གཟའ་སྐར་གྱི་རྣམ་རྟོག་གིས་འོ་བརྒྱལ་བཟོས་པའི་གནའ་གཏམ།

གཟའ་སྐར་གྱི་རྣམ་རྟོག་གིས་འོ་བརྒྱལ་བཟོས་པའི་གནའ་གཏམ།

གཟའ་སྐར་གྱི་རྣམ་རྟོག་གིས་འོ་བརྒྱལ་བཟོས་པའི་གནའ་གཏམ།

 

རྩོམ་པ་པོ། མཁས་དབང་ར་སེ་དཀོན་མཆོག་རྒྱ་མཚོ།

ཀརྨ་ཆོས་དབྱིངས་རྡོ་རྗེ། 1604-1674

 

དེ་ཡང་ཁོ་བོས་རྒྱལ་དབང་ཀརྨ་པ་ཆོས་དབྱིངས་རྡོ་རྗེའི་རྣམ་ཐར་རྗེ་དེའི་རིམ་གྲོ་བ་ཀུན་ཏུ་བཟང་པོས་མཛད་པའི་རྣམ་ཐར་ཞིབ་མོར་བཀོད་པ་ཤོག་ལྡེབས་བཞི་བརྒྱ་ལྷག་ཡོད་པ་དེ་ཉིད་མཇལ་བ་ཡིན་པས།

དེར་སྣེའུ་གདོང་གོང་མ་ཆེན་པོ་དང་རྒྱལ་དབང་མཇལ་འཕྲད་གནང་རྒྱུ་གཏན་འཁེལ་བ་ལ། ཕོ་བྲང་སྣེ་གདོང་དུ་ཕེབས་སྐབས་ཀྱི་དུས་ཚོད་ཐད་གོང་མས་གཟའ་སྐར་གྱི་བརྟག་འབྲས་ལ་ཡིད་ཆེས་ཀྱིས་རྣམ་རྟོག་མཛད་པའི་རྐྱེན་གྱིས་ཁོང་རྣམས་ཆིབས་བསུ་དང་ཕོ་བྲང་ལ་མཚན་མོའི་དུས་ཏེ། ནམ་ཕྱེད་ལ་ཕེབས་དགོས་པར་གྱུར་པས་ཚང་མར་འོ་བརྒྱལ་འཕྲད་ཚུལ་བཀོད་འདུག རྣམ་ཐར་དེའི་ཤོག་ལྷེ་ ༡༦༧ པའི་རྒྱབ་ངོས་ཡིག་ཕྲེང་ ༤ པར། ས་ཕོ་རྟ་ལོ་ཟླ་བ་བཅུ་གཅིག་པའི་ཚེས་བཅུ་གསུམ་གྱི་ཉིན། ས་སྐྱོང་ཁྲིའི་དྲུང་ཀརྨ་མི་ཕམ་མཐུ་སྟོབས་རབ་བརྟན་སྐུ་མཆེད་གཉིས་འཁོར་ལོ་རིན་ཆེན་རྒྱན་ཆས་སྤྲས་པ། ལྷ་ཡི་དབང་པོ་དགའ་བའི་ཚལ་དུ་ལྷ་ཡི་རོལ་མོའི་མཆོད་པ་ལ་བརྩེ་བ་ལྟ་བུའི་བཀོད་པ་ཕུན་སུམ་ཚོགས་པའི་ཆིབས་རགས་ཉིས་བརྒྱ་ལྷག་པས་གཙང་ཆུང་གླིང་ཁར་ཐོག་མའི་ཕྱག་འབུལ་དང་། ཐབ་བསུའི་དགའ་སྟོན་གྱིས་ལེགས་པར་མཆོད་ནས། ས་སྐྱོང་བའི་རྒྱལ་ཐབས་ཀྱི་འབྱོར་བ་རྨད་དུ་བྱུང་བ་དེས་མདུན་ནས་བསུ་བཞིན་དགེ་འདུན་སྟོང་ཕྲག་གཉིས་ལྷག་གིས། སེར་སྦྲེངས་གདུགས་དང་། རྒྱལ་མཚན་དང་། ཕྱེ་ཕུར་དང་། རོལ་མོའི་བྱེ་བྲག་སྣ་ཚོགས་དང་། སྤོས་ཀྱི་བདུག་པ་སྤྲིན་གཏིབས་པ་ལྟ་བུ་དང་། རིན་ཐང་ཆེ་བའི་གོས་སྣ་ཚོགས་པའི་རྟེན་ཁེབས་སོགས་མཆོད་རྫས་སྣ་ཚོགས་ཐོགས་པ་དེ་རྣམས་ཀྱིས་ཡན་ལག་བདུན་པའི་མཆོད་འབུལ་ཚིགས་སུ་བཅད་པ་གསུང་བཞིན་དུ་ཕོ་བྲང་ཆེན་པོ་སྣེའུ་སྡོང་རྩེར་ཕེབས་སོ། །དེར་གཙང་ཆུང་གླིང་ཁ་ནས་ཕེབས་སྐབས། སྐར་མའི་སྟབས་ཡིན་ཟེར་ནས་ནམ་ཕྱེད་ལ་ཕེབས་དགོས་པ་དང་། ས་ཚུབ་རླུང་དམར་ཆེན་པོ་ལངས། ཉི་མའི་འོད་ཀྱང་མེད་པའི་ཤིས། ཆིབས་རགས་ཆིབས་བསུ་དང་བཅས་ཕན་ཚུན་མི་མངོན་ཅིང་། ཕེབས་ལམ་ཡང་གཡས་གཡོན་དུ་འཆོལ་བ་སོགས་མི་ཤིས་པའི་མཚན་མ་ངན་པ་བྱུང་བའི་ལོ་རྒྱུས་ཕྱིས་སུ་བཀའ་སྩལ་བ་བདག་གིས་མངོན་སུམ་དུ་ཐོས་སོ།།ཞེས་སྐབས་དེའི་གནས་ཚུལ་གསལ་པོར་བཀོད་འདུག་གོ །

གནའ་གཏམ་འདི་ཉིད་གླེང་བའི་དགོས་པའམ། སྐབས་འདིར་ཤོད་འདོད་པ་ནི་གོང་གསལ་བཞིན་རྒྱ་གར་བའི་བྲམ་ཟེའི་ལུགས་སོགས་གཟའ་སྐར་ཚེས་སོགས་མིའི་བདེ་སྡུག་གི་བྱེད་པོར་བཤད་པའི་ལུགས་སྲོལ་དང་། དེ་དང་དེ་ལ་ཤིན་ཏུ་དད་པས་དོན་དམ་པ་ཉིད་དུ་འཛིན་ཅིང་། བྱ་བ་ཡོད་ཚད་གཟའ་སྐར་ཚེས་གྲངས་བཟང་ངན་གྱི་ཕན་གནོད་ཀྱི་འཇུག་པ་ཁོ་ན་ལ་སྐྱབས་སུ་འགྲོ་ཞིང་། མི་བུ་རང་གི་ལས་དབང་ཡོད་དོ་ཅོག་གཞན་གྱི་བཀོད་སྒྲིག་ཁོ་ན་ལ་སྒུག་པའི་སེམས་ཁམས་ཅན་ཤ་དག་ཏུ་བསྒྱུར་ནས། ཡོངས་སུ་གྱུར་པའི་རིགས་འདིའི་ངང་ཚུལ་འདི་ཀུན་ལ་གནས་ལུགས་དང་རིན་ཐང་ཅི་ཙམ་ཡོད་དམ་མེད་ཅེས་རང་ཅག་ཚང་མས་བསྐྱར་ཞིབ་ཡང་དག་ཅིག་གནང་ཐུབ་པའི་རེ་བ་ཡིན། ལོ་ངོ་བརྒྱ་ཕྲག་མང་པོའི་རིང་མོ་ལུང་རྩིས་གསུམ་མམ། ལྷ་མོ་རྩིས་གསུམ་མམ། མོ་ལུང་གསུང་བརྟག་གཟའ་ཚེས་སྐར་སྦྱོར་སོགས་ལ་བརྟེན་པའི་སྤྱི་བྱེའི་མ་འོངས་ལུང་བསྟན་གཞིར་བཟུང་པའི་འདུ་ཤེས་ཟབ་པའི་རིགས་འདིའི་ལོ་རྒྱུས་ཀྱི་ཕྱོགས་ཚང་མར་བསྐྱར་ཞིབ་ཡང་ཞིབ་ཀྱིས་གྲུབ་འབྲས་ཅི་འདྲ་ཐོབ་ཡོད་མེད་དམ་། ཕན་པའི་ཆ་ཅི་ཙམ་དང་གནོད་པའི་ཆ་ཅི་ཙམ་བྱུང་ཡོད་མེད་ཕྱོགས་ཀུན་ལ་རྩིས་གཤེར་དང་། ཕྱོགས་བསྡོམ་ཡང་དག་ཅིག་གནང་ཐུབ་ན་ཅི་མ་རུང་སྙམ་པ་དེ་ཡིན།

ཚུལ་འདི་ནི་སྣེ་གདོང་རྒྱལ་པོ་ཁོ་ན་ཙམ་མ་ཡིན་པར་ད་བར་རང་ཅག་ཆེ་ཕྲ་ཀུན་གྱིས་དོགས་པ་ཙམ་ཡང་མ་སྐྱེས་པར་གོང་མའི་ལམ་བཟང་འཁྲུལ་མེད་དང་ཨ་མ་ཡིན་ཤག་དང་ནུ་མ་ནུ་ཤག་བྱས་ཡོད་པའི་སྣང་ཚུལ་འདི་རེད། བདེ་སྡུག་ཚང་མ་ལྷ་མོ་རྩིས་གསུམ་ལས་བྱུང་བ་ལ་རག་ལས་པ་དང་། དཔུང་གཉེན་གཏོ་བཅོས་བཟློག་རིམ་ཁོ་ན་ལ་ཐུག་པར་བརྩི་བ་འདི་ནི། རང་གི་ལས་དབང་གཞན་ལག་བཞག་པའི་ངང་ཚུལ་མགོ་རུལ་བ་སྣ་བས་མ་ཚོར་བ་ཅིག་མ་ཡིན་ནམ།  སློབ་དཔོན་ཞི་བ་ལྷས་སྤྱོད་འཇུག་ལས་མི་ནི་ལྷ་བས་ལྷག་པའི་ལུས་རྟེན་ཡིན་པར་གསུངས་ན། མི་ལས་བསོད་ནམས་དམན་པ་ལ་རང་གི་བདེ་སྡུག་གི་རེ་་བ་བྱེད་པ་དང་། གདོད་མའི་ནང་པས་རིག་བྱེད་ལུགས་ཀྱི་གཟའ་སྐར་ལ་སོགས་བྱེད་པོའི་ལྟ་བ་མཐའ་གཅིག་ཏུ་དགག་པ་དང་། རང་ཉིད་རང་གི་མགོན་དང་སྐྱབས་དང་དཔུང་གཉེན་ཡིན་པར་བཞེད་པ་དང་རྒྱབ་འགལ་དུ་སོང་བ་དང་། ཕྱིས་སུ་ནང་རིག་ལ་བྲམ་ཟེའི་རིག་བྱེད་གཏམ་རྒྱུད་ལ་སོགས་པའི་ཤན་ཞུགས་པའི་རིགས་ཀྱི་རྗེས་སུ་འཁྱམས་པའི་རང་ངོ་མ་རིག་པའི་ངང་ཚུལ་མ་ཡིན་ནམ།

དེ་ཡང་བཙན་པོའི་དུས་མཇུག་གི་ཡིག་ཆ། གཟུངས་བསྡུས་ནང་ཡོད་པའི་ལྗོན་ཤིང་གི་མདོ་ལས། མོ་བོན་དག་ལ་སྲིད་མ་གཏོད། །ཅེས་གདམས་འདུག་པ་འདིར་ཞིབ་པར་སོམས། རྒྱལ་སྲིད་དམ། ཁྱིམ་སྲིད་སོགས་སྲིད་ནི་འཇིག་རྟེན་པའི་སྲོག་རྩ་ཡིན་པས། དེ་རང་ལག་བཟུང་དགོས་པར་ནན་བཤད་གནང་མི་འདུག་གམ། ད་ལྟའི་གོ་ལའི་ཐོག་གི་འདྲ་མཉམ། དམངས་གཙོ། ཁྲིམས་སྲུང་། ཞི་བདེ་དང་རང་དབང་ཟེར་བ་སོགས་མིའི་རིགས་ཀྱི་དཔལ་ཡོན་འདི་དག་ཀྱང་གཟའ་སྐར་རྩིས། མོ་ལུང་ཞུས། གཏོ་རིམ་སྒྲུབ་ནས་བྱུང་བ་མ་ཡིན་པར་སྔོན་ཐོན་མི་བུ་དག་གིས་དཀའ་སྤྱད་འབད་བརྩོན་རྒྱུན་ཆགས་ཀྱི་འབྲས་བུ་ཡིན་པ་དང་། སྔོན་ཐོན་དུ་གྱུར་པའི་མིའི་རིགས་ཀྱི་གོ་ལའི་ཐོག་གི་ལག་རྩལ་དང་གནས་བབ་དང་གྲུབ་འབྲས་ངོ་མཚར་བ་ཀུན་ཀྱང་དེ་མཚུངས་ཡིན་པ་དང་། གོ་ལའི་ཐོག་གི་ཕྱུག་བདག་རྣམས་ནི་རང་རང་གི་རྣམ་དཔྱོད་ཀྱིས་ཚོང་གཉེར་ལས་བྱུང་བ་ཤ་དག་ལས། གཟའ་རྩིས་མོ་ལུང་གཏོ་བཅོས་དང་། གཡང་སྒྲུབ་གཡང་འགུག་བྱས་པ་ལས་བྱུང་བ་མ་ཡིན་པའི་ཚུལ་འདི་དག་ལ་གཟིགས་ཙམ་མཛད་ན་ཅིས་མ་ལེགས།

དེང་དུས་ཛམ་གླིང་ཕོར་པའི་སྤོ་ལོའི་འགྲན་བསྡུར་སྐབས་ཀྱི་མཐའ་འགྲན་ལ་ཐུག་ཉེ་བ་ན། བོད་ཕྲུག་སྤོར་ཞེན་པ་ཁ་ཅིག་གིས་རང་གི་དགའ་ཕྱོགས་རྒྱལ་བའི་ཐབས་སུ་དགོན་པར་བར་བསམ་སྒྲོལ་གསུམ་འདོན་རོགས་ཞུས་པའི་སྣང་ཚུལ་ལ་བསམ་ན། རིམ་གྲོ་ནི་རང་རིགས་ཀྱི་རྒྱབ་རྟེན་ཡིན་པར་མངོན་འདུག རང་རེའི་བག་ཆགས་མཐུག་པོ་སྲ་མཁྲེགས་འདི་ཉིད་མགོ་རྟིང་སློག་པ་དང་ཡོངས་སུ་བསྒྱུར་བའི་རེ་བ་དང་དམིགས་ཡུལ་བཟུང་གི་མེད་ལ། འདོར་ཆོག་ཆོག་དང་བསྒྱུར་རུང་རུང་བ་ཅིག་ཀྱང་ག་ལ་ཡིན། འོན་ཏེ་རང་རེའི་ཕྱོགས་མང་པོར་རྟོག་ཞིབ་དང་། ཕྱོགས་བསྡོམ་དང་། མི་རིགས་གཞན་ལ་འང་བལྟ་གིན་གནང་སྟེ། དོན་མེད་སེམས་ནད་དང་སྐུ་ལས་བཟོ་བའི་རྣམ་རྟོག་གི་རིགས་ཉུང་འཕྲི་གནང་ཐུབ་ན་རང་གཞན་ཁོར་ཡུག་ཚང་མར་ཕན་རླབས་ཆེ་བར་སྙམ་མོ། །གཟའ་སྐར་ལྷར་ཞེན་གྱི་དད་མོས་སོགས་ཀྱི་བྱུང་ཚུལ་རྒྱས་པ་ནི་ལོགས་སུ་ཡོད་དོ།།

༢༠༢༢/༡༢/༡༨

བརྒྱུད་སྐུལ།

མཆན་སྤེལ།