སྤུ་རྒྱལ་གཉའ་ཁྲི་བཙན་པོའི་རིགས་རུས་ཀྱི་མཆེད་ཁུངས་ལ་དཔྱད་པ།

སྤུ་རྒྱལ་གཉའ་ཁྲི་བཙན་པོའི་རིགས་རུས་ཀྱི་མཆེད་ཁུངས་ལ་དཔྱད་པ།
སྤུ་རྒྱལ་གཉའ་ཁྲི་བཙན་པོའི་རིགས་རུས་ཀྱི་མཆེད་ཁུངས་ལ་དཔྱད་པ།
འཇམ་དཔལ་དགེ་ལེགས།
གཉའ་ཁྲི་བཙན་པོ་དམུ་ཐག་བརྒྱུད་ནས་བོད་ཀྱི་བཙན་པོར་བྱོན་པ།བརྡ་ཆད་གཙོ་བོ།ཐེའུ་བྲང་། བོན། གཉའ་ཁྲི། གསང་བ། ཆོས། 

ནང་དོན་གནད་བསྡུས། འདིར་སྤུ་རྒྱལ་གཉའ་ཁྲི་བཙན་པོའི་གདུང་རྒྱུད་ཐད་ཀྱི་བཞེད་ཚུལ་མི་མཐུན་པ་གཙོ་ཆེ་བ་རྣམས་བཀོད་ཅིང་།དེ་དག་གི་ཐད་ལ་རང་གི་ཞིབ་འཇུག་ཅུང་ཙམ་བྱས་པའི་ལྟ་ཚུལ་ལམ་བསམ་ཚུལ་རྣལ་མ་ཞིག་བཀོད་ནས་མཇུག་གྲུབ་པར་བྱས་ཡོད།
གླེང་བསླང་བའི་སྐད་ཆ།བོད་སྤྱིའི་རྒྱལ་པོ་ཐོག་མ་ཞེས་ཡོངས་སུ་གྲགས་པའི་སྤུ་རྒྱལ་གཉའ་ཁྲི་བཙན་པོའི་རིགས་རུས་ཀྱི་མཆེད་ཁུངས་ཐད་རང་རེ་གངས་ཅན་པའི་མཁས་པ་དང་ཞིབ་འཇུག་པ་རྣམ་པར་འདོད་ཚུལ་མི་མཐུན་པ་སྣ་ཚོགས་ཤིག་མཆིས་པར་མ་ཟད། སོ་སོ་རང་ཉིད་ལ་རང་ཉིད་ཀྱི་བསམ་བློའི་ཁ་ཕྱོགས་དང་མཐུན་པའི་སྒྲུབ་བྱེད་ཀྱང་ལུང་རིགས་སྣ་ཚོགས་པ་མང་པོ་ཞིག་འགོད་རྒྱུ་ཡོད་པ་རེད། འདོད་ཚུལ་སྣ་ཚོགས་པ་དེ་དག་ཚུར་བསྡུས་ན།  བློན་པོ་བཀའི་ཐང་ཡིག་ཏུ། གནམ་ལྷ་བབས་ཀྱི་རྒྱལ་པོ་གཉའ་ཁྲི་བཙན། །གླེང་ལུགས་མ་མཐུན་གསང་བསྒྲགས་ལས་གསང་ཟེར། །གསང་བ་རྒྱལ་པོ་འཆད་པའི་ཆོས་ལུགས་གླེང་། །བསྒྲགས་པ་ལྷ་ལས་འཆད་པའི་བོན་ལུགས་གླེང་། །ཡང་གསང་ཐེའུ་བྲང་འཆད་པའི་དམངས་བློན་གླེང་། ། ཞེས་གསུངས་བ་ལྟར།  བསྒྲགས་པ་བོན་ལུགས་དང་། གསང་བ་ཆོས་ལུགས། ཡང་གསང་ཐེའུ་བྲང་གི་ལུགས་གསུམ་དུ་འདུ་བ་རེད་སྙམ།
༡ བསྒྲགས་པ་བོན་ལུགས།བསྒྲགས་པ་བོན་ལུགས་ནི་རྒྱ་བོད་ཆོས་འབྱུང་རྒྱས་པར་བཀོད་པའི་ཡོ་ག་ལྷ་གྱེས་ཅན་གྱི་བྱུང་རབས་འདི་དང་། ཏུན་ཧོང་ཡིག་རྙིང་དུ། ལྷ་གནམ་གྱྀ་སྟེང་ནས་གཤེགས་པའ། གནམ་ལྷབ་ཀྱི་བླ་ན། ཡབ་ལྷ་བདག་དྲུག་བཞུགས་པའི་སྲས། གཅེན་གསུམ་གཅུང་གསུམ་ན། ཁྲྀ་འི་བདུན་ཚྀགས་ཀྱྀ་སྲས། ཁྲི་ཉག་ཁྲྀ་བཙན་པོ། ། ཞེས་དང་། ལྡེའུ་ཆོས་འབྱུང་ཆེན་མོ་སོགས་སུ་བཀོད་པ་བཞིན་ཡབ་ལྷ་བདག་དྲུག་གི་གདུང་རྒྱུད་དུ་འཁྲུངས་བར་བཞེད་པ་དང་།  བོན་གྱི་ཡིག་ཆ་སྲིད་པ་རྒྱུད་ཀྱི་ཁ་བྱང་དང་།  རྩ་རྒྱུད་ཉི་སྒྲོན་སོགས་སུ་དེ་དང་མཐུན་པར་བཤད་ཡོད་ཚུལ་ཞིང་བོད་ལོ་རྒྱུས་ཏི་སེའི་འོད་དུ་དྲངས་པ་ལྟར་རོ། །
༢ གསང་བ་ཆོས་ལུགས།གསང་བ་ཆོས་ཀྱི་ལུགས་ལ་མང་པོས་བཀུར་བའི་གདུང་རྒྱུད་རྒྱལ་པོ་དམག་བརྒྱ་བའི་སྲས་སུ་འཁྲུངས་བར་བཀའ་འཆེམས་ཀ་ཁོལ་མ་དང་། ཆོས་འབྱུང་མཁས་པའི་དགའ་སྟོན།  རྒྱ་བོད་ཆོས་འབྱུང་། རྒྱལ་རབས་གསལ་མེ།  བོན་གཞུང་མཐོ་ཐོག་མཛོད། དར་རྒྱས་གསལ་སྒྲོན་སོགས་བན་བོན་གྱི་གཞུང་རྗེས་འབྲང་དང་བཅས་པ་མང་པོའི་བཞེད་ལ། བུ་སྟོན་ཆོས་འབྱུང་དུ། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་གདུང་རྒྱུད་དུ་འཁྲུངས་ཟེར་བ་དང་། ཁ་ཅིག་གཟུགས་ཅན་སྙིང་པོའི་སྲས་ཆུང་བ་སྟོབས་ཆུང་གི་སྲས་ལྔ་ཚིགས་ཡིན་ཟེར་བ། ཁ་ཅིག་བད་ས་ལའི་རྒྱལ་པོ་འཆར་བྱེད་ཀྱི་གདུང་རྒྱུད་དུ་བྱོན་པ་ཡིན་ཟེར་བའི་ཁ་ཅིག་གསུམ་བཀོད་ནས་ཁོང་གི་རང་ལུགས་ཁ་ཅིག་ཕྱི་མ་ལྟར་མཛད་པ་དང་། ཉང་ཆོས་འབྱུང་དུ་ཡང་དེ་ལྟར་གསུངས་བ་སོགས་བཤད་ཚུལ་མི་མཐུན་པ་འགའ་ཞིག་མཆིས་ཀྱང་དོན་ལ་འཇམ་དཔལ་རྩ་རྒྱུད་ཀྱི་ལུང་དང་། ལྷ་ལས་ཕུལ་བྱུང་གི་བསྟོད་འགྲེལ་སོགས་ལ་ཁུངས་བཅོལ་ནས་བོད་ཀྱི་རྒྱལ་པོའི་གདུང་རྒྱུད་རྒྱ་གར་མང་པོས་བཀུར་བའི་རྒྱལ་རྒྱུད་ལ་གཏུགས་ཡོད་པ་དེ་གའོ། །
 ཡང་གསང་ཐེའུ་བྲང་གི་ལུགས།བློན་པོ་བཀའི་ཐང་ཡིག་ལས། སྤུ་ཡུལ་མོ་བཙུན་གུང་རྒྱལ་ལ། །ཐེའུ་བྲང་སྤུན་དགུ་སྐྱེས་པ་ལས། །ཆུང་དག་ཨུ་བེ་ར་ནས་འཆད་པའོ། །ཁུར་དུ་གཉེར་ལྗི་ལས་སུ་སྨྲ་དཀའོ། །ཁྲི་རྒྱལ་བ་དང་དྲི་དམུ་ཏྲི་བཙན་སྲས། །གཉའ་ཁྲི་བཙན་པོ་ཟླ་བ་ཉ་ལ་སྐྱེས། །ཉ་ཁྲི་བཙན་པོ་ཞེས་ཀྱང་བྱ། ། ཞེས་དང་། རྒྱ་བོད་ཆོས་འབྱུང་རྒྱས་པར་ཡང་། ཡུལ་སྤུ་བོའི་ཡུལ་ནས་སྤུའི་མི་མོ་མོ་བཙུན་བྱ་བའི་རུམ་ནས་ཐེ་བྲང་སྤུན་དགུ་སྐྱེས་ཆུང་དག་ཐེའུ་བྲང་མ་སྙ་ཨུ་བེ་ར་བྱ་བ།ཞེས་པ་ནས། དེ་ནི་རྗེའི་རྔན་ནམ་མཚང་ལགས་སོ། །ཞེས་གསུངས་པ་བཞིན་སྤུ་ཡུལ་ནས་སྤུའི་མོ་བཙུན་གྱི་སྲས་སུ་འཁྲུངས་བའི་བཤད་ཚུལ་འདི་ནི་དམངས་ཀྱི་འཆད་ལུགས་སམ་ཡང་གསང་ཐེའུ་བྲང་གི་ལུགས་སོ། ། 
 ༤ རང་གི་བསམ་ཚུལ་གྱིས་དཔྱད་པ།འོ་ན་ལུགས་འདི་དག་ལས་དངོས་ཡོད་ལོ་རྒྱུས་དང་མཐུན་ཞིང་དོན་ལ་གནས་པའི་འཆད་ཚུལ་དེ་གང་ལགས་ཤེ་ན། སྤྱིར་མི་དབང་སྲོང་བཙན་ཡན་གྱི་རྒྱལ་རབས་དག་གི་བྱུང་རབས་རྣམས་ངག་རྒྱུན་ཙམ་རེ་ཡིག་ཐོག་ཏུ་བཀོད་པ་ལས་ལོ་རྒྱུས་དངོས་ཀྱི་བྱུང་རབས་ཡི་གེར་བཀོད་པ་མེད་པ་དང་། ལོ་རྒྱུས་ཀྱི་དཔྱད་གཞི་རྒྱུ་ཆའང་ཕུན་སུམ་ཚོགས་པོ་མེད་སྟབས། ངག་རྒྱུན་གྱི་བཤད་པ་ཙམ་དང་ཡིག་རྙིང་གི་ཚིག་དུམ་ཙམ་ལ་འཇུས་ནས་རང་བློས་དཔོགས་ཚོད་ཀྱི་དཔྱད་པ་ཕྲན་ཚགས་རེ་བྱེད་རྒྱུ་ལས་དངོས་ཐོག་བདེན་འཚོལ་དང།བདེན་ཐོག་བདེན་བཞག་གི་ལོ་རྒྱུས་སྨྲ་རྒྱུ་དང་། ལོ་རྒྱུས་འབྲི་རྒྱུ་ནི་ཤིན་ཏུ་དཀའ་བའི་ཚོད་དུ་བསླེབས་ཡོད་པ་རེད།   ལྷག་དོན་སྤུ་རྒྱལ་གཉའ་ཁྲི་བཙན་པོའི་གདུང་རྒྱུད་ཀྱི་མཆེད་ཁུངས་དངོས་མ་ཞིག་འཚོལ་དགོས་ན་གོང་དུ་བརྗོད་པའི་རྒྱུ་ཆ་དག་ལ་ཁུངས་བཅོལ་ནས་དཔྱད་པ་རེ་བྱེད་རྒྱུ་ཙམ་ལས།  སྐབས་དེའི་འཚོ་བའི་གོམ་སྲོལ་དང་།   རིགས་རུས་ཀྱི་འཕེལ་རིམ།  ཆོས་ལུགས་ཀྱི་རིན་ཐང་ལྟ་བ། སྲིད་དབང་ལམ་ལུགས། མངའ་ཁོངས་ཀྱི་ཁྱབ་རྒྱ་སོགས་ཇི་བཞིན་བརྗོད་ཐབས་བྲལ་བའི་གནས་སུ་གྱུར་ཡོད།  འོན་ཀྱང་དེ་དག་སྐབས་དེའི་དངོས་ཡོད་ལ་རྒྱུས་ལོན་བྱེད་པའི་ཐབས་ལམ་ཉག་གཅིག་ཡིན་པ་ནི་སྨོས་སུ་མེད།གོང་དུ་བརྗོད་ཟིན་པའི་བཤད་ཚུལ་གསུམ་གྱི་ཐ་སྙད་ལས་ཀྱང་སྐབས་དེ་དང་དེའི་དངོས་ཡོད་གང་མང་ཞིག་མཚོན་པར་བྱེད་ནུས་སྟེ། བསྒྲགས་པ་བོན་ལུགས་ཅེས་པའི་སྐབས་དེའི་སྤྱི་ཚོགས་བྱིངས་ཀྱི་ཆོས་ལུགས་བོན་ལུགས་ཡིན་པ་དང་། སྐབས་དེའི་རྒྱལ་པོའི་གདུང་རབས་ཀྱི་བྱུང་བ་སྤྱི་ཚོགས་ཡོངས་སུ་ཁྱབ་བསྒྲགས་བྱེད་བཞིན་པ་ནི་བཤད་ཚུལ་འདི་ཡིན་པའང་དཔག་ནུས།   གསང་བ་ཆོས་ལུགས་ཅེས་པའི་བཤད་ཚུལ་འདི་ནི་དུས་ཕྱིའི་འཕགས་ཡུལ་གྱི་ཆོས་ལུགས་བོད་དུ་དར་བའི་མགོ་བརྩམ་སྟེ་དམངས་སྤྱིའི་སེམས་སུ་ད་དུང་སྔར་གྱི་བཤད་ཚུལ་གྱི་བག་ཆགས་མ་ཉམས་ཤིང་རྗེ་བློན་རྣམས་དང་ཆོས་ལུགས་ཀྱི་མཁས་པ་རེ་འགའི་བཤད་ཚུལ་འདི་བདེན་པར་བཟུང་བའི་དུས་སྐབས་ཤིག་ནས་བྱུང་ཞིང་། ཆོས་པ་འགའ་ཞིག་ལས་དམངས་ཡོངས་ཀྱི་དེ་ལྟར་མི་འདོད་པས་གསང་བ་ཆོས་ལུགས་ཀྱི་བཤད་ཚུལ་ཞེས་བྱུང་བར་མངོན། བསྒྲགས་པ་བོན་ལུགས་དང་གསང་བ་ཆོས་ལུགས་གཉིས་ཀ་བན་བོན་དག་གིས་རང་རང་གི་ཆོས་ལུགས་བོད་ཀྱི་སྤྱི་ཚོགས་ལ་ཁྱབ་སྤེལ་བྱེད་པའི་མཐུན་རྐྱེན་གྱི་དགོས་མཁོར་དམིགས་ཏེ་བོད་ཀྱི་རྒྱལ་པོའི་ཐོག་མའི་མཆེད་ཁུངས་དེ་སོ་སོའི་ཆོས་ལུགས་ཀྱིས་བཤད་སྟངས་ཅན་དུ་བསྒྱུར་བ་ལྟ་བུ་རེད་ཡོད།ཡང་གསང་ཐེའུ་བྲང་གི་ལུགས་ཀྱི་བཤད་ཚུལ་འདི་ནི་དངོས་ཡོད་ལོ་རྒྱུས་ཡིན་འདུག་ཀྱང་བོད་སྤྱིའི་རྒྱལ་པོ་ནི་མི་རང་ག་བ་དང་དམངས་ཕལ་བ་ཞིག་གི་ཁྱིམ་རྒྱུད་ལས་བྱུང་བར་བཤད་ན། སྐབས་དེའི་སྤྱི་ཚོགས་ཀྱིས་རྗེ་བོར་བཀུར་མི་འོས་པའི་བསམ་བློ་དང་ལྟ་ཚུལ་ཡོད་པ་དང་། དམིགས་བསལ་དང་ཁྱད་འཕགས་ཀྱི་ནུས་པ་མངའ་བའི་མི་རྣམས་ལྷ་དང་ལྷ་ཡི་གདུང་རྒྱུད་ལས་བྱུང་བར་འདོད་པའི་ཆོས་ལུགས་ཀྱི་བག་ཆགས་གཏིང་ཟབ་མོ་ཡོད་པ།བོན་ཆོས་སྐབས་དེའི་སྤྱི་ཚོགས་སུ་ཁྱབ་སྤེལ་བྱེད་པའི་དགོས་མཁོ་སོགས་ལ་དམིགས་ནས་བོན་ཤེས་པ་བཅུ་གཉིས་སོགས་ཀྱིས་ལྷ་རབས་སྲིད་པའི་ཐ་ཆུང་དང་མི་རབས་སྲིད་པའི་མགོ་ཁུངས་ཞེས་བསྒྲགས་པ་བོན་ཀྱི་བཤད་ཚུལ་འདི་ཡོངས་སུ་བསྒྲགས་ཤིང་། སྐབས་དེའི་སྤྱི་ཚོགས་ཀྱི་ངོས་ནས་བལྟས་ནའང་རྒྱལ་པོ་ཐེའུ་བྲང་ལས་ཆད་ཚུལ་ནི་རྒྱལ་པོ་ལ་བརྩི་བཀུར་མེད་པ་དང་། མཚང་འབྲུ་ཚབས་ཆེན་ཡིན་པ་ཐུན་མོང་གི་ལྟ་སྟངས་སུ་གྱུར་ཏེ་བཤད་ཚུལ་འདི་ཉིད་ཡོངས་སུ་གྲགས་པར་མངོན་ཏེ།  རྒྱ་བོད་ཆོས་འབྱུང་རྒྱས་པར།   རྗེ་ལ་རྔན་མ་སྒྲང་སྐད་པ། ཡང་གསང་ཐེ་བྲང་ལས་ཆད་པའི་ལུགས་རྗེའི་རྔན་ནམ་མཚང་ལགས་པས། འོ་སྐོལ་རྨངས་ཕལ་བ་རྣམས་ཀྱིས་གླེང་ལ་མི་འཐད་པ་ལགས་སྐད་དོ། །ཞེས་དང་བཤད་མཛོད་ཆེན་མོ་ལས་ཀྱང་། རྒྱལ་པོའི་ངན་མཚང་གསང་ཚིག་ཡིན་པས་གླེང་མི་བྱ། ཞེས་སོགས་བཤད་པས་ཤེས།  དེའི་ཕྱིར་སྤུ་རྒྱལ་གྱི་དངོས་ཡོད་ལོ་རྒྱུས་ལ་བོན་གྱི་བཤད་ཚུལ་ལམ་ཡོ་ག་ལྷ་གྱེས་ཅན་གྱི་བཤད་ཚུལ་འདིའི་ཡོངས་སུ་ལྷད་བརྒྱབ་ནས་བཤད་ཅིང་། བཤད་ཚུལ་དེའི་དབང་གིས་ཕྱི་རབས་ཀྱི་དཔེ་ཆ་དང་ཡིག་རྙིང་དག་གི་ཁྲོད་དུ་བོན་ལུགས་དང་ཡང་གསང་གི་ལུགས་ཀྱི་བཤད་ཚུལ་འདྲེས་མ་མང་དུ་བྱུང་བར་གསལ་ལོ། །ཡང་གསང་གི་ལུགས་ཀྱི་བཤད་ཚུལ་འདི་ལའང་རྣམ་པ་གཉིས་སྟེ།   གཅིག་ནི་རྒྱ་བོད་ཆོས་འབྱུང་རྒྱས་པར།  ཡུལ་སྤུ་བོའི་ཡུལ་ནས་སྤུའི་མི་མོ་མོ་བཙུན་བྱ་བའི་རུམ་ནས་ཐེ་བྲང་སྤུན་དགུ་སྐྱེས་ཆུང་དག་ཐེའུ་བྲང་མ་སྙ་ཨུ་བེ་ར་བྱ་བ། ལྕེའི་གདོང་གི་དཀྱིལ་འཁོར་ཁེབས་པ།   ཞེས་ཨུ་བེ་ར་བྱ་བ་གཉའ་ཁྲི་རང་ཉིད་ཡིན་པར་གསུངས་བ་དང། ཡང་བློན་པོ་བཀའི་ཐང་ཡིག་ལས་གོང་དུ་དྲངས་པ་བཞིན། ཨུ་བེ་ར་ཡི་རྒྱུད་པ་ཁྲི་རྒྱལ་བ། དེའི་སྲས་གཉའ་ཁྲི་ཡིན་ཚུལ་དང་མཚན་ཐོགས་དོན་སོགས་གསལ་བར་བསྟན་པ་དང་། དེ་བཞིན་ལྡེའུ་ཆོས་འབྱུང་ཆེན་མོར།  ཐེ་བྲང་མང་སྙ་ཨུ་བེ་ར་ལས་ཆད་པའམ།  ཞེས་ཨུ་བེ་རའི་རྒྱུད་དུ་འཁྲུངས་ཚུལ་གཉིས་བཤད་པའི་ཕྱི་མ་འདི་དག་པར་སྙམ།  ཞིང་བོད་ལོ་རྒྱུས་སུ།རྒྱུད་རིམ་གྱི་ལོ་རྒྱུས་ཕྲན་ཙམ་ཆད་པ་ཨེ་ཡིན་སྙམ།  ཞེས་ལྡེའུ་རྒྱ་བོད་ཆོས་འབྱུང་དང་ལྡེའུ་ཆོས་འབྱུང་ཆེན་མོ་གཉིས་ཀའི་ཨུ་བེ་ར་གཉའ་ཁྲི་རང་ཉིད་ལ་བཞེད་པ་ལྟར་མཛད་འདུག་མོད།  ལྡེའུ་ཆོས་འབྱུང་ཆེན་མོར་དེ་ལྟར་གསལ་བོར་གསུང་མི་འདུག་པ་གོང་དུ་དྲངས་བའི་ལུང་དེ་ག་ལགས་པས་ལྡེའུ་རྒྱ་བོད་ཆོས་འབྱུང་དུ་རྒྱུད་རིམ་དེ་ཆད་པ་ཡིན་ཞེས་བཤད་ནའང་མི་འགྲིག་པ་མི་འདུགརྒྱུ་མཚན་དེ་དག་ཕྱིར་ངོས་ཀྱིས་གནས་སྐབས་ཀྱི་ལྟ་ཚུལ་ནི། གཉའ་ཁྲི་ནི་བོད་རང་གནས་ཀྱི་གདོན་མའི་མི་རྒྱུད་མ་སང་ངམ་ཐེ་བྲང་མང་སྙ་ཨུ་བེ་ར་ཞེས་པའི་གདུང་རྒྱུད་ཁྲི་རྒྱལ་བ་དང་སྤུ་ཡུལ་གྱི་སྤུ་མོ་བཙུན་གཉིས་ཀྱི་སྲས་སུ་འཁྲུངས་བར་འདོད་དོ། །གཞན་ཡོ་ག་ལྷ་གྱེས་ཅན་གྱི་བྱུང་རབས་ཡང་ཁུངས་འདི་ལ་གཞི་བཅོལ་ནས་བཤད་པ་ཞིག་ཡིན་པར་གོང་དུ་ཕྲན་ཙམ་བྲིས་པ་ལགས་ཤིང་ད་དུང་དེ་ལས་གསལ་བའི་རྒྱུ་མཚན་མང་པོ་ཞིག་ལག་སོན་བྱུང་རྒྱུ་ཡོད་པ་འདྲ་བའི་སྐབས་དེར་སྤྲོ་བར་བྱའོ། ། སྐབས་དེའི་སྤྱི་ཚོགས་ཀྱིས་ཐེའུ་རང་ཞེས་པ་མི་མ་ཡིན་པ་འདྲེ་ལྟ་བུ་རུ་བརྩི་བཞིན་ཡོད་པས་རྒྱལ་པོའི་གདུང་རྒྱུད་འདི་ལ་མ་གཏུག་པར་མངོན་མོད།  དོན་ལ་སྐབས་དེར་མ་སང་ལ་ཐེའུ་རང་ཞེས་བཏགས་པ་ཡིན་ཏེ།སྒྲུང་ལྡེའུ་བོན་གསུམ་གྱི་གཏམ་དུ་ཆོས་འབྱུང་མཁས་པའི་དགའ་སྟོན་དྲངས་བ་ལས།  མ་སང་ནི་ནམ་རྒྱུན་ཡོངས་སུ་གྲགས་པའི་ཐེའུ་རང་ཞེས་བྱ་བའི་གྲས་ཡིན། ཞེས་སོགས་བཀོད་འདུག་པས་ཐེའུ་བྲང་མང་སྙ་ཞེས་པའང་མ་སང་གི་རིགས་སུ་གོ་དགོས་འདུག་ལ། མ་སང་གི་རིགས་དེའང་ཡར་དེད་ན་མངའ་མཛད་བཅུའི་སྐབས་ཀྱི་བདུན་པ་དེ་ཡིན་ནམ་སྙམ་མོད་ད་དུང་དཔྱད་གཞི་མང་ཡང་གནས་སྐབས་དེ་ཙམ་མོ། །ཞེས་པའང་འདིའི་སྐོར་སློབ་ཁྲིད་བྱེད་སྐབས་དགོས་མཁོ་རུ་དམིགས་ནས་ཕྱི་ལོ ༢༠༢༢ ལོའི་ཟླ ༢ པའི་ཚེས ༢༤ ལ་མགོ་ལོག་པ་ཁྲ་སྨུག་གམ་ལོ་རྒྱུས་ཀྱི་རིག་གཞུང་ལ་མོས་པའི་བློ་ཅན་འཇམ་དཔལ་དགེ་ལེགས་ཀྱིས་སྦྱར་བའོ། །

 

བརྒྱུད་སྐུལ།

མཆན་སྤེལ།