དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ཆུ་ཤུར་རྫོང་གི་དགོན་སྡེ་དང་། གྲགས་ཅན་མི་སྣ། གནའ་ཤུལ། ༤༽

དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ཆུ་ཤུར་རྫོང་གི་དགོན་སྡེ་དང་། གྲགས་ཅན་མི་སྣ། གནའ་ཤུལ། ༤༽

ས་བཅད་བདུན་པ། དགོན་སྡེ་དང་། གྲགས་ཅན་མི་སྣ། གནའ་ཤུལ།

ལེ་ཚན་དང་པོ། དགོན་སྡེ།

ཨང་། དགོན་པའི་མིང་། བཞེངས་དུས། བཞེངས་མཁན། ཆོས་བརྒྱུད།
གཡའ་སྔོན་དགོན། དུས་རབས་བཅུ་གསུམ། གཏེར་བཏོན་ས་སྟོན་སྟོབས་ལྡན་རྡོ་རྗེ། རྙིང་མ།
བུད་ནུབ་དགོན། དུས་རབས་བཅུ་གཉིས། རྗེ་ཕག་མོ་གྲུ་པ། ས་རྙིང་ཟུང་སྦྲེལ།
རི་སྣ་དགོན། དུས་རབས་བཅུ་གསུམ གཏེར་བཏོན་ས་སྟོན་སྟོབས་ལྡན་རྡོ་རྗེ། རྙིང་མ།
བུད་དེ་སྒོམ་ཆེན་དགོན། ༡༩༢༠ སྣང་ར་སྒོམ་ཆེན། རྙིང་མ།

 

སྐྱིད་ཚལ་དགོན། དུས་རབས་བཅུ་གཉིས། ས་ཆེན་ཀུན་དགའ་སྙིང་པོ། ས་སྐྱ།
པད་མ་གླིང་དགོན། ༡༩༠༠ ཨ་ཎི་ལུང་རྟོགས། བཀའ་བརྒྱུད།
ཆོས་འཁོར་ཡང་རྩེ་དགོན། ༡༦༤༨ རྒྱལ་མཆོག་ལྔ་པ་ཆེན་པོ། དགེ་ལུགས།
ཐར་པ་གླིང་དགོན། ༡༦༥༠ རྒྱལ་མཆོག་ལྔ་པ་ཆེན་པོ། དགེ་ལུགས།
བྱང་ཆུབ་གླིང་དགོན། ༡༦༥༡ རྒྱལ་མཆོག་ལྔ་པ་ཆེན་པོ། དགེ་ལུགས།
༡༠ གྱེ་རེ་དགོན། དུས་རབས་བཅོ་ལྔ། བཀའ་བཞི་རིན་ཆེན་རྒྱལ་མཚན། དགེ་ལུགས།
༡༡ བཀྲ་ཤིས་སྒང་དགོན། དུས་རབས་བཅུ་བཞི། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ས་སྐྱ།
༡༢ ཡ་ཆ་དགོན་ཕན་བདེ་གླིང། ༡༩༠༩ སེར་སྔགས་མཁན་ཟུར་བྱམས་པ་ཆོས་འཕེལ། དགེ་ལུགས།
༡༣ གནམ་འབྲུག་དགོན། དུས་རབས་བཅུ་གཉིས། འགྲོ་མགོན་གཙང་པ་རྒྱ་རས། བཀའ་བརྒྱུད།
༡༤ ར་བ་སྟོད་དགོན། ༡༢༠༥ གསང་ཕུ་གླིང་སྟོད་ཀྱི་ཞབས་དྲུང་རྒྱ་འཆིང་རུ་པ། དགེ་ལུགས།
༡༥ ཆོས་རྫོང་དགོན། དུས་རབས་བཅུ་བཞི། བླ་དམ་པ་བསོད་ནམས་རྒྱལ་མཚན། ས་སྐྱ།
༡༦ རིན་གླིང་དགོན། དུས་རབས་བཅོ་བརྒྱད། བླ་མ་ངག་དབང་བློ་བཟང། དགེ་ལུགས།
༡༧ བྲག་སྣ་དགོན། དུས་རབས་བཅུ་གཉིས། འགྲོ་མགོན་ཆོས་འཕགས། དགེ་ལུགས།
༡༨ ཤུག་གསེབ་དགོན། ༡༡༨༡ གྱེར་སྒོམ་པ་ཚུལ་ཁྲིམས། བཀའ་བརྒྱུད།
༡༩ ཕོ་ཕེ་དགོན། དུས་རབས་བཅོ་ལྔ། པཎ་ཆེན་ངག་དབང་ཆོས་གྲགས།
༢༠ འཇང་ཕུ་དགོན། འཇང་ཕུ་མངོན་མཁྱེན་པ། དགེ་ལུགས།
༢༡ ཉམས་སྣང་དགོན། རྒན་བྱང་ཆུབ་ནས་བསྐྱར་བཞེངས་མཛད། བཀའ་བརྒྱུད།
༢༢ གསང་སྔགས་ཆོས་གླིང་དགོན། ས་སྐྱའི་བླ་མ་སྨོར་ཆེན། ས་སྐྱ།
༢༣ ཟངས་གཡང་བྲག་དགོན། གུ་རུ་ཇོ་རྩེ། བཀའ་བརྒྱུད།
༢༤ སྤང་དཀར་དགོན། དགེ་ལུགས།
༢༥ བྲེ་རྔས་བསམ་གཏན་གླིང་དགོན། དགེ་ལུགས།
༢༦ དགེ་སྟོད་དགོན། རྙིང་མ།
༢༧ ཁ་སྦུག་དགོན། བཀའ་བརྒྱུད།
༢༨ ཕུན་ཚོགས་དགོན། དགེ་ལུགས།
༢༩ ལྷ་དབང་དགོན། དགེ་ལུགས།
༣༠ དགེ་སྟོད་དགོན། རྙིང་མ།
༣༡ ཀརྨ་དགེ་འཕེལ་དགོན། བཀའ་བརྒྱུད།
༣༢ མཉེས་ཐང་སྒྲོལ་མ་ལྷ་ཁང་། ༡༠༥༥ ཀ་བ་ཤཱཀྱ་དབང་ཕྱུག་སོགས། བཀའ་གདམས།
༣༣ ཆུ་བཟང་རི་ཁྲོད། ༡༨༨༧ སྡེ་དགེའི་ཁམས་པ་སངས་རྒྱས། རྙིང་མ།
༣༤ ཀློང་རྡོལ་རི་ཁྲོད། དུས་རབས་བཅུ་གཉིས། འགྲོ་མགོན་ཆོས་འཕགས། དགེ་ལུགས།
༣༥ ཆོས་རྫོང་ཚངས་པ་རླུང་གནོན། དུས་རབས་བདུན་པ། བཙན་པོ་སྲོང་བཙན་སྐབས་བཞེངས་པའི་རུ་གནོན་ལྷ་ཁང་བཞིིའི་ཡ་གྱལ་ཡིན།
༣༦ འུ་ཤང་ལྷ་ཁང་། དུས་རབས་དགུ་པ། བཙན་པོ་ཁྲི་རལ་གྱིས་ཕྱག་བཏབ་པའི་ལྷ་ཁང་ཞིག་ཡིན།
༣༧ རིན་ཆེན་གླིང་ལྷ་ཁང་། སློབ་དཔོན་བྱང་ཆུབ་འབྱུང་གནས།
༣༨ བདེ་ཆེན་མགོན་པོ་ལྷ་ཁང་།
༣༩ འཚེ་རུ་མགོན་པོ་ལྷ་ཁང་།
༤༠ རྒྱལ་མཚན་ཇོ་ཁང་།
༤༡ གྲུ་མོ་ལུང་ལྷ་ཁང་།
༤༢ བག་སྡེ་འཕྲིན་ལས་རྒྱལ་པོ།
༤༣ གསལ་བྱེད་གླིང་ལྷ་མོ་ལྷ་ཁང་།
༤༤ ཆུ་ཤུར་བྱམས་ཁང།
༤༥ བྱང་ཁ་ཆོས་ཁང་།
༤༦ རྒྱ་རོང་གནས་བཅུ་ལྷ་ཁང་།
༤༧ མཆོད་ཁང་ཚེས་བཅུ་ལྷ་ཁང་།

ལེ་ཚན་གཉིས་པ། གྲགས་ཅན་མི་སྣ།

ཨང་། མཚན། འཁྲུངས་ཡུལ། འཁྲུངས་འདས། མཆན།
དཔའ་བོ་གཙུག་ལག་དོན་གྲུབ། ཆུ་ཤུལ་རྩེ་ལྔ། ༡༧༠༡-༡༧༡༨ གནང་ནང་དཔའ་བོའི་སྐུ་ཕྲེང་དྲུག་པ་ཡིན།
དཔའ་བོ་གཙུག་ལག་ཕྲེང་བ། སྙེ་ཐང་། ༡༥༠༤-༡༥༦༦ སྟོད་ལུང་གནས་ནང་དཔའ་བོའི་སྐྱེ་སྤྲུལ་ཞིག་དང་ཁོང་གིས་བརྩམས་ཆོས་གྲགས་ཆེ་བ་ཆོས་འབྱུང་མཁས་པའི་དགའ་སྟོན་བཞུགས།
སངས་རྒྱས་གཉན་སྟོན། ལོ་ཡོལ། ༡༡༧༣-༡༢༥༥
མཁན་པོ་གྲགས་པ་སེང་གེ། འགྲོ་མགོན་འཕགས་པ་རིན་པོ་ཆེ་བསྙེན་རྫོགས་སྐབས་དབུས་ནས་ཆེད་གཉེར་གྱིས་གདན་དྲངས་པ་དེ་ཡིན།
བང་སྟོན། མཉེས་ཐང་ཁུལ་གྱི་འགོ་གཙོ་ཞིག།
གུ་རུ་ཇོ་རྩེས། སྙེ་ཐང་མདའ།
གེ་རེ་ལྷ་པའི་མི་རྒྱུད།
གེ་རེ་བཀའ་ཆེན་རིན་ཆེན་རྒྱལ་མཚན།
མཉེས་ཐང་ཨ་མོ་གྷན།
༡༠ གཏེར་སྟོན་གུ་རུ་ཇོ་ཚེ། སྐྱིད་སྨད་སྙེ་མདའ། གཏེར་སྟོན་བརྒྱ་རྩའི་ཡ་གྱལ། མུ་ཏིག་བཙད་པོའི་སྐུ་སྐྱེར་གྲགས། ཟང་ཡག་བྲག་ནས་ཟབ་གཏེར་པུ་སྟི་སུམ་ཅུ་ལྷག་ཙམ་གཏེར་ནས་བཞེས།

ལེ་ཚན་གསུམ་པ། གནའ་ཤུལ།

མཁར།བང་སོ། དུར།གནས། ས་གནས། མཆན།
མཁར། ཆུ་ཤུར་ལྷུན་པོ་རྩེ་རྫོང་གི་མཁར་ཤུལ། ཆུ་ཤུར་གྲོང། ཕག་གྲུའི་དུས་སུ་བཞེངས་པའི་རྫོང་ཆེན་བཅུ་གསུམ་གྱི་ཡ་གྱལ་ཞིག་ཡིན།
ཟམ་པ། ཆུ་ཤུར་ལྕགས་ཟམ། ཆུ་ཤུར། གྲུབ་ཆེན་ཐང་སྟོང་རྒྱལ་པོས་བོད་དུ་ལྕགས་ཟམ་ང་བརྒྱད་བསྐྲུན་པའི་ཡ་གྱལ། ཕྱི་ལོ་༡༤༣༠ལོར་བསྐྲུན།
མཁར། ཟུལ་ཕུ་དགོན་ཤུལ། ཟུལ་ཕུ། སྔོན་དབུས་ཀྱི་གདན་ས་དྲུག་(དགའ། སྐྱོ། ཟུལ་གསུམ། བདེ། གསང། གུང་གསུམ།)གི་ཡ་གྱལ་ཞིག་ཡིན།
གནས། བྲན་ཁ་དཔལ་གྱི་ཡོན་ཏན་གྱི་རྟེན་མཁར་དང་།མཆོད་རྟེན། སྙེ་ཐང། བཙན་པོ་ཁྲི་རལ་སྐབས་བཙན་པོའི་བློན་ཆེན་མཉེས་ཐང་དུ་དམར་གསོད་བཏང་ཏེ་པགས་པ་སྦུགས་བཤུས་ཀྱི་གསོབ་བརྒྱང་ནས་བཞག་པ་ལོ་རྒྱུས་ཡོད་པའི་ས་ཆ་ཞིག
གནས། གངས་རི་ཐོད་དཀར། ཚལ་སྣེ་གྲོང། ཚལ་སྣེའི་ཁུལ་གྱི་གངས་རི་འདི་ནི་རྡོ་རྗེ་ཕག་མོའི་གནས་སུ་བརྩི།
གནས། མཉེས་ཐང་ལྷ་ཆེན་པོ། མཉེས་ཐང་ཁུལ། རིང་ཚད་ཐོག་ཚད་གསུམ་ཙམ་ཡོད་པའི་འབུར་སྐུ་བྱིན་ཅན་དེའི་སྐོར་ཤོད་རྒྱུན་མི་འདྲ་བ་ཡོད་ཀྱང་། ལྷོ་བྲག་ཆོས་འབྱུང་སོགས་སུ་དུས་རབས་བརྒྱད་པའི་ནང་སློབ་དཔོན་རིན་པོ་ཆེ་དེ་ཁུལ་བྱོན་དུས་སུ་བལ་པོའི་བཟོ་པས་བརྐོས་སྐད།
གནས། ཤར་ནུབ་གཟིམ་ཕུག་སོགས། ཚལ་སྣེ་གྲོང། དུས་རབས་བརྒྱད་པའི་ནང་གུ་རུ་རིན་པོ་ཆེ་དང།མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་བཞུགས་སྐད།
གནས། ལྷ་རི་རྩེ་ལྔ། ཚལ་སྣེ་གྲོང། དབུས་ཀྱི་རི་བོ་བཞིའི་ཡ་གྱལ་དང་།མིང་གཞན་ཆོས་རྒྱལ་གྱི་བླ་རིར་ཡང་འབོད། རི་བོའི་རྩེར་༸རྒྱལ་མཆོག་ལྔ་པ་ཆེན་པོའི་དུས་སུ་བཙུགས་པར་གྲགས་པའི་གསེར་ཟངས་གྱི་ཏོག་ཅན་རྒྱལ་མཚན་ཞིག་ཡོད།
གནས། ཞིང་སྐྱོང་ཀོ་དང་རྫ། གནམ་ཕུ། མཉེས་ཐང་ཁུལ་གནམ་ཕུར། ཞིང་སྐྱོང་ཀོར་འབོད་པའི་རིར་མཚོ་ཆུང་ཞིག་དང་། དེའི་མཐའ་སྐོར་དུ་གཙང་པ་རྒྱ་རས་བུ་སློབ་ཀྱི་སྒྲུབ་ཕུག་ཧ་ཅང་མང་པོ་ཡོད།
གནས། མཁའ་འགྲོ་བྱེ་བ་འབུམ་གྱི་འབུམ་པ། རྟ་དཀར་གྲོང། གནའ་བའི་མཆོད་རྟེན་དེར་སྐོར་བ་བརྒྱབ་ན་བད་ཁྲག་དང་། ཕོ་བའི་ནད་ལ་ཕན་པར་གྲགས།
གནས། ཆོས་རྒྱལ་བླ་གཡུ། ཚལ་སྣེ་གྲོང། མཚན་གཞན་འཇམ་དབྱངས་བླ་གཡུ་དང་། གནས་འདི་ཆོས་རྒྱལ་བླ་རིའི་ཁུལ་དེར་གཡུ་འདྲ་བ་ཆེ་ཆུང་གཉིས་ཡོད་པ་དེར་ཟེར།
གནས། སློབ་དཔོན་གྱི་སྒྲུབ་ཕུག ཆུ་ཕུ་གྲོང། གནས་འདི་ནི་སློབ་དཔོན་རིན་པོ་ཆེ་དང་འབྲེལ་བ་ཞིག་དང་། ཁུལ་དེར་སྒྲུབ་ཕུག་བཅོ་ལྔ་ཙམ་ཡོད་པ་རྣམས་ངོ་མཚར་ཆེ་བ་ཞིག་ཡོད།

ས་བཅད་བརྒྱད་པ། དམངས་སྲོལ།

༡• འཇང་དགུན་ཆོས།

          འཇང་དགུན་ཆོས་ཞེས་པ་ནི་ཆུ་ཤུར་གནམ་ཁོངས་འཇམ་དབྱངས་མངོན་མཁྱེན་གྱིས་ཕྱག་བཏབ་པའི་འཇང་དགོན་པ་ཞེས་པས་ལོ་ཟླར་བོད་ཟླ་ ༡༡ དང་ ༡༢ ནང་སེ་འབྲས་དགེ་གསུམ་གྱི་མཚན་ཉིད་གྲྭ་ཚང་ཁག་དང་། མཉེས་ཐང་རྭ་བ་སྟོད་པ། འོན་མངའ་རིས་གྲྭ་ཚང་སོགས་མཚན་ཉིད་གྲྭ་ཚང་གི་དགོན་སྡེ་ཆེ་གྲས་ཁག་གཅིག་གི་དགེ་འདུན་རྣམས་ནས་གཞུང་བཀའ་པོད་ལྔའི་ནང་ཚན་ཚད་མ་རྣམ་འགྲེལ་ལ་གཙོ་བོ་བརྒལ་བརྟག་གསན་བཞེས་མཛད་པའི་འཇང་དགུན་ཆོས་སུ་གྲགས་པའི་ཆོས་ལུགས་ཀྱི་དུས་ཚོད་གལ་ཆེ་ཞིག་རེད། དུས་ཚོད་དེའི་རིང་གི་གཏོང་སྒོ་གཏོང་རྒྱུ་དང་། སྒྲིག་ལམ་གནོན་རྒྱུ། ཆོས་ལུགས་ཀྱི་བྱེད་སྒོའི་གཙོ་འགན་འཁུར་རྒྱུ་སོགས་རྭ་སྟོད་དགོན་པས་གནང་སྲོལ་ཡོད། སེ་འབྲས་ཀྱི་སྤྲུལ་སྐུ་ཆེ་ཆུང་ཚང་མ་འཇང་དགུན་ཆོས་སུ་ཐེངས་རེ་ཕེབས་དགོས་པ་དང་། ཚོགས་ཆེན་སྤྲུལ་སྐུ་ཡན་གྱི་སྤྲུལ་སྐུ་ཚོས་གཏོང་སྒོ་རེ་གནང་སྲོལ་ཡོད། དེ་གར་ཕེབས་མཁན་ནི་གྲྭ་པ་མཚན་ཉིད་པ་མ་གཏོགས་མེད་ལ་ནམ་དུས་ཀྱང་གྲང་ངར་ཆེ་བ་དང་། ཆ་རྐྱེན་ཡང་ཅུང་ཞན་པར་བརྟེན་ཆོས་ལུགས་ལ་སྦྱང་བརྩོན་རྣམ་དག་གནང་མཁན་ཚོ་མ་གཏོགས་གྲྭ་གང་བྱུང་དེ་གར་ཕེབས་སྲོལ་མེད། དགུན་ཆོས་དེར། འཇང་དགུན་ཆོས་དང་། འཇམ་དབྱངས་དགུན་ཆོས་ཀྱང་འབོད་ཅིང་། འཇང་ཞེས་པ་ནི་ཡུལ་གྱི་མིང་དང་། འཇམ་དབྱངས་ཞེས་པའི་ནི་གནས་དེ་དང་། ཆོས་ལུགས་ཀྱི་བྱེད་སྒོ་དེ་འཇམ་དཔལ་དབྱངས་ཀྱིས་ལུང་བསྟན་པས་མཚན་དེ་ལྟར་ཐོགས་ལུགས་ཡུལ་མི་རྣམས་ལ་གྲགས།

 

༢• ཤེལ་གྲོང་འབྲོང་རྩེད།

ཤེལ་གྲོང་འབྲོང་རྩེད་ནི་ཤེལ་གྲོང་ཁུལ་ནས་དར་བའི་མི་བདུན་ལས་གྲུབ་པའི་འཁྲབ་སྟོན་ཞིག་ཡིན། ཡུལ་མི་རྒན་གྲས་ཚོའི་ཤོད་རྒྱུན་ལྟར་ན་ལོ་སུམ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཞིང་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་འབྲས་སྤུངས་དགོན་ཏུ་ཐོག་མར་གདན་ཞུ་བྱེད་སྐབས་དར་བ་ཡིན་ཟེར། དེ་སྔོན་བོད་གཞུང་གྱི་གཞུང་ཡིག་ནང་ཡར་རྒྱབ་རྡོ་ར་ཤེལ་གྲོང་འབྲོང་རྩེད་ཅེས་འཁོད་ཡོད། འབྲོང་རྩེད་དེའི་འཁྲབ་སྟངས་ནི་མི་བདུན་ལས་སྒྲིག་འཛུགས་བྱས་པ་དང་། མི་གཉིས་རེས་འབྲོང་ཤུབ་དང་། འབྲོང་འབག་གྱོན་ཏེ་འབྲོང་ཕོ་མོ་གཉིས། མི་གཅིག་གིས་ཨང་རག་ཅེས་འཁྲབ་ཆས་ཕྱུ་པ་དཀར་པོ་དང་། གདོང་དུ་རྔོན་པའིི་འབག་འདྲ་བ་དཀར་པོ་ཞིག་གྱོན། ལྷམ་རྡོག་གཅིག་མ་གྱོན་ཕྲག་པ་གཡོན་སྟེང་ནས་དར་དམར་པོའི་ག་ཤ་ཞིག་བཅིངས། ལག་གཡས་ལ་མདའ་དར་དང་། གཡོན་དུ་ཨོད་མ་(མདའ་རྒྱང་མ་འཕེན་བྱེད་གྱི་གཞུ་སྙུག་ལེབ་ལས་བཟོས་པ་གཞུ་རྒྱུད་མེད་པ་ཞིག་)འཁྱེར་ཏེ་རྔ་སྦུབ་ཀྱི་སྒྲ་དང་བསྟུན་ནས་འབྲོང་གཉིས་པོའི་མདུན་ངོས་སུ་རྐང་བྲོ་ལག་སྟབས་བྱེད། འབྲོང་གཉིས་པོས་རྔ་སྦུབ་ཀྱི་སྒྲ་དང་བསྟུན་འཁྲབ་བཞིན་པར་རྭ་རྩེས་ས་སྟེང་ནས་ཁ་བཏགས་བླངས་རྗེས་ལོག་འགྲོ་སྐབས་ཨང་རག་ཀིས་འབྲོང་བཞོན་ཏེ་འགྲོ་བ་སོགས་བྱེད། ཁོང་ཚོ་མི་བདུན་པོར་འབྲོང་ཞིང་ཞེས་པ་ཞིང་སོན་ཁལ་ལྔ་འགྲོ་བའི་ས་ཆ་ཡོད་པར་ཁྲལ་ལོ་ལྟར་བོད་ཟླ་བདུན་པའི་ནང་ལྷ་སའི་ཞོ་སྟོན་དང་ཏཱ་ལའི་བླ་མའི་དམིགས་བསལ་གྱི་མཛད་སྒོ་ཆེ་རིགས་ཡོད་དུས་ལྷ་སར་འབྲོང་རྩེད་འཁྲབ་པར་འགྲོ་དགོས།[1]

 

༣• ཇུན་པའི་ཀོ་རྩེད།

ཇུན་པའི་ཀོ་རྩེད་ཅེས་པ་ནི་སྐྱེས་པ་ཚོས་ཀོ་གྲུ་རྒྱབ་ཏུ་འཁུར་ནས་ཞབས་བྲོ་རྒྱག་སྲོལ་ཡོད་པ་དེ་ལ་ཟེར། དེ་ཡང་གདོང་འབག་དཀར་པོ་གྱོན་པའིི་ཨང་རག་ཞིག་གིས་སྣེ་འཁྲིད་དེ་དེའི་རྐང་སྟབས་དང་། ལག་པའི་འཁྱེར་སོར་གཞིགས་ཏེ་ཀོ་གྲུ་འཁྱེར་བའི་མི་ཚོས་ལག་པས་ཀོ་གྲུའི་ཁ་ཤིང་རྡུང་བཞིན་པར་ཞབས་བྲོ་རྒྱག་སྲོལ་ཡོད།[2] གཞས་ཚིག་དང་བསྟུན་ཕྱག་འཚལ་ཞེས་པའི་སྐབས་ཐོད་པ་ས་ལ་གཏུགས་པ་དང་། འཕྲེད་ཉལ་ཞེས་པའི་ཚེ་ཟུར་སློག་པ་སོགས་བྱེད་ཅིང་། ཀོ་གྲུ་འཁུར་ནས་ཞབས་བྲོ་རྒྱག་པ་དེ་ནི་འཇུན་པ་བའི་དམིགས་བསལ་གྱི་སྒྱུ་རྩལ་ཞིག་རེད།[3]

 

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་བརྒྱད་པ། ཆུ་ཤུར་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༩། ཤོག ༡༢།

[2] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་བརྒྱད་པ། ཆུ་ཤུར་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༩། ཤོག ༡༢།

[3] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་བརྒྱད་པ། ཆུ་ཤུར་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༩། ཤོག ༡༣།

བརྒྱུད་སྐུལ།

མཆན་སྤེལ།