དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ཆུ་ཤུལ་རྫོང་གི་ཡུལ་སྡེ་དང་། རི། ལ། མཚོ། གཙང་པོ་སོགས། ༣༽

དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ཆུ་ཤུལ་རྫོང་གི་ཡུལ་སྡེ་དང་། རི། ལ། མཚོ། གཙང་པོ་སོགས། ༣༽

ས་བཅད་གསུམ་པ། ཡུལ་སྡེ་དང་། རི། ལ། མཚོ། གཙང་པོ་སོགས།

ལེ་ཚན་དང་པོ། ཡུལ་སྡེ་ཆེ་ཁག།

མཉེས་ཐང་། བདེ་སྐྱིད། ར་སྟོད། ལྗང། གནམ་ཀུང་། ཚལ་སྣ། འབུད་བདེ། ཤེལ་གྲོང་། ཆུ་ཤུར། ཆུ་ཕུ། མཚར་པ་ནང་། རྟ་དཀར། ཟས་མདའ། ཟས་ཕུ། བྱེ་རླུང་། ས་སྨད། དཔལ་གླིང་། ཚྭ་རགས། དགེ་རྒྱས། རྣམ་རྒྱལ་སྒང་། ཆོས་འཁོར་ཡང་རྩེ། ཟས། གཡང་ཁུག་གཡུ་རི། སྟ་རེ་ཁྲ་བོ། ཆུ་མེད་ལ།[1]

 

ལེ་ཚན་གཉིས་པ། རི་དང་། ལ། མཚོ། གཙང་པོ།

ཁུལ་དེར་རི་བོ་ཆེ་གྲས་ཀྱི་ཐད་རི་བོ་ཐོད་དཀར་ལ་དང་། ལྷ་རི་རྩེ་ལྔ། གཡང་ཁུག་གཡུ་རི། སྟ་རེ་ཁྲ་བོ་སོགས་དང་། ལ་ཡི་ཐད་ཆུ་མེད་ལ། ཞིང་སྐྱོང་ཀོ་ཡི་མཚེའུ། ཆུ་ཆེན་ཐད་སྐྱིད་ཆུ་དང་། ཡར་ལུང་གཙང་པོ། ཆུ་ཤུར་ཕུ་ཆུ། ཆུ་ཤུར་ཟམ་ཆེན།[2] སོགས་ཡོད། དེ་དག་ལས་རི་བོ་ཐོད་དཀར་ནི་ཆུ་ཤུར་ཚལ་སྣེའི་ཁུལ་དུ་ཡོད་ཅིང་རྡོ་རྗེ་ཕག་མོའི་བསྟི་གནས་སུ་བརྩི་བ་དང་། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་རི་ཁྲོད་དེའང་རི་དེའི་སྙིང་ཁར་གནས་ཡོད། དེའི་གཡས་གཡོན་གཉིས་སུ་དཔལ་སྒྲོན་དང་། འོ་རྐྱལ་ཟེར་བའི་ཆུ་མིག་གཉིས་ཡོད་པ་ནུ་མར་གནས། ཤུག་གསེབ་ཀྱི་འགྲམ་དུ་ཆུ་མིག་ཞིག་ཡོད་པ་དེ་གསང་ཆབ་ཡིན་ཟེར། དོན་དུ་གནས་རི་གྲགས་ཆེན་ཞིག་ཡིན། རི་སྐེད་ཙམ་དུ་གངས་རི་ཐོད་དཀར་ཞེས་པ་ཀློང་ཆེན་རབ་འབྱམས་པའི་རི་ཁྲོད་ཞིག་ཀྱང་ཡོད་པས། དེ་སྔ་ས་གནས་གང་ས་ནས་གནས་མཇལ་མཁན་མང་ཞིང་དེང་སྐབས་ཀྱང་གནས་སྐོར་བ་མང་པོ་ཤུག་གསེབ་དང་། གངས་རི་ཐོད་དཀར་མཇལ་བར་ཡོང་མཁན་ཡོད་པ་དང་། གངས་རི་ཐོད་དཀར་གྱི་ཀུན་མཁྱེན་གཟིམ་ཕུག་གི་མདོར་ལྷ་ཁང་ཀ་གཅིག གསོལ་ཐབ། སྒོ་ར། ལྕགས་རི་བཅས་དང་། འདུ་ཁང་ཀ་བ་བཞི། གྲྭ་ཤག རྟེན་གཙོ་ཀུན་མཁྱེན་ང་འདྲ་མ་སོགས་ཡོད་ཅིང་། དོ་དམ་ལྷོ་ཁ་སྨིན་གྲོལ་གླིང་ནས་གནང་སྐད།

ལྷ་རི་རྩེ་ལྔ་ནི་རྫོང་ཆགས་ཡུལ་གྱི་བྱང་ཤར་འུ་ཤང་རྡོའི་ལྷ་ཁང་གི་ནུབ་ཕྱོགས་སུ་གནས་ཤིང་། རི་འདབས་ལ་ཞིང་ས་དང་རང་བྱུང་འབྲོག་ས་ཡོད།དེར་ཆོས་རྒྱལ་བླ་རིར་ཡང་འབོད་ཅིང་དབུས་ཀྱི་རི་ཆེན་བཞིའི་གྲས་ཀྱི་གཅིག་ཡིན་པ་བཤད། རི་བོ་དེའི་རྩེར་༸གོང་ས་ལྔ་པའི་དུས་སུ་བཙུགས་པར་གྲགས་པའི་གསེར་ཟངས་ཏོག་ཅན་རྒྱལ་མཚན་ཞིག་ཡོད་ཅིང་། དེ་སྔ་བོད་གཞུང་གིས་ལོ་ལྟར་རྒྱལ་མཚན་དེ་གསར་བརྗེ་གནང་སྲོལ་ཡོད་ཅེས་གསལ།[3] དེང་སྐབས་རི་རྩེར་མང་ཚོགས་ཚོས་དར་འཛུགས་བསངས་གསོལ་བྱེད་ཀྱི་ཡོད། ཆོས་རྒྱལ་བླ་རིའི་ཤར་ངོས་སུ་མཐོ་བ་བྱང་བལྟ་དང་། དམའ་བར་ཤར་བལྟ་ཡིན་པ་གཡང་གཟར་ཆེ་བའི་བྲག་རིའི་ངོས་སུ་ཆོས་རྒྱལ་བླ་གཡུ་འམ། འཇམ་དབྱངས་བླ་གཡུ་ཡང་ཟེར་བའི་གཡུ་འདྲ་བ་ཆེ་ཆུང་གཉིས་ཡོད་པའི་ཆེ་བ་མཐོ་སར་གནས་པ་དང་མདོག་ཅུང་ཞན་ལ། ཆུང་བ་དེར་ཐོག་ཚད་བཅུ་གྲངས་ཀྱི་དམའ་ས་ནས་བལྟས་ན་བྲག་བསྲུབ་ཅིག་ཏུ་གཡུའི་མདོག་ལྡན་གྲུ་བཞི་ནར་མོ་ཞིག་དངོས་སུ་མཐོང་རྒྱུ་ཡོད་ཅིང་། ཞོགས་པ་དེར་ཉི་འོད་ཕོག་སྐབས་འོད་མདངས་ཀྱང་འཕྲོ་རྒྱུ་ཡོད་སྐད། གཡུ་དེ་མཇལ་མཁན་ཡོད་པ་དང་། དེ་སྔ་ཇུན་གར་གྱི་མེ་མདའ་བརྒྱབ་པས་ཟུར་ཆ་ཞིག་ཆུང་དུ་ཕྱིན་པ་རེད་ཟེར་སྲོལ་འདུག

ཞིང་སྐྱོང་ཀོ་ཡི་མཚེའུ་ནི་མཉེས་ཐང་ཤང་གནམ་ཕུར་འབྲུག་དགོན་པའི་ཉེ་འདབས་སུ་ཞིང་སྐྱོང་ཟེར་བའི་རིར་མཚོ་ཆུང་ངུ་ཞིག་ཡོད་པ་དང་། དེའི་མཐའ་སྐོར་དུ་གཙང་པ་རྒྱ་རས་པའི་བུ་སློབ་ཀྱི་སྒྲུབ་ཕུག་ཧ་ཅང་མང་པོ་ཡོད་ཅིང་། སྒྲུབ་ཕུག་བརྒྱ་དང་བརྒྱད་དང་སྒྲུབ་ཕུག་དེ་ཚོའི་ནང་ནས་ཆེ་བའི་རྒྱ་ཁྱོན་ཀ་གཅིག་གི་ས་ལྷག་ཙམ་དབུས་སུ་རྡོའི་ཀ་བ་ཡོད་པ། བྲག་ཕུག་སོ་སོའི་ཁྲིས་སུ་ཆུ་མི་རེ་ཡོད་པ་སོགས་རང་བྱུང་གི་ས་བབ་ངོ་མཚར་ཆེ་བའི་དབེན་གནས་ཤིག་ཡོད་པས། ཉེ་འཁོར་གྱི་མང་ཚོགས་རྣམས་ཀྱིས་དེར་སྐོར་བ་རྒྱག་པ་དང་བསངས་གསོལ་ཡང་བྱེད་ཀྱི་ཡོ་འདུག

 

ས་བཅད་བཞི་པ། ཞིང་འབྲོག་ཐོན་ཁུངས།

ཆུ་ཤུར་རྫོང་ནི་ས་མ་འབྲོག་གི་རྫོང་ཞིག་ཡིན་ཞིང་རྨོ་ཞིང་རྒྱ་ཁྱོན་མུའུ་ཁྲི་ ༦.༦༧ དང་རྩྭ་རའི་རྒྱ་ཁྱོན་མུའུ་ཁྲི་ ༡༦༠ ཡོད་པའི་ནང་ལོ་ཏོག་གཙོ་བོ་ནས་དང་། ཉུང་མ། ལ་ཕུག དགུན་གྲོ དཔྱིད་གྲོ། སྲན་མ། པད་ཁ་སོགས་ཡོད་ཅིང་། ཆུ་ཕུའི་ནས་སོན་བ་དེ་དཀར་མོ་ཞེས་པ་སོགས་ཀྱི་དམིགས་བསལ་གྱི་ཡང་སོན་ཞིག་ཡོད་པ་དེ་རྫོང་རང་ཁོངས་དང་། ས་ཁུལ་གཞན་ནས་སོན་བརྗེས་རྒྱག་མཁན་ཡོང་གི་ཡོད། གསོ་ཚགས་གཙོ་བོ་ནོར་དང་། བ་ཕྱུགས། ར། ལུག རྟ། བོང་བུ། ཕག་པ། བྱ་དེ་སོགས་བྱེད་ཀྱི་ཡོད།  ནགས་སའི་རྒྱ་ཁྱོན་མུའུ་ཁྲི་ ༡༩ ཡོད་པའི་ནང་ཡུལ་གྱི་དམིགས་བསལ་ཐོན་རྫས་ཀུ་ཤུ་དང་། སྟར་ཀ ཉ་རིགས་སོགས་ཡོད།[4] འཇུན་པ་གྲོང་ཚོ་ནི་ཡར་ཀླུང་གཙང་པོ་དང་། ལྷ་ས་སྐྱིད་ཆུ་འདྲེས་མཚམས་སུ་གནས་སྟབས་ཉ་ལས་ཐོན་སྐྱེད་བྱེད་པར་ཆ་རྐྱེན་ཧ་ཅང་བཟང་སྟབས། ཡུལ་མི་ཕལ་ཆེ་བས་ཉ་ལས་བྱས་ཏེ་དུས་བཞིའིི་འཚོ་རྟེན་ཡང་ཉ་ལས་ལ་བརྟེན་ནས་སྐྱེལ་གྱི་ཡོད།[5] དེ་སྔ་བོད་གཞུང་བཀའ་ཤག་གིས་རི་ཀླུང་རྩ་ཚིག་ཞེས་པའི་ནང་། རི་ཀླུང་སྐམ་གཤེར་ལ་གནས་པའི་སྲོག་ཆགས་ཆེ་ཆུང་ཚང་མར་གནོད་འཚེ་བྱེད་མི་ཆོག་པའི་སྐོར་འཁོད་སྟབས། བོད་གཞུང་ནས་འཇུན་པ་གྲོང་ཚོར་ཉ་འཛིན་འགོག་ཐབས་སུ་འཚོ་རྟེན་ཉ་འབྲུ་ཞེས་ལོ་རེ་འབྲུ་ཁལ་ཉི་ཤུ་རྩ་གཉིས་དང་། བྲེ་བཅུ་དགུ་སྤྲོད་སྲོལ་ཡོད།

ད་དུང་རང་བཞིན་བཟའ་བཅའི་རིགས་ལ། སེ་ཤ དཀར་ཤ།འདམ་ཤ ཆོ་ལོ། གྲོ་མ། གཡའ་སྒོག འཛིམ་བུ། སྒོག་སྐྱ། སླེ། ཨ་ལོ། ཟྭ་ཚོད། ལྕང་། སྙ་ལོ། བསིལ་འབྲུམ། སིལ་རིལ་སོགས་དང་། ས་གནས་རང་ནས་ཤིང་དང་ལྕགས་བཅས་ལས་བཟོ་བསྐྲུན་བྱས་པའི་ས་ཞིང་རྨོ་བྱེད་དུ་ཐོང་གཤོལ་དང་། གཉའ་ཤིང། རི་བཅས་དང་། ཞིང་ཆུ་གཏོང་སྐབས་ལྕགས་ཁྱེམ་དང་། ཏོག་རྩེ། ཡུར་མ་རྒྱག་བྱེད། བཙས་མ་བརྔ་བྱེད་ཟོ་ར། གཡུལ་ཁའི་སྐབས་སུ་རྒྱག་འཕེན་དབྱུག་པ། རྒྱབ་ར། སྦར་མོ། ཁྲོལ་མ་སོགས་ཤིང་ལས་ཡོ་ཆད་ཡང་ཡོད།

 

ས་བཅད་ལྔ་པ། ཐུན་མིན་ཐོན་ལས།

ཐུན་མིན་ལག་ཤེས་བཟོ་ལས་ཐད་ཆུ་ཤུར་གྲོང་རྡལ་འཇུན་པ་གྲོང་ཚོ་ནས་ཀོ་འབོལ་དང་། གྲྭ་ལྷམ་ཤ་ཟོན། རྟ་གྲོ། ཐེར་ཀེའི་སྐེ་སྒོར་སོགས་དང་། ས་སྨད་ཁུལ་ནས་ཞིང་ལས་ཡོ་བྱད་ཞིབ་མ་དང་། ཚའུ། ཤིང་གི་བཟོ་ལག། དྲེད་ཐག་བཅས་པའི་ཐོན་རྫས་རྣམས་རྫོང་དེ་རང་དང་ལྷ་ས་ཁུལ་ལ་འདྲེན་ཚོང་བྱེད་པ་དང་། བྱེ་ནུབ་ཁུལ་ནས་བཟོས་པའི་ཆང་རྩི་ནས་གྲགས་ཆེ་ཙམ་ཡོད་པས་བྲིན་ཁ་རྒྱུག་པོ་ཡོད།[6] ད་དུང་ཆུ་ཤུར་ལྷུན་པོ་རྩེའི་རི་རྒྱུད་ནས་གཡུ་རྩིའི་ཞྭ་རྡོ་དང་། རྡོ་ནག་ཐོན་གྱི་ཡོད་འདུག

 

ས་བཅད་དྲུག་པ། སྲོག་ཆགས་དང་། སྐྱེ་དངོས། གཏེར་ཁ།

སྲོག་ཆགས་རིགས་ལ་གནའ་བ་དང་། ཏི་ཕུ། གཟིག་ཁྲ་ཐིག་ཅན། དོམ། ཤྭ་བ། གླ་བ། ཤ་བ། རི་བོང་། འཕྱི་བ། གཟིག དྲེད་མོང་། ས་གཟིག གཡི། སྤྱང་ཀི། གྲུམ་པ། ཆུ་སྲམ། ཝ་མོ། ཝ་ནག  བྱ་ངང། གོང་མོ། སྲེག་པ། ཁྲུང་ཁྲུང་། འཇོལ་མོ་སོགས་དང་། རྩི་ཤིང་རིགས་ལ་སྦྱར་དཀར་དང་། དབྱར་རྩྭ་དགུན་འབུ། སྙི་བ།  ཀླུ་བདུད་རྡོ་རྗེ་སོགས་དང་། ལྕང་དཀར། བོད་སྦྱར། པེ་ཅིང་སྦྱར་པ། བོད་ལྕང། རྒྱ་ལྕང། ཤིན་ཅང་ལྕང་མ། ཧོར་ལྕང། སྐྱེ་ཡག  ཡོམ་སྦོག་སོགས་བཙུགས་ཤིང་དང་། ཚར་པ་དང་། སེ་བ། ཤུག་པ། གླང་མ། གླ་ཚེར། སྤ་བ་བ་ལུ་སོགས་རང་བྱུང་སྐྱེ་ཤིང་། ཁམ་བུ་དང་། སྟར་ཀ། ཀུ་ཤུ། ལི། སིའུ་སོགས་འབྲས་ཤིང་ཡོད།

སྨན་རྫས་སྐྱེ་དངོས་ཀྱི་རིགས་ལ་ཆུ་ཤུར་ཟས་ཕུ་དང་། ས་སྨད། རྟ་དཀར་བཅས་ཀྱི་ཁུལ་ནས་དབྱར་རྩ་དགུན་འབུ་དང་། གཡའ་སྐྱ་རི། གངས་ལྷ་མེ་ཏོག བལ་ཀོར་རྫི་ནག བ་ཤ་ཁ། བོང་དཀར། སོ་ལོ་དམར་པོ། སོ་ལོ་སྨུག་པོ། སྤང་རྒྱན་གྱི་རིགས། ཏིག་ཏའི་རིགས མོལ་གོང། རྩ་ཨ་ཝ། རྩ་ཀླུ་བདུད་རྡོ་རྗེ། ལྕེམ་གྲོ། རྩ་བ་ལྔ། སྔོ་ཡི་བུ་མོ་སྤུན་བདུན། ཆུ་རྩའི་རིགས། དབྱར་སྐྱིད་མ། པྲི་ཡང་ཀུ། བར་ཡག་རྩ་བ་སོགས་སྣེ་གྲངས་ ༣༠༠ སྐོར་ཐོན། གཏེར་ཁའི་ཐོན་ཁུངས་གཙོ་བོ་པདྨ་རཱ་ཀ  རྡོ་ཐལ་བྲག་རྡོ། འཛེང་རྡོ། འདམ་སོལ་སོགས་དང་།[7] ཀང་གཡུས་ཅེས་པའི་གཡུ་རིགས་དང་། ལྕགས་རྡོ། རྡོ་སོལ། ཕ་ལམ། རྡོ་ནག། ས་དཀར། ཨར་ཀ། ཟས་ཕུ་ནས་རྡོ་གཡམ་དང་། མཉེས་ཐང་ཤང་ཁོངས་ནས་སོ་ཕག རྡོ་ཞོ།[8] བཅས་སོ།།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] (1)武振华. 西藏地名. 中国藏学出版社 1995年.

(2) བོད་ཀྱི་ས་མིང་དཔྱད་གཞིའི་ཡིག་རིགས་བསྡུས་བསྒྲིགས། བོད་རང་སྐྱོང་ལྗོངས་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཐིག་རིས་ཅུས། ཕྱི་ལོ་

༡༩༧༩། ཤོག ༡༡།

[2] (1)武振华. 西藏地名. 中国藏学出版社 1995年.

(2) བོད་ཀྱི་ས་མིང་དཔྱད་གཞིའི་ཡིག་རིགས་བསྡུས་བསྒྲིགས། བོད་རང་སྐྱོང་ལྗོངས་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཐིག་རིས་ཅུས། ཕྱི་ལོ་ ༡༩༧༩། ཤོག ༡༡།

[3] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་བརྒྱད་པ། ཆུ་ཤུར་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༩། ཤོག ༢༨།

[4]西藏自治区土地册,西藏自治区测绘局,中国地图出版社出版.1996.Pg 30.

[5] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་བརྒྱད་པ། ཆུ་ཤུར་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༩། ཤོག ༨།

[6] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་བརྒྱད་པ། ཆུ་ཤུར་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༩། ཤོག ༧།

[7] 西藏自治区土地册,西藏自治区测绘局,中国地图出版社出版.1996.Pg 30.

[8] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་བརྒྱད་པ། ཆུ་ཤུར་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༩། ཤོག ༥།

 

བརྒྱུད་སྐུལ།

མཆན་སྤེལ།