རེས་ནད་གྲོལ་གསོལ་འདེབས་དང་ནད་ཡམས་ཞི་བའི་གསོལ་སྨོན་སྔར་ཡོད་ཁག་གྲངས་མང་འདོན་པར་བསྐུལ་མ་ཡང་ཡང་མཛད་པ་མ་ཟད། ནད་ཡམས་ཞི་བའི་གསོལ་སྨོན་གསར་རྩོམ་མང་པོ་གནང་བར་མཛད་དེ། ཚང་མས་གསོལ་སྨོན་གྲངས་གསོག་རྒྱུན་འཇག་གནང་བ་བརྟེན་གསོལ་སྨོན་གྲངས་འབོར་དུང་ཕྱུར་མང་པོ་བསགས་གྲུབ་ཚུལ་བསྒྲགས་པ་སོགས་བྱུང་ཡོད་ལ། དེ་ཡིས་གསལ་བཤད་བྱས་པ་ནི། རང་རིགས་ནི་མིའི་རིགས་རྣམས་བདེ་བ་དང་ཞི་བདེ་ལ་རེ་སྨོན་དང་དགའ་འདུན་ཡོད་པ་མཚོན་པ་དང་། གནོན་བཙིར་སོགས་དཀའ་ཁག་དང་། ལྷག་པར་དུ་སྤྱི་ལ་གནོད་པའི་ནད་ཡམས་དང་། དམག་འཁྲུག་མུ་གེ་དང་རང་བྱུང་ཁམས་ཀྱི་གནོད་འཚེ་སོགས་མི་འབྱུང་བའི་རེ་བའམ། ཕུགས་འདུན་ཟབ་མོ་དེ་ཉིད་མངོན་པའི་སྣང་ཚུལ་གསལ་པོར་བསྟན་པ་ཡིན་ནོ། །

སྐབས་འདིར་རང་རེ་ཚང་མས་ཞི་བདེ་དང་ནད་མུག་འཁྲུག་རྩོད་མེད་པའི་སྨོན་ལམ་ཡག་པོ་དང་རྒྱ་ཆེན་པོ་རྟག་པར་བཏབ་ན། མདུན་གྱི་གནས་སྟངས་ལ་འགྱུར་བ་གཏོང་ཐུབ་ཀྱི་ཡོད་རེད་དམ་མ་རེད་ཅེས་པ་འདི་ལ་དགོངས་པ་བཞེས་དགོས། སྨོན་ལམ་ནི་སྨོན་པ་སེམས་བསྐྱེད་དང་རྗེས་སུ་མཐུན་པའི་འབྲས་བུ་ཁོ་ན་ལ་དམིགས་པ་ཅིག་ཡིན་པར་མཁྱེན་དགོས་ལ། སྨོན་ལམ་དེ་ཉིད་རང་ཡུལ་མི་ཡུལ་ཁམས་འདིར་མངོན་གྱུར་ཡོང་བ་ལ། ངེས་པར་དུ་དེའི་རྒྱུ་གང་ཡིན་ཤེས་པ་དང་། དེའི་བླང་དོར་གྱི་བྱ་བ་དངོས་ལ་འཇུག་དགོས་པ་དེ་རེད། དཔེར་ན་ནད་མེད་ཚེ་རིང་ཡོང་བར་ཤོག་ཅེས་གསོལ་སྨོན་གནང་བ་ཁོ་ནས་མི་ཡོང་བས། སྨོན་ལམ་འདེབས་པ་ཙམ་མ་ཟད། ལུས་ཁམས་བདེ་ཐང་ཡོང་ཐབས་ལ་འཕྲོད་བསྟེན་བྱ་ཤེས་དགོས་ལ། བཟའ་བཏུང་གནས་མལ་སོགས་ཕྱོགས་མང་པོ་དོ་སྣང་གཟབ་ནན་བྱ་རྒྱུ་དེ་གཙོ་བོ་ཡིན་པ་ལྟ་བུ་མ་ཡིན་ནམ། སློབ་དཔོན་ཞི་བ་ལྷའི་གསུང་རབ་ལ་སྤྱོད་སྨོན་ཞེས་མ་གསུངས་པར་སྤྱོད་པ་ལ་འཇུག་པ་ཞེས་བསྟན་མི་འདུག་གམ། དེས་ན་འཇུག་པ་སེམས་བསྐྱེད་དང་རྗེས་སུ་མཐུན་པར་སྨོན་ལམ་འགྲུབ་པའི་རྒྱུ་ལ་བསླབ་ཤེས་དགོས་པ་ནི་གཙོ་གནད་ཡིན་ཏེ། གོ་ལ་འདིའི་ཐོག་ལ་དཀའ་ལས་མ་བརྒྱབ་པའི་འབྲས་བུའམ། རྒྱུ་མེད་པའི་འབྲས་བུ་ཅིག་མི་སྲིད་པའི་གནས་ལུགས་ཀྱིས་གསལ་བཤད་གནང་ཡོད་དོ། །

གནད་འདི་ལ་དགོངས་ཏེ་འབྲུག་ཆེན་པད་དཀར་ཞབས་ཀྱི་སློབ་མ་མཉམ་མེད་ལྷ་རྩེ་བའི་རྣམ་ཐར་དེབ་ངོས་༠༢ལས། སྨད་སོག་ལྷགས་པའི་འཇིགས་འུར་ཞོགས་ཤིན་ཏུ་ཆེ་བར་བྱུང་སྐབས་བཀའ་ལས། ཆོས་པ་ཀུན་གྱིས། འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང་། །བདེ་ལེགས་ཐམས་ཅད་འགྲུབ་པ་དང་།།ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །སོགས་ཀྱི་སྨོན་ལམ་མཛད་ཀྱང་། བསམ་སྦྱོར་ལེགས་སྤེལ་བའི་འདུན་པ་ཙམ་མ་གཏོགས། འཇིག་རྟེན་བདེ་བ་དང་ལོ་ལེགས་པའི་ཁག་ཆོས་པས་ཅི་ཐེག  ད་ལམ་ཡང་ཧོར་སོག་བཟློག་པའི་ཁག་མི་ཐེག་ཀྱང་། དཀོན་མཆོག་ལ་བློ་བཀལ་བའི་སྨོན་ལམ་བྱེད་པའི་དབང་ཡོང་བས་ཐམས་ཅད་ཀྱིས་འབུངས་ལ་འཐོན་ཅིག་གསུང་། སྨོན་ལམ་ཤོ་ལོ་ཀ་གསུམ་མཛད། ཅེས་གསལ་བ་འདི་ལ་བསམ་གཞིགས་བྱས་ན་གོ་རྒྱུ་བཟང་། །

དེས་ན་རང་ཅག་གི་སློབ་སྟོན་པ་རྣམ་པས་མང་ཚོགས་ལ་ཕྱོགས་གཅིག་ན་སྨོན་ལམ་རླབས་པོ་ཆེ་རྣམས་འདེབས་དགོས་ལ། ཕྱོགས་གཅིག་ན་སྨོན་ལམ་དེ་ཉིད་འགྲུབ་པའི་རྒྱུ་ལ་ད་ལྟ་ཉིད་དུ་འབད་དགོས་པའི་སློབ་སྟོན་གནང་རྒྱུ་གལ་འགང་ཧ་ཅང་ཆེ་སྟེ། དད་ལྡན་ཕལ་མོ་ཆེས་སྨོན་འཇུག་གི་ལམ་རིམ་གསལ་པོར་མི་ཤེས་པས་སྨོན་ལམ་བཏབ་པ་ཁོ་ནས་འགྲིག་པའི་འདུ་ཤེས་སྲ་བརྟན་ཚུགས་ཡོད་པ་འདི་མཁྱེན་དགོས་པར་སྣང་། དཔེར་ན་ཕྱོགས་གཅིག་ནས་ཚེ་རིང་ནད་མེད། བྱ་བ་ལམ་འགྲོའི་སྨོན་ལམ་འདེབས་དགོས་ལ། ཕྱོགས་གཅིག་ན་བཟའ་བཏུང་སོགས་བདེ་ཐང་གི་ཤེས་བྱ་དང་འཕྲོད་བསྟེན་དང་འགྲིམ་འགྲུལ་སོགས་བྱ་སྤྱོད་ཀུན་ལ་བླང་དོར་མ་འཆུགས་པ་མ་བྱས་ན་མངོན་འགྱུར་མི་ཡོང་བའི་གནས་ལུགས་ཀྱིས་ར་འཕྲོད་པ་ལྟ་བུ་ཡིན་ནོ། །དེས་ན་རང་རེས་ཁ་ནས་འགྲོ་བ་རིགས་དྲུག་ཐམས་ཅད་ལ་བདེ་སྐྱིད་ཡོང་བར་ཤོག ཛམ་གླིང་ཞི་བདེ་ཡོང་བར་ཤོག ནད་མུག་འཁྲུག་རྩོད་མི་ཡོང་བར་ཤོག་ཅེས་སྨོན་ལམ་རླབས་ཆེན་རྒྱུན་དུ་འདེབས་པ་དང་ཆབས་ཅིག ལག་ནས་ཀྱང་གོང་གསལ་དེ་དོན་འགྲུབ་པའི་རྒྱུ་ལ་ཚང་མས་འབད་ན་འབྲས་བུ་ཐོབ་རྒྱུ་ནི་ཆོས་ཉིད་ཀྱི་གནས་ལུགས་ཡིན་ཏེ། ད་ཡོད་མིའི་རིགས་ཀྱི་འཚོ་གནས་ཀྱི་ཡོ་བྱད་དང་ཁོར་ཡུག སློབ་གསོ། སྒྲིག་གཞི་ལམ་ལུགས། ཁྲིམས་སྲོལ་ཁྲིམས་སྐྱོང་སོགས་དཔལ་ཡོན་ཡོད་དོ་ཅོག་མིའི་རིགས་ཀྱི་འབད་རྩོལ་ལས་བྱུང་བ་ཤ་དག་ཡིན་པས། མྱེས་པོ་རྣམས་ཀྱིས་སྨོན་ལབ་བཏབ་པ་ཁོ་ན་ལས་བྱུང་བ་ཅིག་མ་ཡིན་པའི་ཕྱིར་རོ། །

དེས་ན་སྨོན་ལམ་རྒྱ་ཆེན་པོ་འདེབས་པ་ནི་བློ་སྦྱོང་ཡིན་པར་གསུངས་ན། བྱ་སྤྱོད་དངོས་ལ་མི་གཞི་ཡག་པོ་དང་དྲང་བདེན། དྲང་བཞག ལྷག་བསམ་ཅན་དུ་ཅི་ནུས་སུ་བསླབ་དགོས་པ་དང་།   ཆོས་དང་མ་འབྲེལ་བའི་མི་ཆོས་སློབ་གསོའི་དགོངས་པ་ལྟར་བྱམས་པའི་སེམས་དང་སྙིད་བརྩེའི་སེམས་ལ་བསླབ་རྒྱུ་གཙོ་བོ་དང་། མི་དང་མིའི་བར་ཡིད་ཆེས་དང་། ཕན་ཚུན་ཡིད་རྟོན། ཕན་ཚུན་རོགས་ཕན། ཡ་རབས་ཚུལ་ལྡན། གཞན་ལ་བསམ་ཤེས་ཐུབ་མཁན། སྤྱི་ཚོགས་ལ་གོ་ཆོད་པའི་མི་བུ། མི་ཚེ་དོན་ལྡན་ཅན་དང་རྣམ་དཔྱོད་ཅན་དང་གཞན་ཕན་ཅན་དུ་་བསླབ་དགོས་པ་དང་། དེ་ལྟར་བྱུང་ན་སྨོན་པ་དེ་ཉིད་མིག་ལམ་དུ་མངོན་གྱུར་ཡོང་བ་ཅིག་ཡོད་ཚུལ་གྱི་གནས་ལུགས་མང་ཙམ་གསུངས་ན་དགེ་མཚན་ཧ་ཅང་ཆེ་བར་མངོན་ནོ། །

དེ་བཞིན་བསྟན་པ་རྒྱས་པའི་སྨོན་ལམ་གང་མང་འདོན་དགོས་པ་གཞིར་བཅས། བྱ་བ་དངོས་ནི་བཤད་སྒྲུབ་ཀྱི་བྱ་བ་ཚགས་ཚུད་པོ་དང་ཤེས་ལྡན་མི་སྣ་མཁས་བཙུན་བཟང་མང་པོ་གསོ་སྐྱོང་བྱ་རྒྱུ་ལ་རག་ལས་ཡོད་དེ། གོང་མ་རྣམས་ཁམས་གསུམ་འཁོར་བ་སྟོངས་པའི་སྨོན་ལམ་རླབས་པོ་ཆེ་བཏབ་ཚོད་ལྟར་ན། འཁོར་བ་ཡོངས་སུ་སྟོངས་ཟིན་མོད། གོ་ལ་ཧྲིལ་པོའི་མིའི་རིགས་ཀུན་ནང་པ་བར་བཀོད་ཟིན་པ་ཡོད་དགོས་མོད། དོན་ལ་མི་འབོར་དུང་ཕྱུར་དོན་ལྔ་ལྷག་ཡོད་པ་ལས། དུང་ཕྱུར་བཞི་ཙམ་མ་གཏོགས་ནང་པ་ཆགས་མེད་ལ། སྔོན་ཨ་རབ་ཕལ་མོ་ཆེ་ནང་པ་ཡིན་ཀྱང་ད་ལྟ་ཨེ་སི་ལེམ་པར་དད་གུས་མཁན་དུ་གྱུར་ཟིན་པ་མངོན་སུམ་ཡིན་པ་འདིས། ཀུན་སློང་བཟང་པོ་ཡོད་པ་ཁོ་ནས་མི་ཆོག་པར་དངོས་སུ་ལས་ཀ་བྱ་དགོས་པ་གསལ་བཤད་བྱས་འདུག་སྙམ།

སློབ་དཔོན་ཞི་བ་ལྷས།  །ལུས་ཀྱིས་འདི་དག་སྤྱད་པར་བྱ། །ཚིག་ཙམ་བརྗོད་པས་ཅི་ལ་ཕན། །སྨན་དཔྱད་བཀླག་པ་ཙམ་གྱིས་ནི། །ནད་པ་དག་ལ་ཕན་འགྱུར་རམ། ཞེས་གདམས་པ་དང་ཆོས་རྗེ་ས་པན་གྱིས། རྒྱུ་འབྲས་བསླུ་བ་མེད་པ་འདི། །ཐམས་ཅད་མཁྱེན་པའི་ཁྱད་ཆོས་ཡིན། །ཞེས་གསུངས་པས་ན། རང་རེས་སྨོན་ལམ་ཡག་པོ་རྒྱུན་དུ་འདེབས་དགོས་ལ། སྨོན་ལམ་ལ་ཕྱོགས་བསྡོམས་གནང་སྟེ། མི་བུ་ཚད་ལྡན་ཡོང་བའི་སློབ་གསོ་དང་སྤྱི་ཕན་བྱ་བར་འགྲོ་སོང་བཏང་ཐུབ་ན་མིག་སྨན་མིག་ལ་ཕན་པ་ཅིག་ཡོང་ངེས་པ་ནི་མི་ཆོས་རིང་ལུགས་པ་དང་ཆོས་ལུགས་གཞན་པའི་བྱ་གཞག་གིས་ར་སྤྲོད་གནང་འདུག་སྙམ།

གཞན་དུ་ཞལ་ནས་སྨོན་ལམ་རླབས་པོ་ཆེ་འདོན་པ་གང་ཞིག  སྣ་འདུག་ཟེར་ས་མེད་པར་མེ་འབར་འཁྲུག་པ་ཤིན་ཏུ་འབར་མ་ལྟ་བུ་དང་། རང་ཆེ་འབྱིན་ཐབས་ཁོ་ནར་ལྷུང་བ་སྟེ།

གཞན་དོན་སྨིན་མ་གཟེངས་གཟེངས་དང་རང་དོན་ཁ་ཡོད་ལག་ཡོད་ཅེས་པའི་དཔེ་བཞིན་དུ་མ་གྱུར་གྲང་། བོད་ཀྱི་གཏམ་དཔེ་ལ་ཁ་སྟོང་པའི་སྨོན་ལམ་དང་ལག་སྟོང་པའི་ཕྱག་རྒྱ་ཞེས་གྲགས་པའི་ཕྱིར། བླ་མ་དམ་པའི་ཞལ་སྔ་ནས། བསྟན་པ་རིན་ཆེན་མཇལ་བའི་སྐལ་བཟང་དུས། །བསྟན་པ་ཚུལ་བཞིན་ཉམས་ལེན་རིང་དུ་འདོར། །སྐྱེ་བ་ཕྱི་མར་མཇལ་བའི་སྨོན་ལམ་འདེབས། །སྐྱེ་བོ་དེ་རིགས་ངག་ལ་གཏད་ཡོད་དམ། །ཞེས་པ་ལྟར་མི་འགྱུར་རམ་སྙམ་མོ། །

དེ་ཡང་རྗེ་བཙུན་མིད་ལ་རས་པས། སྤྱི་པ་དང་བར་པ་གྲོས་འདེབས་གསུམ། །ཕྱོགས་རིས་ཟུག་རྔུ་སྐྱེ་བའི་རྒྱུ།།ཞེས་གསུངས་པ་བཞིན་དུ་དྲང་པོར་སྨྲས་ཀྱང་རྣ་བར་འགྲོ་བ་ཧ་ཅང་དཀའ་ལ། རང་ཅག་ནི་གནས་ལུགས་ལ་མི་རྟོན་པར་འུར་སྒྲ་ལ་རྟོན་པ། ཆོས་ལ་མི་རྟོན་གང་ཟག་ལ་རྟོན་པའི་རིགས་ཅན་ཡིན་པའི་ཕྱིར། འདིར་རང་རེའི་འདི་ཕྱིའི་ལམ་སྟོན་པ་རྣམ་པས་གོ་ལའི་ཐོག་གི་མིའི་རིགས་ཀྱི་དཔལ་ཡོན། སྲིད་འབྱོར་རིག་གསུམ་སྟོབས་འབྱོར་མངའ་ཐང་དང་སྔོན་ཐོན་དང་རྗེས་ལུས་ཞེས་པ་འདི་ཀུན་སྨོན་ལམ་ལ་རག་མ་ལུས་པར་མིའི་འབད་བརྩོན་ལས་བྱུང་བའི་གནས་ལུགས་གསོན་པོ་རྣམས་ལ་ཞིབ་གཟིགས་ཀྱིས་དད་ལྡན་རྣམས་སྨོན་ལམ་རླབས་ཆེན་བཏབ་པ་ཙམ་མ་ཟད། དེ་དོན་འགྲུབ་པའི་བྱ་བ་དངོས་ལ་ཆེ་ཐུབ་ཆུང་ཐུབ་ཀྱི་འབད་དགོས་པ་དང་། འབད་ན་ཚེ་འདི་རང་ལ་འབྲས་བུ་ཆེ་ཐོབ་ཆུང་ཐོབ་ཡོང་བའི་གནས་ལུགས་གསུང་ན་ཅི་མ་རུང་སྙམ་པས་བསམ་ཚུལ་ཙམ་གསོལ་བ་ལགས་སོ། །༢༠༢༢/༡༠/༢༣

 

བརྒྱུད་སྐུལ།

མཆན་སྤེལ།