དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ཆུ་ཤུར་རྫོང་གཞིས་དང་། ཁྲལ་འུ་ཁྲིམས་འགོ། ༢༽

དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ཆུ་ཤུར་རྫོང་གཞིས་དང་། ཁྲལ་འུ་ཁྲིམས་འགོ། ༢༽

ལེ་ཚན་གཉིས་པ། རྫོང་གཞིས་འགྲོ་སྟངས་དང་། ཁྲལ་འུ་ཁྲིམས་འགོ།

དང་པོ། རྫོང་གཞིས་འགྲོ་སྟངས།

 

ཆུ་ཤུར་རྫོང་ནི་གོང་བརྗོད་ལྟར་ཆུ་ཤུར་གྲོང་རྡལ་གྱི་ནུབ་ངོས་རི་སྣར་ཡོད་ཅིང་། རི་སྣ་དེའི་ལྷོ་ནུབ་ངོས་སུ་རྫོང་མཁར་ནས་གཙང་པོའི་འགྲམ་བར་འགྲོ་ལམ་དོང་ལམ་ཞིག་ཡོད་པ་སྔོན་དུས་དམག་འཁྲུག་སོགས་ཀྱི་སྐབས་ཆུ་ལེན་ས་ཡིན་སྐད། རྫོང་མཁར་དེ་ཞིག་རལ་ལ་སོང་ནས་ཁང་པ་བེད་སྤྱོད་ཡོད་པ་མེད་ཀྱང་།

མང་ཚོགས་ཀྱི་ཤོད་རྒྱུན་དུ་རྫོང་མཁར་གྱི་རྡོ་གཅལ་འོག་ནས་གཙང་པོའི་ཁ་བར་འགྲོ་ལམ་ཡོད་པའི་ཤོད་རྒྱུན་ཡོད། ཕྱི་ལོ་ ༡༩༨༦ ལོར་གཞུང་ལམ་བཟོ་སྐབས་རི་ངོས་ཀྱི་དོང་ལམ་དེ་དོན་པ་དང་། དོང་ལམ་ནང་རྡོ་སྐས་དང་རྩིག་སྡེབས་སུ་ཞུ་མར་བཞག་ཤུལ་སོགས་འདུག་ཀྱང་། སྤྱི་ཁྲེ་བཅུ་སྐོར་དོང་སྡིབས་ནས་འགྲོ་ས་མི་འདུག ཆུ་ཤུར་བྱམས་ཁང་ཞེས་པའི་ལྷ་ཁང་དེ་སྔ་དུས་རྫོང་མཁར་ཡོད་པའི་རི་རྩེ་དེར་ཡོད་པ་ནས། རྗེས་སུ་རི་ལྡེབས་སུ་སྤོས་སྐད། རྫོང་མཁར་གྱི་གྱང་རོ་དེ་རིག་གནས་གསར་བརྗེའི་སྐབས་གཏོར་བ་རེད་ཟེར།[1] ཆུ་ཤུལ་རྫོང་གི་སྲིད་འཛིན་སྒྲིག་གཞིའི་ཐད་རྫོང་སྡོད་རིམ་པ་དྲུག་པའི་ཤོད་དྲུང་གཅིག་སྐྱ་བོ་གཅིག་གི་འགྲོ་ཁུངས་ཡིན་ཀྱང་། ཕྱི་ལོ་ ༡༩༥༤ ནས་རྫོང་སྡོད་སྐྱ་སེར་དབྱེར་མེད་བཟོས།[2] ཅེས་གསལ། རྫོང་སྡོད་ལས་རོགས་ལས་དྲུང་མི་གཅིག གཞུང་སྒེར་ཆོས་གསུམ་གྱི་གཙོ་དྲག་ཁོངས་ནས་ཀན་གྲོང་དང་། ཆུ་སྦུག བཀྲ་ཤིས་རྩེའི་བུ་རམ་ཆུ་འགོ་གསུམ་གཏན་འཇགས་བརྒྱ་མཚོ་རྒན་པོ། ཞོལ་པ་ཐེམ་དུད་ལྔས་བཙུགས་པའི་རྒན་པོ་མི་གཅིག ལས་པ་ཞེས་ཞོལ་པ་ཐེམ་དུས་ལྔ་ནས་མི་རེ་འཛུགས་སྲོལ་དང་། གཞན་ཡང་གྲོང་ཚོ་སོ་སོར་རྒན་པོ་རེ་བསྐོ་སྲོལ་འདུག[3] རྫོང་དཔོན་གྱི་ལས་འགན་གཙོ་བོ་ནི་གཏན་འབེབས་ལྟར་གྱི་གཞུལ་ཁྲལ་བསྡུ་རྒྱུ་དང་། རྩེ་ཤོད་བཀའ་ཤག་སོགས་གོང་རིམ་གྱི་བཀའ་རྒྱ་བརྒྱུད་བསྒྲགས་དང་། ལག་བསྟར་བྱ་རྒྱུ། ལོ་རེའི་ཁྲལ་བསྡུའི་ཡོང་འབབ་རྣམས་གཞུང་རྩིས་ཞུ་རྒྱུ། རང་ཁོངས་སུ་ཁྲིམས་འདོམས་བྱས་ཏེ་གྱོད་དོན་ཐག་གཅོད་ཐུབ་རིགས་ཐག་གཅོད་དང་། རང་གི་དབང་ཚད་ལས་བརྒལ་རིགས་བཀའ་ཤག་ལ་སྙན་སེང་གིས་ཐག་གཅོད་ཡོང་བ་ཞུ་དགོས་པ་སོགས་ཡིན། ཞོལ་པ་ལྔས་བཙུགས་པའི་རྒན་པོའི་ལས་འགན་ནི་རྫོང་གི་སྐུལ་ཐམ་(བཀའ་བཏང་བའི་ཡི་གེ)སྐྱེལ་བར་འགྲོ་རྒྱུ་དང་། རྫོང་དུ་ཚོགས་འདུ་ཡོད་དུས་ཚོགས་བརྡ་གཏོང་རྒྱུ་སོགས་ཡིན། ལས་པས་ནི་རྫོང་ཁང་ནང་གི་ལས་ཀ་ཙག་ཙིག་རྣམས་བྱེད་དགོས། གྲོང་ཚོ་སོ་སོའི་རྒན་པོས་སོ་སོའི་ས་ཁོངས་སུ་ལན་བརྡ་སྐྱེལ་རྒྱུ་དང་། རྟ་ཁལ་གཏོང་སྐྱེལ། ཁྲལ་འུལ་སྒྲུབ་རྒྱུ་ཆ་བགོས་སོགས་བྱེད་དགོས་བཅས་སོ།

ད་ལྟའི་ཆུ་ཤུར་རྫོང་ཁོངས་སུ་ཡོད་པའི་འཇང་དང་། གནམ། མཉེས་ཐང་སེར་ཁང་གཞིས། རྣམ་རྒྱལ་སྒང་། ཤེལ་གྲོང་བཅས་ནི་དེ་སྔའི་བོད་ཞོལ་པ་ལས་ཁུངས་ཀྱི་ཁོངས་གཏོགས་ཞོལ་འོག་རྫོང་གཞིས་བཅོ་བརྒྱད་ཅེས་པའི་གྲས་ཡིན། འཇང་ཞེས་པར་ཡིག་ཆ་འགའ་ཞིག་ནང་ལྗང་ཞེས་འབྲིས་འདུག དཔེར་ན། བོད་གཞུང་རྩ་འཛིན་《བཀའ་ཤག་རྒྱ་དེབ་》དང་《ལྕགས་སྟག་ཞིབ་གཞུང་》ནང་། ལྗང་ཞེས་འཁོད་པ་དང་། དུས་རྒྱུན་ཕལ་ཆེ་བས་འཇང་ཞེས་འབྲི་སྲོལ་འདུག 《བཀའ་ཤག་རྒྱ་དེབ་》ནང་ལྗང་གཞིས་སྡོད་སེར་མོ་བའི་འགྲོ་ཁུངས་གཅིག ལྷ་ས་ནས་ལེ་དབར་ ༡༠༠ ཞེས་འཁོད། གནམ་དང་། མཉེས་ཐང་། རྣམ་རྒྱལ་སྒང་། ཤེལ་གྲོང་བཅས་ཞོལ་འོག་རྫོང་གཞིས་བཅོ་བརྒྱད་ཀྱི་ཁོངས་རྣམས་ལ་གཞིས་སྡོད་གཞུང་ཞབས་སེར་སྐྱ་གང་ཡིན་རེ་བསྐོ་གཏོང་བྱེད་སྲོལ་འདུག་ཀྱང་། ཕྱིས་སུ་འཇང་མ་གཏོགས་གནམ་སྡེ་དཔོན་རྡོ་རིང་དང་། རྣམ་རྒྱལ་སྒང་ཚེ་སྨོན་གླིང་བླ་བྲང་ལ་བདག་པ་དང་། མཉེས་ཐང་སེ་ཁང་དང་། ཤེལ་གྲོང་ལ་གཞིས་སྡོད་མིང་འཛིན་གཞུང་ཞབས་རེ་ཡོད་རུང་འཆར་ཅན་གཏན་འབེབས་ཀྱི་གཞུང་ཁྲལ་འཇལ་དགོས་རྣམས་གཞུང་རྩིས་ཞུ་རྒྱུ་མ་གཏོགས་དུས་རྒྱུན་གཞིས་སྡོད་མིང་འཛིན་སོ་སོས་ངོ་ཤེས་ལ་བོགས་མ་གཏོང་གི་ཡོད། མཉེས་ཐང་སེ་ཁང་གཞིས་ཕྱི་ལོ་ ༡༩༥༨ ལོ་བོད་གཞུང་ནས་ཁྲི་བྱང་བླ་བྲང་ཡོངས་འཛིན་གྱི་ལེགས་འབུལ་དུ་སྦྱར།[4] ཞེས་འབྱུང་།

 

གཉིས་པ། ཁྲལ་འུ་ཁྲིམས་འགོ།

 

ཆུ་ཤུར་ས་ཁོངས་ཀྱི་ཡུལ་མི་རྣམས་ཀྱང་བོད་ཀྱི་ས་ཁུལ་གཞན་དང་འདྲ་བར། རི་ཀླུང་རྩ་ཆུ་ཤིང་གསུམ་དང་། ས་མི་ཕྱུགས་གསུམ་ཚང་མ་གཞུང་སྒེར་ཆོས་གསུམ་ལ་དབང་ཞིང་། ལུང་ཚན་དང་གྲོང་ཚོ་སོ་སོའི་བདག་དབང་དཔོན་ཁུངས་རེས་གནང་སྲོལ་ཡོད། དེས་ན་ཆུ་ཤུར་ཁུལ་དེ་ལའང་ཕྱི་ཁྲལ་ཞེས་གཞུང་ཁྲལ་དང་། ནང་ཁྲལ་ཞེས་དཔོན་ཁུངས་སོ་སོའི་ཁྲལ་འཇལ་དགོས། དེ་ཡང་། ཕྱི་ཁྲལ་ལ་ཞི་དྲག་རྐང་འགྲོ་ལག་དོན་ཞེས་གཙོ་བོ་རྒྱ་ཤིང་བརྔོད་གསུམ་སྟེ། རྒྱ་ནི་དེ་སྔ་ཆིང་རྒྱལ་རབས་ཀྱི་བོད་བཞུགས་ཨམ་བན་དཔོན་དམག་གི་དགོས་མཁོར་དམིགས་པའི་རྒྱ་ཁྱབ་རྫོང་གཞིས་ཁག་ནས་རྒྱ་འབྲུ་དང་། རྒྱ་གསོས་ཞེས་འབྲུ་སོགས་བསྡུ་གཏོང་ལམ་སྲོལ་གྱི་ཁྲལ་འབབ་དང་། ཤིང་ཞེས་པ་གཙོ་བོ་རྩེ་གསོལ་ཐབས་ཡས་མས་ཀྱི་འབུད་ཤིང་སོགས་འཆར་ཅན་དང་། འཕར་མ་གང་དགོས་ཀྱི་འབུད་ཤིང་གི་དམིགས་སྒོར་རྒྱ་ཁྱབ་རྫོང་གཞིས་ཁག་ནས་འབུད་ཤིང་དངོས་སམ། ཤིང་དོད་དངུལ་འབབ་བསྡུ་གཏོང་བྱེད་པ་དེ་ཤིང་གཉེར་ནས་དོ་དམ་བསྡུ་ལེན་བྱེད་སྲོལ་དང་། བརྔོས་ཞེས་པ་ལྷ་སའི་སྨོན་ལམ་ཆེ་མོའི་སྐབས་གྲྭ་འགྱེད་རྩམ་པ་བསྡུ་གཏོང་བྱེད་པ་བཅས་ཡིན།

དྲག་ཅེས་པ་དམག་ཁྲལ་ཡིན། ཆུ་ཤུར་རྫོང་ཁོངས་ནས་དམག་རྟེན་ས་ཞིང་སྟེ་དམག་རྐང་ཡོད་པའི་གཞུང་སྒེར་ཆོས་གསུམ་ཁོངས་གཏོགས་སུ་ཡིན་རུང་གཏན་འཁེལ་འཁྲི་ཆ་ལྟར་དམག་མི་གཏོང་དགོས་པ་དེ་དག་གི་དམག་གླ་དང་། ཕོགས་སྣོན། དབྱར་དགུན་གྱོན་དོད་སོགས་འཁྲི་འབབ་ཆེ་བ་ཡོད། རྐང་འགྲོ་ཞེས་པ་ནི་བོད་གཞུང་གི་དཔོན་རིགས་དང་། དམག་མི། གཞུང་དོན་དུ་ལམ་ཡིག་འཁྱེར་ནས་འགྲོ་བསྐྱོད་བྱེད་མཁན་ལ་མ་ཡིག་ནང་འཁོད་པའི་གྲངས་འབོར་ལྟར་བཞོན་རྟ་དང་ཁལ་མ་གཏོང་དགོས་པའི་ཐོག་ཞག་སྡོད་འཁེལ་ཡུལ་(ལྷ་ས་ནས་ཡོང་མཁན་ཡིན་ན་མཉེས་ཐང་དང་། ཆུ་ཤུར། གཙང་ནས་ཡོང་མཁན་ཡིན་ཆུ་ཤུར་དང་། མཉེས་ཐང་)ལ་གོ་གནས་ལ་གཞིགས་པའི་ཐོབ་ཐང་གཏན་འབེབ་ལྟར་གྱི་གདན་ལྕོག་སོགས་གྲ་སྒྲིག་བྱེད་དགོས་ཐོག་རྟ་གཡོག་དང་། ཐབ་གཡོག་མི་རེ་གཏོང་རྒྱུ་སོགས་ལམ་ཡིག་ནང་གསལ་བཞིན་གཏོང་དགོས། ལག་འདོན་ཞེས་པ་ནི་བོད་གཞུང་འབབ་ཞིབ་ལས་ཁུངས་སོགས་ནས་ས་ཞིང་ཞིབ་བཤེར་གྱིས་ཁྲལ་བསྡུ་གཏན་འབེབ་བྱས་པའི་འབྲུ་འབབ་དང་། གཞུང་གཞིས་ཁག་གི་འབྲུ་བོགས། གཞུང་རུའི་ཤེ་མར་སྤྲོད་འཇལ། དེ་བཞིན་ས་གནས་སུ་རྫོང་དཔོན་གསར་འབྱོར་ལ་མཇལ་ཞུ་འབུལ་རྟེན་སོགས་འབྲུ་དངུལ་བསྡུ་སྒྲུབ་དགོས་རིགས་ལ་ཟེར།

ཆུ་ཤུར་ཁུལ་དུ་འཁྲི་བའི་དམིགས་བསལ་གཞུང་ཁྲལ་ནི། རྡེལ་རྩིས་གཏོང་བྱེད་ཀྱི་ཁམ་རྩིས་དང་། རྒྱ་སྲན་ཁལ་བཅུ་སྐོར་རེ་བོད་གཞུང་རྩིས་ཁང་ལས་ཁུངས་སུ་སྐྱེལ་དགོས་པ་དང་། ཆོས་འཁོར་ཡང་རྩེ་དགོན་ན་བུད་ཏི་ཙིའི་ཕྲེང་བ་དང་། ལོ་གསུམ་ཁམ་བུ། ཐར་པ་གླིང་དགོན་ནས་ཁམ་བུ་སོས་པ་རྩེ་གཟིམ་ཆུང་འགག་དང་། ཡིག་ཚང་ལས་ཁུངས་སུ་འབུལ་དགོས་པ། ཆུ་ཤུར་དང་། ཟས། འཇང་སྟོད་སྨད་བཅས་ནས་སྤྱིར་བཏང་མིན་པའི་གྲོ་རྒྱགས་ལ་སྤུས་ཀ་དག་པོ་ཞིག་ཐོན་གྱི་ཡོད་སྟབས་ལྗགས་གྲོ་ཞེས་ལོ་རེ་གྲོ་ཁལ་ཆིག་སྟོང་སྐོར་རེ་ལྷ་སར་ཞོལ་པ་ལས་ཁུངས་ལ་སྐྱེལ་དགོས་པ། ས་སྨད་ཁུལ་ནས་རྩེ་ཕོ་བྲང་སོགས་ཀྱི་ཨར་ལས་ལ་དགོས་མཁོའི་རྡོ་ནག་ཁལ་བཅུ་གསུམ་ཙམ་ལོ་རེ་ལྷ་སར་ཨར་པོའི་ལས་ཁུངས་སུ་འཇལ་དགོས་པ་བཅས་ཡིན།[5] ནང་ཁྲལ་ལམ་སྒེར་ཁྲལ་ནི་རང་ཁོངས་དཔོན་རིགས་ཀྱི་ས་ཞིང་འདེབས་བསྡུ་དང་། བོགས་མ། ཤེ་མར་སོགས་འཇལ་སྤྲོད་ཐོག  དེ་མིན་ཁྲལ་འུལ་སོགས་སྣ་ཚོགས་ཡོད། དཔེར་ན། འཇུག་པ་གྲོང་ཚོར་ཕྱི་ཁྲལ་ཐད་ཞོལ་འོག་རྫོང་གཞིས་བཅོ་བརྒྱད་ཁོངས་སུ་ཤེལ་གྲོང་གཞིས་སྡོད་ཀྱི་འོག་རྟ་ཁལ་འཁྲི་ཆ་སོགས་སྤྱི་མཚུངས་རྒྱུག་རྒྱུ་དང་། ཤེལ་གྲོང་འབྲོང་རྩེ་ཀྱི་འབྲོང་གཡག་འཁྲབ་མཁན་ལ་འཁྲབ་ཆས་ཀྱི་སྤུ་རལ་ལོ་ལྟར་སྐྱེལ་དགོས་ཐོག ནང་ཁྲལ་འབྲས་སྤུངས་སྤྱི་བསོར་ལག་ཁྲལ་ལོ་ལྟར་སྲིན་པོ་རི་པ་(ལྷོ་ཁ་གོང་དཀར་རྫོང་ཁངས་)དང་མཉམ་དུ་གྲྭ་ལྷམ་ཤ་ཟོན་ཆ་བརྒྱ་དང་། གླ་སྤུའི་འབོལ་གདན་ཆེ་བ་ཆ་དྲུག་ཅུ་རེ། ཀོ་བའི་རྩ་འབོལ་ཆ་བཅུ་གྲངས་ཁ་ཤས་བཅས་སྐྱེལ་དགོས་པར་གླ་སྤུའི་འབོལ་གདན་གྱི་ཕྱི་བཏུམས་རས་འབྲས་སྤུངས་སྤྱི་བསོ་རང་ནས་སྤྲོད་པ་ལས་ནང་རྒྱོངས་གླ་སྤུ་དང་། འཚེམས་སྐུད། ཀོ་འབོལ་བཟོ་བྱེད་ཀྱི་ཀོ་བ་དང་། ནང་རྒྱོངས་གཟན་རྩ། ལྷམ་རྒྱུའི་ཀོ་པགས་སོགས་ལས་མི་སོ་སོས་གཏོང་དགོས་པ་ནི་ཁ་རྒྱུན་དུ། བཟོ་གླ་མེད། སྐུད་པ་ལག་འདོན། ཟེར་བ་དེ་བདེན་པར་རང་ཡིན། འབྲས་སྤུངས་སྤྱི་བསོ་ནས་ལོ་རེའི་ལག་ཁྲལ་དེར་འབོལ་གདན་ཆ་རེར་དངུལ་ཞོ་གསུམ་དང་། ལྷམ་ཤ་ཟོན་ཆ་རེར་དངུལ་ཞོ་གང་རེ་ལས་སྤྲོད་སྲོལ་མེད། མི་སེར་རྣམས་ཁྲལ་འུལ་གྱིས་དཀའ་སྡུག་ཤིན་ཏུ་ཆེ་བ་སྟབས་ཡུལ་གྱར་དུ་འགྲོ་དགོས་པ་དང་། དུས་མིན་འཆི་རྐྱེན་སོགས་ཧ་ཅང་མང་པོ་ཡོད། བོད་གཞུང་གི་རི་ཀླུང་རྩ་ཚིགས་ནང་རི་དྭགས་རྔོན་མི་ཆོག་པ་ནན་བཤད་བྱས་ཀྱང་། གླ་སྤུའི་ཁྲལ་སྐྱེལ་བསྡུའཆར་ཅན་ཆད་མེད་དགོས་པ་སོགས་ཡ་མཚན་ཅན་གྱི་བྱེད་སྲོལ་མང་པོ་ཡོད།[6]

ཆུ་ཤུར་རྫོང་ཁོངས་སུ་སྒེར་པ་སུ་དང་སུའི་མ་གཞི་སདང་གཞིས་ལག་ཡོད་པ་དང་། མ་གཞིས་ཆེ་ཤོས་སུ་ཡིན་བཅས་ནི། ཁུལ་དེར་སྒེར་པ་མ་གཞིས་ཡོད་པ་ཞྭ་སྒབ་པ་དང་། སྟག་ན། ཡོལ་རི་ཀོང་། བཀྲས་གླིང་(བོལ་སྡེ་དཔལ་གླིང་)། བདེ་སྐྱིད་གླིང་(རྩེ་དྲུང་ལྕང་མ་ཁང་གསར་)བཅས་ལྔ་དང་། མ་གཞིས་ས་གནས་གཞན་ལ་ཡོད་ཀྱང་ཆུ་ཤུར་རྫོང་ཁོངས་སུ་གཞིས་ལག་ཡོད་གྲས་ཞོལ་ཁང་དང་། ཁེ་སྨད། རྡོ་རིང་བཅས་ཡོད་ཅིང་། དེའི་ནང་ནས་སྡེ་དཔོན་རྡོ་རིང་པས་ཞོལ་འོག་རྫོང་གཞིས་བཅོ་བརྒྱད་གྲས་ཀྱི་གནམ་གཤིས་སྡོད་ཁ་འཛིན་བྱེད་ཀྱི་ཡོད་པ་རེད། གོང་གསལ་སྒེར་པ་མ་གཞིས་ཡོད་ཁོངས་ནས་འཛིན་ཁོངས་རྒྱ་ཁྱོན་ཆེ་ཤོས་ནི་སྒེར་ཞྭ་སྒབ་པ་ཡིན་འདུག་ཀྱང་། ཞྭ་སྒབ་པའི་ཤེ་བམ་སོགས་ལག་སོན་མཐོང་ལམ་དུ་མ་གྱུར་སྟབས། ཞྭ་སྒབ་པའི་ལོ་རྒྱུས་ཞིབ་གསལ་འབྲིར་མ་སྤོབས་ཤིང་། ཉེ་རབས་ཀྱི་གནས་ཚུལ་སྐོར་དེ་སྔོན་ཞྭ་སྒབ་གཞིས་ཀའི་གཞིས་སྡོད་བྱེད་མྱོང་བའི་བགྲེས་སོང་ཞིག་གིས་གསུངས་གསལ་ས་སྨད་ཤང་ཁོངས་དེ་སྔའི་སྒེར་ཞྭ་སྒབ་པའི་མ་གཞིས་སུ་ནང་རྐང་བཅུ་དང་དམག་རྐང་གཅིག་ལ་ས་ཞིང་སོན་ཁལ་སུམ་བརྒྱ་དྲུག་ཅུ་སྐོར། གཞིས་ཀར་རྒྱུན་ཉར་རྨོད་མཛོ་ཉི་ཤུ་རྩ་གཉིས། རྟ་དྲེལ་ལྔ་བཅུ་ང་བཞི་ཡོད་པའི་ནང་བཞོན་དྲེལ་དྲུག་འཕན་པོ་དང་སྟོད་ལུང་། མཁར་ལམ་བཅས་སུ་རུ་བ་ཁག་གསུམ་ཡོད་པ་ནས་སྟོད་ལུང་དང་། མཁར་ལམ་གཉིས་ཀྱི་འབྲོག་རུར་འབྲི་གཡག་བརྒྱ་སྐོར་རེ། མི་སེར་ཐེམ་གྲངས་བཅུ་གཉིས་དང་། དུད་ཆུང་བཞི་ཡོད་པ་ནས་མི་སེར་ཐེམ་གྲངས་བཅུ་གཉིས་ནས་རྒྱུན་དུ་གཞིས་ཀར་མི་གཉིས་རེ་ཁྲལ་རྒྱུག་པར་འགྲོ་དགོས།

གཞིས་ཀ་ནས་ཉིན་རེ་མི་རེར་སྐམ་ལྟོ་ཙམ་པ་བྲེ་གང་དང་རློན་བསྟེར། སྟོན་དུས་ཉིན་ལྔ་དྲུག་བར་ཐེམ་པ་རེ་ནས་མི་གསུམ་རེ་སྐུལ་ལམ། ཆུ་ཤུར་རྫོང་གི་རྟ་ཁལ་ལམ་ཐོག་ས་ཚིགས་སྤྱི་མཚུངས་འཁྲི་བ་རྒྱུན་དུ་རྒྱུག་མཁན་འཛེམས་སད་ཁང་ཞེས་པའི་ཁྱིམ་ཚང་གླས་པའི་གླ་འབབ་མི་སེར་ཐེམ་དུད་བཅུ་གཉིས་ནས་སྒྲུབ་དགོས་པ་ཡིན་འདུག ཞྭ་སྒབ་པའི་མི་ངོ་རྣམས་ལྷ་སར་གཏན་སྡོད་ཀྱིས་ཞྭ་སྒབ་གཞིས་སུ་གཞིས་སྡོད་ཞིག་འཇོག་པ་དེས་དུས་རྒྱུན་གཞིས་ཀའི་སྟོན་དཔྱིད་འདེབས་བསྡུ་དང་། ཆུ་ཤུར་རྫོང་དུ་ཚོགས་འདུར་འགྲོ་རྒྱུ། གཞིས་ཀ་ནས་ལྷ་སར་སྦྱིན་བདག་རྣམས་ལ་ཉེ་མཁོ་གཏོང་རྒྱུ། གཞིས་ཀའི་ལོ་འཁོར་གྱི་བྱུང་སོང་སྦྱིན་བདག་ལ་རྩིས་ཞུ་བྱ་རྒྱུ། དེ་མིན་གཞིས་ཀའི་འཆར་ཅན་གྱི་བྱེད་སྒོ་རྣམས་བཀོད་སྒྲིག་བྱེད་རྒྱུ་སོགས་ཡིན། རྒྱུན་དུ་གཞིས་ཀར་གཏན་སྡོད་ནང་གཟན་དང་གཡོར་པ་རེ་གཉིས་ཡོད་འདུག ཞྭ་སྒབ་ཀྱི་མི་ངོ་རྣམས་འཚམས་རེ་ལྷ་ས་ནས་གཞིས་བསྐོར་ལ་ཡངོ་ནས་ཟླ་བ་རེ་གཉིས་སྡོད་ཅིང་། མི་ངོ་ཐ་མ་བློ་གསལ་དོན་གྲུབ་ཀྱིས་དེ་སྔའི་བོད་གཞུང་གི་བོད་དམག་ཇ་དང་མདའ་དཔོན་དང་རྗེས་སུ་རིམ་བཞིའི་གོ་གནས་ཐོག་༸གོང་ས་མཆོག་གི་ཕེབས་བྱམས་འགོ་པ་བྱས། དེའི་གཅུང་པོ་དབང་ཕྱུག་བདེ་ལྡན་གྱིས་རིམ་བཞིའི་གོ་གནས་ཐོག་བོད་གཞུང་གི་རྩིས་དཔོན་གནང་ཡོད།[7]

ལེ་ཚན་གསུམ་པ། གཞུང་སྒེར་ཆོས་གསུམ་གྱི་ས་ཞིང་བདག་ཐོབ།

ཆུ་ཤུར་རྫོང་ཁོངས་སུ་གཞུང་སྒེར་ཆོས་གསུམ་གྱི་ས་ཞིང་བདག་ཐོབ་ཐད། ཕྱི་ལོ་ ༡༨༣༠ ལོར་གཏན་ལ་ཕབ་པའི་《ལྕགས་སྟག་ཞིབ་གཞུང་》ནང་གསལ་ལྟར་ན། ཆུ་ཤུར་ཁུལ་དུ་མཆོད་གཞིས་འདོན་ཕྱེད་བརྒྱད་ཅུ་གྱ་གཉིས་དང་བཞི་ཆ་གཅིག སྒེར་པ་བཞི་བཅུ་ཞེ་བདུན་དང་བཞི་ཆ་གཅིག གཞུང་རྒྱུག་རྐང་བརྒྱ་དང་ལྔ་བཅུ་ང་བདུན་དང་ལྔ་ཆ་གཅིག་བཅས་ཡོད།[8] མཉེས་ཐང་ཁུལ་ཤེལ་གྲོང་ཁུལ་གྱི་རྐང་འགྲོ་ལག་འདོན་ཇི་ཡིན་ཞོལ་འོག་པའམ་པོ་ཏཱ་ལ་ཞོལ་འོག་ལྷོ་བྱང་གི་གཞུང་རྒྱུག་ཞིབ་གཞུང་ཐོག་ཚུད་ཡོད། ཁུལ་དེར་གཞུང་རྒྱུགས་པ་ནི་ཆུ་ཤུར་ཞོལ་དང་། གླང་ར། ཕོ་མོ། བར་སྟོད། བསམ་མཁར། གཞིས་ཀ་ནང་། མཁར་བྱང་། བཀྲ་ཤིས་རྩེ། ཛེམ། བོན་གྲོང་། མདའ་སྟོད། བྲུམ་པ་ཁོ་ཚང་། མ་ཏོག གོང་མག མདོ་སྨད་སྒང་། རྒྱང་མཁར། མདོ་སྒང་། གྲྭ་ཁང་ཤར། གཡའ་ར། སྦང་རྐྱང་། ཟུའུ་ར། མཁའ་ལམ། སྡིང་བྱང་། རྒྱལ་རྒན་པོ། སིང་མ། བསམ་གླིང་། ཚོགས་སྒང་། སེ་གླིང་སྐོར། རྒྱལ་ལོར། སྣ་རི་ཁུག འཇང་སྟོད། འཇང་སྨད། བཀྲིས་སྒང་། རྒྱ་རོང་། སེར་ཁང་། རྡོ་ར་གླིང་། གཡུ་ཐོག་གསར། གནས་གསར་སྐོར། རྡོ་ར་སོགས་དང་། སྒེར་པའི་གཞིས་ཁོངས་སྒེར་ཐང་དཀར་བའི་ཐང་དཀར་སྐོར་དང་། སྒེར་ལྕགས་སྤྲག་གི་བར་སྟོད། སྒེར་ར་ས་རྒྱ་རྒན་པའི་ཟམ་གདོང་སྐོར། ཡབ་གཞིས་ལྷ་ཀླུའི་ཟས་མོ་དང་དབུ་གཞིས། སྒེར་རྟ་མདོ་བའི་བཀྲ་ཤིས་རྩེ། ཡབ་གཞིས་ཕུན་ཁང་དང་། སྒེར་ཀླུ་ཁང་པའི་ཆ་དཀར་སྐོར། སྒེར་སྟག་སྣའི་འབྲས་བྱང་། སྒེར་འོད་སྦུག་རྒྱ་མཚོའི་ཐེལ་སྣ་དང་ཚ་རག སྒེར་ཕ་ལྷའི་ཕུན་ཚོགས་བདེ་ཆེན། སྒེར་ཞོལ་ཁང་པའི་ནང་འཁོར་དང་། འཕེལ་སྐྱིད། སྣེ་འོག སྡེ་དཔོན་ཐོན་པའི་སིང་མ། སྒེར་ཡོལ་རི་བོང་བའི་ཡོལ་རི་བོང་། སྒེར་བཤད་ཟུར་གྱི་སྦྱིན་དར་དང་ཆུ་བཟང་། སྒེར་ཧོར་ཁང་གི་ཞལ་ལྔ་དང་། ཧོར་ཁང་། ཞུར། སྒེར་ཐོན་པའི་སྡེ་གསལ་དང་། འཕྲུལ་པོ། ས་སྨད་ཀྱང་། དབུས་སྨད། ཡོལ་ཆོད། འབྲོག་རུ། སྒེར་ཞྭ་སྒབ་པའི་ཞྭ་སྒབ། སྒེར་རྡོ་རིང་བདེ་ལེགས། སྒེར་སྣེའུ་ཤག་གི་ལུང་སྔགས་དང་། སྐུ་འབུམ། ལ་ར་བཅོས།

ཁུལ་དེར་ཆོས་གཞིས་ཐད་བྱང་ཆུབ་གླིང་དགོན་པའི་གླ་ར་དང་། ཧ་ར་ས། འབྲོག་རུ། བར་སྡེ། རྩེ་རྣམ་རྒྱལ་གྲྭ་ཚང་གི་ཁྲི་སྟོད་དང་། ཚལ་སྣ། སྣེ་གྲོང་། ཚི་རུ། ཆུ་འཁོར་ཏུད། ཤག་འཁོར་འགོ འབྲོག་རུ། ཀུན་དགེ་གླིང་གི་ལྷ་ཡུལ་དང་། བྱེ་ནུབ།  ཐར་པ་གླིང་དགོན་པའི་ར་ནང་འབྲོག་རུ་དང་། རྒྱུན་གནས། ལྷོ་ཁ་བདེ་ཆེན་ཆོས་འཁོར་དགོན་གྱི་འབྲི་མི་ནང་དང་། རྟ་ཕུ།  མཚུར་ཕུ་དགོན་གྱི་ལོ་མོ་ནང་། འབྲས་སྤུངས་སྤྱི་བསོའི་འཇུན། སེ་ར་སྤྱི་བསོའི་ཚར་པ་ནང་དང་། ཕུན་ཚོགས་དགོན་པ། རྟ་ར་དགོན། ཚ་རག ལ་ཁང་། སྤྱི་བསོ་ལྐོག རྫིང་ཁ་རྐྱང་། སྡེ་དྲུག་བླ་བྲང་གི་ནམ་མཁའ་ལྐོག གནམ་འབྲུག་དགོན་པའི་ཚལ་རྒྱབ། ར་སྟོད་དགོན་གྱི་གཉེར་ཚང་འོག རི་ཁྲོད་འོག འབྲོག་རུ། ར་སྟོད་ཉག་རེ་ཁང་ཚན་གྱི་ལ་ཁང་དང་། རྫིང་ཆུང་ཁ། འབྲོག་རུ། དགའ་ལྡན་བྱང་རྩེ་གྲྭ་ཚང་གི་ཕྲང་གོང་། ཚེ་སྨོན་གླིང་བླ་བྲང་གི་སྙེ་མདའ་དང་། དགེ་འཕེལ། རྐྱང་མཁར། སྐྱིད་ཚལ། རྣམ་རྒྱལ་སྒང་། སེ་ར་བླ་སྤྱི་གེ་རེ་དང་། ཆ་དཀར། འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཛེམ། ཚེ་སྨོན་གླིང་བླ་བྲང་གི་སེར་ཁང་དང་། དཀར་གྲོང་། ལྕང་ར་གསར། བོལ་སྡེ། གསང་ཕུ་བླ་སྤྱིའི་ཟུལ་ཕུ། ལྕགས་ཟམ་བླ་བྲང་གི་གད་རྩིག་སྒང་དང་། ཤེལ་གྲོང་། སེར་ཁང་། གྲོང་གསར། ཉང་དགོན། ཆོས་འཁོར་ཡང་རྩེ་དགོན་གྱི་མདའ་སྟོད་དང་། སེར་ཁང་། རྟ་ལམ། རྒྱང་མཁར། ནེའུ། དགོན་གཞོགས། འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་ལྕང་ལོ་ཅན་དང་། ཆུ་བཟང་། རྟ་ཕུ། མཉེས་ཐང་ནོར་བུ་སྒང་། ཤེལ་གྲོང་། ལྷོ་ཁང་གོང་དཀར་ཆོས་སྡེ་དགོན་གྱི་རྡོ་ར་གླིང་། སྟག་བྲག་བླ་བྲང་གི་ཁང་གསར་ནང་། ཟམ་གདོང་། སྐྱིད་ཚལ། ཐང་སྟོད། ཕ་བོང་ཁ་རི་ཁྲོད་ཀྱི་ཕ་བོང་ཁ། འབྲས་སྤུངས་སྔགས་པ་གྲྭ་ཚང་གི་སྙེ་ཕུ། ས་ར་ཧར་གདོང་ཁང་ཚན་གྱི་ཀུན་འཁོར། བྲག་སྣ་དགོན་གྱི་བྲག་སྣ། སེ་ར་སྨད་གྲྭ་ཚང་གི་འོར། སེ་ར་སྔགས་པ་གྲྭ་ཚང་གི་འབྲོག་རུ་དང་། དཔལ་གླིང་། ཡར་བསམ་གླིང་བླ་བྲང་གི་ཞལ་རི་བཅས་གོང་གསལ་གྲོང་ཚོ་རྣམས་གྲོང་ཚོ་ཅུང་ཆེ་བ་ཁག་ཡིན། གྲོང་ཚོ་འགའ་ཤས་ཀྱི་མིང་མཐར་རྐྱང་ཞེས་འཁོད་པ་དེ་ཆུ་ཤུར་ཁུལ་གྱི་ཡུལ་སྐད་ཡིན་པ་དེ་ནི་སྟེང་གི་དོན་དང་། ལྐོག་ཅེས་པ་ཤོད་ཀྱི་དོན་ཡིན། གྲོང་ཚོ་དེ་དག་གི་ནང་ཕྱི་ལོ་ ༡༩༥༩ ལོ་གཞུང་རྒྱུག་གྲོང་ཚོ་ ༣༩ དང་སྒེར་པ་གྲོང་ཚོ་ ༣༧ ཆོས་གཞིས་གྲོང་ཚོ་ ༨༢ བཅས་ཡོད་འདུག[9]

 

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

 

[1] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་བརྒྱད་པ། ཆུ་ཤུར་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༩། ཤོག ༢༢།

[2] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་བརྒྱད་པ། ཆུ་ཤུར་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༩། ཤོག ༥༤།

[3] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་བརྒྱད་པ། ཆུ་ཤུར་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༩། ཤོག ༡།

[4] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་བརྒྱད་པ། ཆུ་ཤུར་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༩། ཤོག ༡།

[5] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་བརྒྱད་པ། ཆུ་ཤུར་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༩། ཤོག ༧༦།

[6] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་བརྒྱད་པ། ཆུ་ཤུར་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༩། ཤོག ༧༧།

[7] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་བརྒྱད་པ། ཆུ་ཤུར་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༩། ཤོག ༧༠།

[8] ལྕགས་སྟག་ཞིབ་གཞུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༩། ཤོག ༡༦༩།

[9] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་བརྒྱད་པ། ཆུ་ཤུར་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༩། ཤོག ༥༧།

 

དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།