དབུས་གཙང་ལོ་རྒྱུས་ཆེན་མོ་ལས་སྙེ་མོའི་རྫོང་གཞིས་འགྲོ་སྟངས་དང་། ཁྲལ་འུ་ཁྲིམས་འགོ། ༢༽

དབུས་གཙང་ལོ་རྒྱུས་ཆེན་མོ་ལས་སྙེ་མོའི་རྫོང་གཞིས་འགྲོ་སྟངས་དང་། ཁྲལ་འུ་ཁྲིམས་འགོ། ༢༽

ལེ་ཚན་གཉིས་པ། རྫོང་གཞིས་འགྲོ་སྟངས་དང་། ཁྲལ་འུ་ཁྲིམས་འགོ།

དང་པོ། རྫོང་གཞིས་འགྲོ་སྟངས།

མར་རྐྱང་འགོ་པ།

ཁུལ་དེ་ད་དུང་མར་རྐྱང་ཡོད་ཅིང་མར་རྐྱང་ནི་རིམ་དྲུག་རྫོང་སྒོ་འབྲིང་གྲས་རྫོང་སྡོད་སེར་མོ་བ་གཅིག་གིས་བསྐྱོངས་བའི་གཞི་ས་ཀ་ཞིག་ཡིན་འདུག་ལ།[1] དེའི་འགོ་པའི་ཁྱབ་ཁོངས་དང་དབང་ཚད་སོགས་ནི་དེ་སྔ་མར་རྐྱང་འགོ་བ་(འབྲོག་ཁུལ་དུ་འགོ་བ་དང་།

ཞིང་ཁུལ་དུ་རྫོང་གཞིས་ཟེར་)ཞེས་པའི་ཁྱབ་ཁོངས་ཡིན། དེའི་ཁྱབ་ཁོངས་ནི་ཤར་དུ་ཡངས་ཅན་(དེང་འདམ་གཞུང་རྫོང་ཁོངས་)དང་། ལྷོར་སྙེ་མོ་(དེ་སྔ་སྙེ་མོ་སྨོན་མཁར་གཞིས་ཟེར)།  ནུབ་དང་བྱང་དུ་འོད་ཡུག་(དེ་སྔ་འོད་ཡུག་གླིང་དཀར་གཞིས་སྡོད་ཟེར་པ་དང་། དེང་སང་རྣམ་གླིང་རྫོང་ཁོངས་ཡིན་)དང་ས་འདྲེས་ཡིན། མར་རྐྱང་འགོ་པའི་འོག་རྒན་ཁག་དྲུག་དང་ས་ཚིགས་གཅིག དམག་དཔོན་གསུམ་བཅས་ཡོད། རྒན་ཁག་དྲུག་པོས་ཕྱི་ནང་ཁྲལ་འུལ་རྒྱུག་དགོས་རྣམས་ཆ་གསེས་བྱ་རྒྱུ་སོགས་དང་། དམག་དཔོན་གསུམ་པོས་ཡུལ་སྡེའི་ནང་དགྲ་ཇག་རྐུན་གསུམ་བྱུང་སྐབས་ཡུལ་མི་བསྡུ་རུབ་ཀྱིས་ཡ་ལན་འཇུ་བཟུང་བྱེད་རྒྱུའི་འགན་འཁུར་དགོས། ས་ཚིགས་སུ་ས་ཚིགས་ཀྱི་རྟ་འུལ་བརྗེ་གཏོང་དང་དཔོན་རིགས། དམག་མི་སོགས་གཞུང་དོན་དུ་འགྲོ་མཁན་ལ་སྡོད་སྒྲིག་བྱེད་རྒྱུ་སོགས་ཡིན། འབྲོག་ཁུལ་གྱི་ཁྲལ་རྐང་བརྩི་སྟངས་ཐད་ས་ཆ་རེ་འགར་རྟ་མགོ་ཞེས་རྩི་སྲོལ་ཡོད་ལ་མར་རྐྱང་དུ་ནོར་(གཡག་)མགོ་ཞེས་བརྗོད་ཅིང་། ར་བཅུ་གསུམ་ལ་ནོར་མགོ་གཅིག་དང་། ལུག་བཅུ་ལ་ནོར་མགོ་གཅིག ནོར་གཅིག་ལ་ནོར་མགོ་གཅིག རྟ་གཅིག་ལ་ནོར་མོག་བཞི་སོགས་བརྩི་སྲོལ་ཡོད། ནོར་མགོ་མང་ཉུང་ལ་གཞིགས་པའི་ཁྲལ་འུལ་འཁྲི་ཆ་ཡོད།

ཕྱི་ཁྲལ་ཏེ་གཞུང་ཁྲལ་ནི་གཞུང་དོས་རྟ་ཁལ་དོས་སྐྱེལ་ཐད་མར་རྐྱང་ནས་ཤར་དུ་ཡངས་ཅན་ཟམ་གསར་དང་། ལྷོར་སྙེ་མོ་སྨོན་མཁར་གཞིས་བར། ནུབ་ཏུ་འོད་ཡུག་འཛོམས་ཐང་བར། བྱང་དུ་མཚུར་ཕུའི་ཁོངས་སྒར་སྡེ་བ་ཡིན། མཚུར་ཕུ་ཆོས་ཁང་གོང་ནས་བདག་སྐྱོང་བྱེད་པའི་སྦྲ་ཁ་རུ་བ་དང་། སྒེར་ལྷ་ཀླུས་བདག་སྐྱོང་བྱེད་པའི་ཆུ་མིག་སྡེ་གཉིས་ཕྱི་ཁྲལ་མར་རྐྱང་དུ་ཐེ་དགོས་ཀྱང་། ནང་ཁྲལ་ཐེ་ཆ་མེད། རྩྭ་ཁ་རག་ཅེས་པའི་རྩྭ་རྭ་དེ་ཡོངས་སུ་རྫོང་གི་ཕྱུགས་ཟོག་མ་གཏོགས་མི་སེར་གྱི་ཕྱུགས་ཟོག་གཏོང་མི་ཆོག མར་རྐྱང་འགོ་པ་སྔོན་མ་རྩེ་དྲུང་ཁོ་ནས་བྱེད་ཅིང་། རིམ་དྲུག་སེར་མོ་བའི་འགྲོ་ཁུངས་ཤིག་རེད་འདུག ཕྱི་ལོ་ ༡༩༥༤ ཡས་སུ་མར་རྐྱང་འགོ་པ་རྩེ་དྲུང་སྐལ་ལྡན་ཞེས་པ་ཡིན་འདུག་ལ། ཕྱི་ལོ་ ༡༩༥༤ ལོ་ནས་དབུས་གཙང་རྫོང་གཞིས་ཡོངས་རྫོགས་གཞུང་རྫོང་བཟོས་རྗེས། རྫོང་གཞིས་མི་འགྲོ་ཡང་སེར་སྐྱ་རེ་མོས་བཟོས་པ་བཞིན་མར་རྐྱང་འགོ་པ་དང་པོ་དེ་ཤོད་དྲུང་རིན་སྒང་པ་དབང་ཕྱུག་ཚེ་བརྟན་ཡིན་འདུག་ལ། ཕྱི་ལོ་ ༡༩༥༨ ཡས་མས་སུ་རྩེ་དྲུང་བསྟན་འཛིན་བཟང་པོ།[2] ཞེས་པ་ཁོངས་ཡིན་འདུག་པ་བཅས་སོ།

སྙེ་མོ་སྨོན་མཁར་རྫོང་འོག་བང་སྟག་བྱ་སྒོ་བའི་ས་ཁང་མི་གསུམ་དང་བཅས་པ་ཕྱི་ལོ་ ༡༧༩༤ ཡས་མས་སུ་༸གོང་ས་སྐུ་ཕྲེང་བརྒྱད་པས་བཤད་སྒྲ་ཀུན་དགའ་དཔལ་འབྱོར་ལ་ཇི་སྲིད་བར་མ་གཞིས་འཁྱོངས་ཐེབས་སུ་ཤེ་བམ་དང་བཅས་གཏན་འཇགས་སུ་སྩལ་འདུག[3]  དེ་ཁོངས་སུ་འདོན་སུམ་ཅུ་ཕྱེད་སོ་བརྒྱད་ཡོད་པའི་གཞིས་ལག་དར་གྲོང་བཀྲ་ཤིས་མཐོང་སྨོན་དང་། སྒང་རྒྱུད། སྟོད་རག མཁར་རུ་བཅས་ཚུད་ཡོད།[4]

 

གཉིས་པ། ཁྲལ་འུ་ཁྲིམས་འགོ།

སྙེ་མའི་ས་ཁོངས་ཀྱི་རི་ཀླུངས་ཚང་མ་གཞུང་སྒེར་ཆོས་གསུམ་ལ་དབང་བས། ས་ཁུལ་གཞན་དང་འདྲ་མཚུངས་ཕྱི་ཁྲལ་དང་ནང་ཁྲལ་འཇལ་དགོས། དེ་ཡང་ཕྱི་ཁྲལ་ནི་བོད་གཞུང་གི་དཔོན་རིགས་དང་དམག་དཔུང་སོགས་གཞང་དོན་དུ་འགྲོ་བསྐྱོད་བྱེད་མིར་ལམ་ཡི་གཞིར་བཟུང་གིས་རྟ་འུལ་ཞེས་བཞོན་རྟ་དང་། དོ་པོ་འགེལ་བྱེད་ཀྱི་ཁལ་མ། ཞག་སྡོད་བྱ་ཡུལ་དུ་གོ་གནས་ཀྱི་ཐོབ་ཐང་བཞིན་སྡོད་གནས་དང་། གཟན་རྩྭ། མི་ཤིང་། མེ་གཏོང་ཆུ་ལེན་བྱེད་མཁན་ཐབ་གཡོག་རྟ་གཡོག་བཅས་གྲ་སྒྲིག་བྱེད་དགོས་པ་ཡིན། ཞག་སྡོད་བྱ་ཡུལ་གྲོང་ཚོ་མེད་སར་གུར་སོགས་གྲ་སྒྲིག་དགོས་ཀྱི་ཡོད། གཞན་ཡང་གཞུང་ཡིག་སྐྱེལ་མི་ཨ་དྲུང་འབྱོར་ན་ས་ཚིགས་ཀྱི་རྟ་འུལ་གཏོང་རྒྱུ་དང་། ཀོ་གྲུ་འདོན་རྒྱུ་སོགས་བྱེད་དགོས།[5] དེ་མིན་ཡུལ་གྱི་ཐོན་ཁུངས་ནས་གཞུང་ཁྲལ་སྐྱེལ་དགོས་པ། སྙེ་མོ་ཕུག་པ་ནས་འབྲུ་ཕུག་དཀར་ཞེས་ཁ་མདོག་དཀར་ལ་པགས་པ་སྲབ་པ་རོ་མངར་བ་ཞིག་དོན་གྱི་ཡོད་པ་ལོ་ལྟར་ལྷ་སའི་ཞོལ་པ་ལས་ཁུངས་སུ་རྩེ་གསོལ་ཐབ་ཀྱི་ལྗགས་སྨིན་རྒྱུ་འབྲུ་ཕུ་དཀར་རུའི་ཁལ་ ༣༢༠ སྐོར་སྐྱེལ་དགོས་པ་དང་། བྲེ་ནང་དང་། སྒོ་དབྱེ་གཉིས་ནས་སྨོན་མཁར་ལས་ཤོག་ཅེས་བོད་ཤོག་སྤུས་ལེགས་བཅུ་ལྡེབས་དོ་པོ་འགའ་ཤས་སྐྱེལ་དགོས་པ། བོང་ཁང་ཁོངས་ནས་བོད་ཚོན་སྤང་(ལྗང་གུ་)དང་། མཐིང་(སྔོན་པོ་)ཐོན་གྱི་ཡོད་སྟབས་བོད་གཞུང་ལ་ཚོན་སྔོ་ལྗང་དགོས་མཁོ་ཡོད་དུས་སྙེ་མོ་སྨོན་མཁར་གཞིས་སྡོད་ལ་བཀའ་རྒྱ་བཏབ་བ་ལྟར་སྨོན་མཁར་གཞིས་སྡོད་ནས་འདུ་ཁོངས་ལ་རྐང་འདོན་ཆེ་ཆུང་ལ་གཞིགས་ནས་མི་འགྲོ་དང་། ཁལ་མ་སོགས་ཆ་བགོས་བརྒྱབ་པ་བཞིན་མི་སེར་ལས་མི་རྣམས་རྒྱགས་རང་འཁུར་གྱི་ལས་ཀར་འགྲོ་དགོས།

ཚོན་འདོན་ཡུལ་དེ་ས་རོང་དོག་ལ་མཐིང་ཁུང་གཏིང་རིང་བ་སོགས་དཀའ་ཉེན་ཤིན་ཏུ་ཆེ་སྟབས། དེ་གར་ངལ་རྩོལ་བྱེད་རྒྱུ་ནི་སྲོག་དང་བསྡོས་ཏེ་བྱེད་དགོས་ཀྱི་ཡོད། དུས་རབས་ཉི་ཤུ་པའི་ལོ་རབས་སུམ་ཅུ་པའི་ནང་མཐིང་ཁུང་སྡིབ་ནས་མི་གྲངས་ཉི་སུ་སྐོར་ཤི་སྐད་འདུག ཐོན་པའི་ཁོངས་ལུག་ར་སོགས་ནས་ཤུགས་པ་ཐོན་གྱི་ཡོད་པ་སྤོས་བཟོའི་རྒྱུ་ཆ་གཙོ་བོ་ཞིག་ཡིན། དེ་ཁུལ་གྱི་ཡུལ་མི་ཚོས་ལྷ་ས་སོགས་ལ་སྤོས་རྒྱུ་འཚོང་བར་འགྲོ་སྐབས་པོ་ཏ་ལའི་ཞོལ་དུ་ཡོད་པའི་སྤོས་བརྡུང་ཁང་(བོད་གཞུང་སྤོས་བཟོ་ཁང་)གི་སྐོར་གཡེང་དང་འཕྲད་ཚེ་བཙན་འཕྲོག་བྱེད་ཀྱི་ཡོད་འདུག དེ་སྔ་གཞུང་གི་ཕྱི་ཁྲལ་འཆར་ཅན་དང་འཕར་མ་སྣ་ཚོགས་རྒྱུག་དགོས་པའི་ཐོག་རང་ཁོངས་དཔོན་པོའི་སྒེར་ཁྲལ་ཏེ་ནང་ཁྲལ་ཡང་སྣ་ཚོགས་ཡོད་པ་ཞིང་གཡོག་དང་། ཤིང་སྒྲུག  ལུད་འདོན། ཨར་རྒྱག་མི་འགྲོ་སོགས་སྣ་ཚོགས་ཡོད། ཐོན་ཁུངས་འཛོམས་ལ་ལག་རྩལ་དར་རྒྱ་སཆེ་བའི་ཡུལ་དེའི་རྒྱ་ཆེའི་མི་སེར་རྣམས་ནི་འཚོ་བ་འཕོངས་ཤིང་ཁྲལ་འུལ་གྱིས་མནར་སྟབས་དཀའ་ངལ་ཤིན་ཏུ་ཆེན་པོ་ཡོད།[6]

 

གསུམ་པ། སྒེར་ཐོན་པའི་སྒེར་གཞིས།

བོད་དུ་དུས་ངན་མ་བྱུང་སྔོན་ངོ་གཞིས་སྙེ་མོ་རྫོང་ཁོངས་སུ་སྒེར་པའི་རིགས་སྡེ་དཔོན་ཐོན་པ་བ་དང་། སྒེར་རྨར་ལམ་པ། སྒེར་འཇུན་པ་བ། སྒེར་སྙེ་མོ་མདོ་མཁར་བ། སྒེ་རྡོ་དགོན་པ་བཅས་དང་། སྒེར་འཇུན་ཟུར་བ། སྒེར་བཀྲས་གཤོང་པ། སྒེར་དགོན་ཐང་པ། སྒེར་བྱང་ཐང་བཀྲས་གླིང་། གཞིས་ལག་ཡོད་པ་སྒེར་བཤད་སྒྲ་དང་། ལྷ་ཀླུ། གཡུ་ཐོག ཧོར་ཟུར་བཅས་ཀྱི་གཞིས་ཀ་ཆེ་ཆུང་ཁ་ཤས་ཡོད། སྒེར་ཁག་དེ་དག་གི་ནང་ནས་འཛིན་ཁོངས་གཞི་རྒྱ་ཆེ་ཤོས་སྡེ་དཔོན་ཐོན་པ་ཡིན།[7] ཅེས་གསལ།  ཡང་《བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས་》ལས། ཁུལ་འདིར་སྒེར་ཁག་མི་འདྲ་བ། སྒེར་འཇུན་པ་བ་དང་། སྒེར་འཇུན་ཟུར་བ། སྒེར་བཀྲས་གཤོང་པ། སྒེར་དགོན་ཐང་པ། སྒེར་རྨར་ལམ་པ། སྒེར་རྡོ་དགོན་པ། སྒེར་བྱང་ཐང་བཀྲས་གླིང་།[8] ཡོད་ཅེས་འཁོད། དེ་དག་ལ་སྒེར་པ་མང་པོ་ཞིག་སྒེར་རྟ་རྐྱང་ཞེས་སྒེར་པ་ཡིན་རུང་གཞུང་ཞབས་མེད་པ་དེ་འདྲ་ཡིན། ད་དུང་སྒེར་པ་གཞན་གྱི་གཞིས་ལག་ཡོད་པའང་སྒེར་བཤད་སྒྲ་དང་། ལྷ་ཀླུ། གཡུ་ཐོག ཧོར་ཟུར་བཅས་ཀྱི་གཞིས་ཀ་ཆེ་ཆུང་ཁ་ཤས་ཡོད།

སྒེར་ཁག་དེ་དག་ལས་འཛིན་ཁོངས་རྒྱ་ཆེ་ཤོས་ནི་སྒེར་ཐོན་པ་ཡིན། ད་ཕན་སྒེར་ཐོན་པ་རང་གི་ཡིག་རིགས་གང་ཡང་རྙེད་སོན་བྱུང་མེད་ཀྱང་། ཁུལ་དེའི་མི་མང་གི་ཡོངས་གྲགས་བཤད་སྲོལ་ལ། སྒེར་ཐོན་པ་ནི་ཐོན་མི་བསམ་བྷོ་ཊའི་འཁྲུངས་གཞིས་ཡིན་པ་དང་། སྡེ་དཔོན་ཐོན་པ་ནི་དེ་སྔ་སྙེ་མོ་ཁུལ་ཡོངས་ལ་དབང་འཛིན་བྱེད་མཁན་ཞིག་ཡིན་པ་ནས། རྗེས་སུ་བོད་གཞུང་གི་ཞབས་འབྲིང་ཁོངས་སུ་གཏོགས་པ་ཞིག་རེད། དེ་ཡང་ཐོན་པའི་མི་ངོ་སྐད་གྲགས་ཆེ་བ་ནི་ཕྱི་ལོ་ ༡༧༥༡ ལོར་༸གོང་ས་སྐུ་ཕྲེང་བདུན་པའི་སྐུ་དུས་བཀའ་ཤག་གསར་འཛུགས་གནང་སྐབས། བཀའ་བློན་བཞིའི་ཁོངས་ཛ་སག་ཐོན་པ་སྲི་ཆོད་ཚེ་བརྟན་ཞེས་དང་། ཕྱི་ལོ་ ༡༧༧༨ ལོར་བཀའ་བློན་གསར་བསྐོས་ཛ་སག་ཐོན་པ་སྲིད་ཞི་དབང་འདུས་ཅེས་པ་གཉིས་བྱུང་། དེ་རྗེས་ཐོན་པའི་མི་རྒྱུད་རྗེས་མ་ཞིག་གི་སྐབས་མི་ངོ་ནང་ཁུལ་མ་མཐུན་པ་བྱུང་ནས་ཁྱིམ་ཚང་ཁ་གྱེས་ཏེ་ཟུར་དུ་བགོས་པ་ནི། དུས་ཕྱིས་བཤད་སྒྲའི་ཁོངས་སུ་ཆོད་པའི་གཞིས་ཁག་རྣམས་ཡིན་ཟེར་བ་དང་། སྐབས་དེར་བགོས་ཕུད་དུ་ཆོད་པའི་འཛིན་གྲས་ནི་སྒེར་རྨ་ལམ་པའི་ཕ་གཞིས་རྣམས་ཡིན་ཟེར་སྲོལ་འདུག

སྡེ་དཔོན་ཐོན་པ་བའི་འཛིན་ཁོངས་རྒྱ་ཁྱོན་ཐད། ཕྱི་ལོ་ ༡༨༣༠ ལོར་གཏན་འབེབས་གནང་བའི་《ལྕགས་སྟག་ཞིབ་འཇུག་》ལྟར་ན། སྡེ་དཔོན་ཐོན་པ་རྐང་སུམ་བརྒྱ་བཞི་བཅུ་ཞེ་གསུམ་དང་གསུམ་ཆ་གཅིག་ལ་འདོན་བརྒྱ་དང་བདུན་ཅུ་དོན་གཅིག་དང་དྲུག་ཆ་ཕྱེད་གསུམ། ཞེས་གསལ་བས་སྙེ་མོ་རྫོང་ཡོངས་ཀྱི་རྐང་འབོར་གྱི་གསུམ་ཆ་གཅིག་ཙམ་ཟིན་གྱི་ཡོད་པས། དེ་སྔའི་བོད་གཞུང་གི་དྲུང་འཁོར་སྒེར་པའི་ནང་སྡེ་དཔོན་ཆེ་ཁག་ཟེར་བ་བཞི་ལས་མེད་པའི་ནང་གི་གྲས་གཅིག་ཡིན། སྙེ་མོ་རྫོང་ཁོངས་སུ་ཐོན་པ་བའི་གཞིས་ཁག་ཐོན་ལུག་རྭ་གཞིས་ཀ་དང་། ཐོན་མདའ་གཞིས་ཀ། ཐོན་ཕུ་གཞིས་ཀ། དགེ་འཕེལ་གཞིས་ཀ ལྷུན་གྲུབ་སྒང་གཞིས་ཀ ཀུན་ར་གཞིས་ཀ་བཅས་གཞིས་ཁག་ཆེ་ཆུང་དྲུག་ཡོད་པ་ངོ་འདོན་གྱི་ས་ཞིང་རགས་རྩིས་བསྡོམས་སོན་ཁལ་ ༦༧༩༠ སྐོར་འགྲོ་བ་དང་། མི་སེར་རགས་རྩིས་བསྡོམས་ཐེམ་དུད་ ༦༨༣ མི་གྲངས་བསྡོམས་ ༣༣༦༠ སྐོར་བཅས་ཟིན་ཅིང་། འབྲོག་པ་རུ་ཁག་ ༡༢ ལ་བསྡོམས་འབྲི་གཡག་མགོ་གྲངས་ ༡༣༢༨ དང་ལུག་བསྡོམས་ ༢༡༧༦ མི་སེར་འབྲོག་པ་བསྡོམས་མི་གྲངས་ ༡༠༧ བཅས་དང་། གཞིས་ཀ་ལྟེ་བར་རྟ་དྲེལ་ ༣༠ སྐོར་དང་། བཞོན་མ་བ་དང་མཛོད་ ༡༦ ལྷ་ས་དང་ཐོན་གཞིས་གཉིས་ཁུལ་ཕྱག་མཛོད་དང་། དྲུང་ཡིག གཉེར་པ། མ་བྱན། གཟིམ་དཔོན། ཞལ་ཏ་མ། ཆིབས་དཔོན་སོགས་རྒྱུན་སྡོད་གཡོག་པོ་བསྡོམས་མི་གྲངས་ ༥༦ བཅས་ཡོད།

ད་དུང་རྫོང་གཞན་གྱི་ཁོངས་གཞིས་ལག་ཡོད་པ་དཔེར་ན། ཆུ་ཤུར་རྫོང་ཁོངས་འཕྲུལ་པོ་གཞིས་ཀ་དང་། སྲད་སྨད་གཞིས་ཀ སྙེ་ཕུ་གཞིས་ཀ་བཅས་དང་། རིན་སྤུངས་རྫོང་ཁོངས་བར་ཐང་གཞིས་ཀ་དང་། སྦུས་གྲོང་གཞིས་ཀ་རྣམས་ཡོད་ཅིང་། གོང་གསལ་གཞིས་ལག་ཆེ་ཆུང་ཁག་ལྔ་ལ་ལག་འདེབས་ས་ཞིང་རོབ་རྩིས་བསྡོམས་སོན་ཁལ་ ༤༢༠ སྐོར་དང་། ཞིང་བྲན་བསྡོམས་ཐེམ་གྲངས་ ༡༢༨ ལ་མི་གྲངས་ ༥༠༠ ལྷག་ཙམ་དང་། ཕྱི་ནང་གི་ཁྲལ་རྟེན་ས་ཞིང་བསྡོམས་སོན་ཁལ་ ༡༨༠༠ སྐོར་བཅས་ཡོད་པ་རེད། གོང་གསལ་རྣམས་གཡོག་པོ་རྣམས་ནས་ཐོན་པའི་གཞིས་ཀ་སོ་སོའི་ལག་འདེབས་ས་ཞིང་གི་ལོ་གཅིག་དུས་བཞིའི་སོ་ནམ་ཞིང་གཡོག་ཚང་མ་བྱེད་དགོས་སྨོས་མེད་ཐོག་གཞིས་ཁག་བཅུའི་མི་སེར་ནས་སྟོན་དུས་ལུག་ཤ་ཁོག་ ༣༥༠ དང་། མར་འདེགས་ཁལ་ ༨༠ སྐོར་བཅས་འཇལ་སྒྲུབ་བྱེད་དགོས་པ་དང་། ཐོན་པའི་ཉེ་འདབ་གཞིས་ཀ་སོ་སོའི་ཡུལ་བབས་ཀྱི་ཐོན་ཁུངས་བ་ལུའི་བསངས་ཤིང་དང་། རི་སྐྱེས་ཆོ་ལོ། སུག་པ། སྨུག་རྩི། ཤིང་ཚར་པ། སོལ་བ་སོགས་ཀྱི་ཁྲལ་རྒྱག་དགོས་པ་མ་ཟད། བརྔོད་འཐག་ལས། བལ་ལས་སོགས་ཀྱི་ཁྲལ་འུལ་སྣེ་མང་རྒྱུགས་དགོས་ཀྱི་ཡོད་པ་རེད། རྒྱལ་བྱེད་དགོན་པ་གཙོས་པའི་སྙེ་མོ་ཁུལ་གྱི་དགོན་པ་ལྷ་ཁང་མང་པོ་ཞིག་ཐོན་པས་བདག་གཉེར་དང་། ལོ་ལྟར་མཆོད་རྒྱུན་གྱི་གཏོང་སྒོ་མང་པོ་གཏོང་སྲོལ་ཡོད་པ་སོགས་ཡོད་འདུག

གཞུ་སྨད་ཤང་དུ་དེ་སྔོན་སྒེར་བཀྲ་གཤོང་པ་ཞེས་པ་དེའི་མི་རབས་ཁ་ཤས། དེ་སྔའི་བོད་གཞུང་གི་གཞུང་ཞབས་བྱས་ཤིང་དུས་རབས་ཉི་ཤུ་པའི་འགོར་བཀྲས་གཤོང་སྒེར་ཟུར་ཁང་དང་བསྒྲིལ། ལོ་རབས་ཉི་ཤུ་པའི་རྗེས་སུ་སྒེར་ཟུར་ཁང་པའི་བུ་མོ་ལྷ་མོ་གཞོན་ནུ་སྒེར་ཤེལ་དཀར་གླིང་པའི་བུ་ཞིག་གི་གནའ་མར་ཕྱིན་ནས་བཀྲ་གཤོང་གཞིས་ཀ་འཛིན་སྐྱོང་བྱས་ཀྱང་། ཁྱོ་ཤུག་གཉིས་མ་མཐུན་པར་གཞུང་གཏུགས་བྱས་སྟབས། ཕྱི་ལོ་ ༡༩༤༧ ལོར་རྭ་སྟག་དོན་རྐྱེན་བྱུང་རྗེས་བཀྲས་གཤོང་གཞིས་ཀ་རྭ་སྒྲེང་བླ་བྲང་ནས་བླང་སྟེ་སྲིད་སྐྱོང་སྟག་བྲག་བླ་བྲང་ལ་སྤྲད། ཕྱི་ལོ་ ༡༩༥༨ ལོའི་ཡས་མས་སུ་བཀྲ་གཤོང་གཞིས་འོག་མི་སེར་ཕྱུག་པོ་ཁག་གཅིག་གིས་བཀྲས་གཤོང་གཞིས་དེ་སྒེར་པའི་ཕ་གཞིས་ཡིན་པ་ལས། ཆོས་གཞིས་མིན་པའི་སྐོར་གྱི་རྒྱུ་མཚན་དང་སྦྲགས་སྟག་བྲག་བླ་བྲང་ལ་གྱེན་ལྡོག་གིས་དཔོན་ཁུངས་གསར་པ་ཚོལ་རྩིས་བྱས་ཀྱང་ཕྱི་ལོ་ ༡༩༥༩ ལོར་བོད་ལ་དུས་འགྱུར་བྱུང་ཡོད།[9] ཅེས་གསལ།

 

དཔྱད་གཞིའི་ཡིག་ཆའི་ལུང་ཁུངས།

 

[1]多杰次仁,西藏封建农奴制社会形态,中国藏学出版社。2005.Pg  340.

[2] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་དགུ་པ། སྙེ་མོ་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༢༠༠༠། ཤོག ༨༨།

[3] བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། འདོན་ ༡༤། མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༢། ཤོག ༨།

[4] བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། འདོན་ ༡༤། མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༢། ཤོག ༡༦༤།

[5] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་དགུ་པ། སྙེ་མོ་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༢༠༠༠། ཤོག ༡༠༤།

[6] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་དགུ་པ། སྙེ་མོ་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༢༠༠༠། ཤོག ༨༦།

[7] ལྕགས་སྟག་ཞིབ་གཞུང་། ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༩། ཤོག ༥༤།

[8] བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདགམས་བསྒྲིགས། འདོན་ ༢༣། མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༣ ཤོག ༡༨༣།

[9] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་དགུ་པ། སྙེ་མོ་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༢༠༠༠། ཤོག ༨༦།

 

དབུས་གཙང་ལོ་རྒྱུུས་ཆེན་མོ་ལས་དྲངས།

བརྒྱུད་སྐུལ།

མཆན་སྤེལ།