དབུས་གཙང་ལོ་རྒྱུས་ཆེན་མོ་ལས། སྙེ་མོ་རྫོང་གི་ས་ཞིང་བདག་ཐོབ་དང་། ཡུལ་སྡེ་དང་། རི། ལ། མཚོ། གཙང་པོ་སོགས། ༣༽

དབུས་གཙང་ལོ་རྒྱུས་ཆེན་མོ་ལས། སྙེ་མོ་རྫོང་གི་ས་ཞིང་བདག་ཐོབ་དང་། ཡུལ་སྡེ་དང་། རི། ལ། མཚོ། གཙང་པོ་སོགས། ༣༽

ལེ་ཚན་གསུམ་པ། གཞུང་སྒེར་ཆོས་གསུམ་གྱི་ས་ཞིང་བདག་ཐོབ།

        སྙེ་མོའི་ཁུལ་དུ་གཞུང་སྒེར་ཆོས་གསུམ་གྱི་ས་ཞིང་བདག་ཐོབ་ཐད་ཕྱི་ལོ་ ༡༨༣༠ གཏན་ལ་ཕབ་པའི་《ལྕགས་སྟག་ཞིབ་གཞུང་》ནང་གསལ་ལྟར་ན། མཆོད་གཞིས་འདོན་བདུན་བཅུ་དོན་གསུམ་དང་། སྒེར་པ་འདོན་ཕྱེད་སུམ་བརྒྱ་དགུ་བཅུ་གོ་གསུམ་དང་།

གཞུང་རྒྱུག་རྐང་དགུ་བཅུ་གོ་གསུམ་དང་དྲུག་ཆ་གཅིག་བཅས་ཡོད།[1] མར་རྐྱང་ཁུལ་གྱི་ཞིབ་གཞུང་ནང་བསྡོམས་མཆོད་གཞིས་སྦྲ་རྐང་ཕྱེད་བཅུ་གཉིས་དང་བཅུ་གཉིས་ཀྱི་ཆ་གཅིག སྒེར་སྦྲ་རྐང་ཕྱེད་དྲུག་དང་ལྔ་ཆ་གཅིག གཞུང་རྒྱུག་སྦྲ་རྐང་བདུན་ཅུ་དོན་ལྔ་བཅས་ཡོད།[2]

ས་བཅད་གསུམ་པ། ཡུལ་སྡེ་དང་། རི། ལ། མཚོ། གཙང་པོ་སོགས།

ལེ་ཚན་དང་པོ། ཡུལ་སྡེ་ཆེ་ཁག།

        སྙེ་མོ། ཟངས་རི། དར་གྲོང་། ལྷུན་གྲུབ་སྒང་། ཕུ་གསུམ། ཞོ་ལེགས། ཨང་སྒང་། ཧོ་ཏུང་། ཉི་ཞོལ། ས་སྣེ། རྫོང་ཞོལ། སྲ་སྒང་། གཞུ་སྨད།  ཐོན། ཐོན་མདའ། ཐོན་ཕུ། དགེ་འཕེལ། ཆུ་གླིང་། རི་མཚོ། ཉི་རོང་། སྨོན་མཁར། བྲེནང་། མཁར་རུ། ཉི་མ། མདོ་མཁར། མར་རྐྱང་། ཡི་ཤང་། མཐའ་མཐུན། ཨར་ཤང་། སྟབས་བྱུང་། སན་ཤང་། གྱང་ཉ། བྲག་སྐོར། ཕག་ཕུ། ཕུག་པ། བོང་ཁང་། ཆིབས་སྒ། བཙན་ཞྭ། ཤོག་བུ་ལ། ཐོན་པ་ལ། རུ་པ་མཚོ། སྙེ་མོ་མ་ཆུ། གཞུ་ཆུ།[3]

ལེ་ཚན་གཉིས་པ། རི་དང་། ལ། མཚོ། གཙང་པོ།

ཇོ་མོ་གངས་དཀར་རི། བཙན་ཞྭ་རི། ཤོག་བུ་ལ། ཐོན་ལ། རུ་པ་མཚོ། སྙེ་མོ་མ་ཆུ། གཞུ་ཆུ་སོགས་ཡོད། དེ་དག་ལས་ཇོ་མོ་གངས་དཀར་ནི་སྙེ་མོ་མར་རྐྱང་ཁུལ་ཐབ་མདུན་གྲོང་ཚོའི་ཁོངས་སུ། ཇོ་མོ་གངས་དཀར་ཞེས་དབུས་གཙང་གཉིས་ཀྱི་བར་ན་བརྗིད་ཉམས་ཆེ་ཞིང་། ལོ་གཅིག་དུས་བཞིར་གཟི་མདངས་མི་འགྱུར་བའི་གངས་རི་ཆེན་པོ་ཞིག་ཡོད། དེར་ཆེས་གནའ་དུས་ནས་བོན་གྱི་གནས་སྲུང་གངས་དཀར་གནམ་སྨན་དཀར་མོ་ཞེས་གྲགས་ཤིང་། གངས་རིའི་མཐོ་ཚད་ལ་རྒྱ་མཚོའི་ངོས་ནས་སྤྱི་ཁྲེ་ ༧༠༤༨ ཙམ་ཡོད་པ་དང་། ཇོ་མོ་གངས་དཀར་གྱི་མཐའ་སྐོར་དུ་མཚེའུ་ཆེ་ཆུང་བཅུ་ཙམ་ཡོད་པའི་ནང་གི་ཆེ་ཤོས་དེར་ལྷ་མོའི་བླ་མཚོ་ཟེར་ཞིང་། དེ་སྔ་དེ་གར་མཚོ་མཇལ་མཐོང་རྒྱུ་ཡོད་པའི་བཤད་སྲོལ་ཡོད་ལ་རི་སྐོར་དུ་འགྲོ་སྲོལ་ཡང་ཡོད་འདུག  རི་གཤམ་ནི་རྩྭ་ཐང་ཡིན་ལ་རི་བརྒྱུད་ནུབ་ངོས་སུ་རི་རྩེ་གངས་ཀྱིས་གཡོག་པ་ཁ་ཤས་ཡོད། གངས་རི་དེ་ལས་འབབ་པའི་ཆུ་རྒྱུན་ནི་སྙེ་མོའི་གཞུང་ཆུ་དང་། གནམ་མཚོའི་ཆུ་འགོ་སོགས་ཡིན།[4]

ཐོན་པ་ལ་ནི་རྫོང་ཆགས་ཡུལ་གྱི་ལྷོ་ཤར་དུ་གནས་པ་དང་། ཤོག་བུ་ལ་ནི་རྫོང་ཆགས་་ཡུལ་གྱི་བྱང་ཕྱོགས་སུ་གནས་ཤིང་ཚིག་དོན་ཤོག་བུའི་རི་བོའི་ལ་ཞེས་དང་། རྒྱ་མཚོའི་ངོས་ནས་མཐོ་ཚད་སྨི་ ༥༤༥༤ ཡོད་ཅིང་གཞོགས་གཉིས་ནི་རང་བྱུང་འབྲོག་ས་རེད། བཙན་ཞྭ་རི་ནི་རྫོང་ཆགས་ཡུལ་གྱི་བྱང་ཤར་དུ་གནས་ཤིང་ཚིག་དོན་བཙན་པོའི་ཞྭ་མོའི་རི་ཞེས་དང་། རི་འདབས་ལ་རང་བྱུང་འབྲོག་ས་ཡོད།[5]  སྙེ་མོ་མ་ཆུ་ནི་ཡང་ཀླུངས་གཙང་པོའི་ཆུ་རྒྱུན་མ་ལག་གི་ཁོངས་སུ་གཏོགས་ཤིང་། སྐྱིད་ཆུ་ལས་ཆུང་ཙམ་གྱི་ཡན་ལག་ཆུ་རྒྱུན་ཞིག་ཡིན་པ་དེ་ས་ཁུལ་འདིའི་ནུབ་རྒྱུད་ནས་རྒྱུགས་པ་དང་། ཆུ་འགོ་ནི་གཉན་ཆེན་ཐང་ལྷའི་རི་རྒྱུད་ཀྱི་ཇོ་མོ་གངས་དཀར་དང་ཤོག་བུ་ལར་ཐུག བྱང་ནས་ལྷོར་བབས་ཏེ་བྲག་སྐོར་ནས་ཤར་ལྷོར་རྒྱུགས་པ་དང་། མར་རྐྱང་། བྲག་སྐོར་སྙེ་མོ་སོགས་བརྒྱུད་མཐར་ཡང་ཀླུངས་གཙང་པོར་འབབ། སྤྱིའི་རིང་ཚད་སྤྱི་ལེ་ ༡༠༠ ལྷག་ཙམ་ཡོད་ཅིང་ཆུ་འགོའི་རྒྱུད་དུ་མཚོ་ངོས་ལས་མཐོ་ཚད་སྤྱི་ཁྲེ་ ༣༦༨༠ ནས་ ༦༠༠༠ བར་དང་། ཡར་ཀླུངས་གཙང་པོ་འདྲེས་མཚམས་སུ་མཚོ་ངོས་མཐོ་ཚད་སྤྱི་ཁྲེ་ ༣༦༨༠[6]  ཡོད།[7]

 

ས་བཅད་བཞི་པ། ཞིང་འབྲོག་ཐོན་ཁུངས།

སྙེ་མོ་རྫོང་ནི་ཞིང་ལས་གཙོ་བོའི་ཐོག་ཞིང་འབྲོག་མཉམ་སྦྲེལ་གྱི་རྫོང་ཞིག་ཡིན་ཞིང་། རྨོ་ཞིང་མུའུ་ཁྲི་ ༤.༣ དང་ནགས་སའི་རྒྱ་ཁྱོན་མུའུ་ཁྲི་ ༢༥.༦ ཡོད་པའི་ནང་། ལོ་ཏོག་གཙོ་བོ་ནས་དང་། དགུན་གྲོ དཔྱིད་གྲོ སྲན་མ། པད་ཁག་སོགས་དང་། ད་དུང་བྲ་བོ་དང་། རྒྱབ་ར། སོ་མ་ར་ཙ། རྒྱ་སྲན། མ་རྨོད་ལོ་ཏོག ཉུང་མ་ཤོ་ཚ་སོགས་འདེབས་ལས་བྱེད་པ་མ་ཟད། སྔོན་ཚལ་གྱི་རིགས་དང་། ཞོག་ཁོག ལ་ཕུག ཉི་མ་མེ་ཏོག་སོགས་ཀྱང་འདེབས་ལས་བྱེད་ཀྱི་ཡོད། གསོ་ཚགས་གཙོ་བོ་ནོར་དང་། མཛོ། ལུག ར། རྟ། བོང་བུ། དྲེལ། ཕག་པ་སོགས་བྱེད། ད་དུང་རང་བཞིན་བཟའ་བཅའི་རིགས་ལ། སེ་ཤ དཀར་ཤ།འདམ་ཤ ཆོ་ལོ། གྲོ་མ། གཡའ་སྒོག འཛིམ་བུ། སྒོག་སྐྱ། སླེ། ཨ་ལོ། ཟྭ་ཚོད། ལྕང་། སྙ་ལོ། བསིལ་འབྲུམ། སིལ་རིལ་སོགས་ཡོད།

སྙེ་མོ་རྫོང་ཁོངས་མར་རྐྱང་དང་། ཧོར་སྡེ་གྲོང་ཚོ་གཉིས་འབྲོག་ལས་ཁེ་གཙང་དང་། དེ་བྱིངས་ཕལ་ཆེ་བ་ཞིང་ལས་དང་། ས་མ་འབྲོག་ཀྱང་མི་ཉུང་བ་ཡོད། ཞིང་ཁུལ་དུ་ལག་ཤེས་བཟོ་རྩལ་ཧ་ཅང་དར་པོ་ཡོད་པ། དཔེར་ན་ཤིང་པར་པར་བརྐོ་དང། བརྐོས་དཀྲོལ། འཇིམ་བཟོ། ཚོན་རིས། རྫ་བཟོ། ཤོག་བཟོ། སྤོས་བཟོ། ཞོ་མདོང་། མདའ་གཞུ། སྣམ་འཐག  རྡོ་ཤིང་ཨར་རྒྱག་སོགས་ཡོད་པར་བརྟེན་གྲོང་ཁྱེར་ལྷ་སའི་ཁོངས་ཀྱི་རྫོང་ཁག་ནང་ནས་ལག་ཤེས་བཟོ་ལས་སྣེ་ཁ་འཛོམས་ཤོས་ཡིན་སྟབས་ཁོང་ཚོའི་ལག་ཤེས་བཟོ་རྩལ་ལྷ་ས་སོགས་ལ་བྲིན་ཁ་རྒྱུགས་པོ་ཡོད་ཐག ལག་རྩལ་མི་སྣ་ས་ཆ་གཞན་ལ་གདན་ཞུ་བྱེད་མཁན་ཡང་མང་པོ་ཡོད། ས་གནས་རང་ནས་ཤིང་དང་ལྕགས་བཅས་ལས་བཟོ་བསྐྲུན་བྱས་པའི་ས་ཞིང་རྨོ་བྱེད་དུ་ཐོང་གཤོལ་དང་། གཉའ་ཤིང། རི་བཅས་དང་། ཞིང་ཆུ་གཏོང་སྐབས་ལྕགས་ཁྱེམ་དང་། ཏོག་རྩེ། ཡུར་མ་རྒྱག་བྱེད། བཙས་མ་བརྔ་བྱེད་ཟོ་ར། གཡུལ་ཁའི་སྐབས་སུ་རྒྱག་འཕེན་དབྱུག་པ། རྒྱབ་ར། སྦར་མོ། ཁྲོལ་མ་སོགས་ཤིང་ལས་ཡོ་ཆད་ཡང་ཡོད།

ས་བཅད་ལྔ་པ། ཐུན་མིན་ཐོན་ལས།

 

༡ སྙེ་མོའི་བོད་ཤོག་དང་བོད་སྤོས།

སྙེ་མོ་ཁུལ་ནས་ཁྱད་ལྡན་རིགས་ཐད་སྙེ་ཤོག་གམ་བོད་ཤོག་བཟོ་རྩལ་གྱི་ལས་རིགས་ཡོད་ཅིང་། བོད་ཤོག་གི་རྒྱུ་ཆ་ནི་རེའུ་ལྕག་དང་། ཨ་ག་རུ། སྟག་པའི་ཤིང་སོགས་ཡིན། རྒྱུ་ཆ་མི་འདྲ་བས་སྤྱོད་སྒོ་དང་སྤུས་ཚད་མི་འདྲ་བའི་བོད་ཤོག་སྣ་ཚོགས་བཟོས་ཆོག བོད་ཤོག་བཟོ་རྩལ་ནི་རྒྱུ་ཆའི་པགས་པ་བཤུ་བ་དང་། འདུལ་བ། བཙོ་བ། སྦོང་བ། བཤལ་བ། དཀྲོག་པ། སྦྱོང་བ། བཀྲམ་པ་སོགས་ཀྱི་བརྒྱུད་རིམ་ལས་གྲུབ་པའོ། སྙེ་མོང་རྫོང་གི་རེའུ་ལྕག་གི་བོད་ཤོག་ནི་ཡིག་ཚགས་ཀྱི་རྒྱུ་ཆ་ལེགས་ཤོས་ཡིན།

བོད་སྤོས་ཀྱི་འབྱུང་ཁུངས་འབྱུང་ཐད་ནས་བརྗོད་ན། དུས་རབས་བདུན་པའི་དུས་དཀྱིལ་ལ་བྱོན་པའི་ཐོན་པའི་བསམ་བྷོ་ཊས་རང་གི་ཕ་ཡུལ་ཐོན་པར་གདོན་གེགས་བྱུང་ནས་ནད་ཡམས་གང་སར་ཁྱབ་ཡོད་པ་མཁྱེན་སྐབས། ཉིན་མཚན་ཀུན་དུ་དཔེ་ཆ་ཀློག་འདོན་གནང་ནས་ནད་ཡམས་འགོག་ཐབས་ཇི་ལྟར་བྱས་ཀྱང་ཕན་ནུས་དེ་ཙམ་མ་ཐོན། མཚན་མོ་ཞིག་ལ་ཐོན་མའི་རྨི་ལམ་ནང་ཇོ་བོ་ཤཱཀྱ་མུ་ནེ་དང་མཇལ་བ་མ་ཟད། ཇོ་བོས་སློབ་དཔོན་ཐོན་མིར་རི་སྟེང་དུ་འོད་འཚེར་ཞིང་དྲི་མ་མི་འདྲ་བའི་སྨན་རྩ་དེ་རྣམས་བཏུས་ནས་མེ་སྤར་ནས་ལུང་པ་དུ་བས་ཁེངས་པ་དང་། ལུང་པའི་ཆུ་མིག་གི་ཆུ་བེད་སྤྱད་ནས་སྨན་རྩ་རྣམས་བཟས་ན་ནད་གཞི་དག་དྲག་སྐྱེད་ཡོང་བའི་རྨི་ལམ་ངོ་མཚར་ཅན་ཞིག་རྨིས་དང་སྦྲགས་བོད་སྤོས་བཟོ་བའི་འགོ་ཚུགས་ཤིང་། དྲི་ཞིམ་གྱི་བོད་སྤོས་བཟོ་བའི་གསང་བ་དང་བོད་སྤོས་བཟོ་བའི་ལག་རྩལ་ཚང་མ་ཕ་ཡུལ་ཐོན་པའི་མི་དམངས་ལ་རྒྱུད་སྤྲོད་ཀྱང་གནང་བས། ད་ལྟའི་བར་ལག་རྩལ་མ་ཉམས་བརྒྱུད་འཛིན་དུ་གནས་ཡོད།

 

༢ སྙེ་མོའི་མདའ་བཟོ་དང་ཕུ་གསུམ་གྱི་བརྐོས་རིས།

སྙེ་མོ་དམག་ལམ་ཁུལ་དུ་བཟོ་རྒྱུན་ཡོད་པའི་མདའ་རིགས་ནི་རྒྱང་མ་དང་། གཡང་མདའ། ཟློག་མདའ། བེ་ཤུ། རྟ་མདའ་བཅས་ཡིན་ཞིང་། རྒྱང་མ་བེད་སྤྱོད་བྱེད་ཡུལ་ནི་དམག་ལམ་འོང་སྐོར་གྱི་སྐབས་དང་། ལྷ་སའི་རྫོང་རྒྱབ་གནམ་མདའི་སྐབས་ཡིན། ཟློག་མདའ་ནི་གེགས་བར་ཆད་རིགས་ཕྱིར་ཟློག་ཐབས་ཀྱི་ཆོ་གའི་སྐབས་སྤྱོད་པའི་དམིགས་བསལ་གྱི་མདའ་ཞིག་ཡིན། ཟློག་མདའ་བེད་སྤྱོད་བྱ་ཡུལ་གཙོ་བོ་ནི་གཏོར་རྒྱག་སྐབས་དང་། ཟློག་གཅོད་ཀྱི་ཆོ་ག་སྤེལ་སྐབས་ཡིན། བེ་ཤུ་ནི་དབྱར་ཁ་སྤྲོ་སྐྱིད་སྐབས་འབེན་ལ་འཕེན་བྱེད་མདའ་དམིགས་བསལ་ཅན་ཞིག་ཡིན། རྟ་མདའ་ནི་རྟ་ཐོག་ནས་འབེན་ལ་འཕེན་བྱེད་ཀྱི་མདའ་ལ་ཟེར་ཞིང་། དེ་ནི་འོང་སྐོར་སོགས་དུས་ཆེན་སྐབས་བེད་སྤྱོད་བྱེད་ཀྱི་ཡོད། གཡང་མདའ་ནི་གཡང་རྫས་ཀྱི་མདའ་སྟེ་བསོད་ནམས་དང་མི་ནོར་འཕེལ་མཚོན་གྱི་མདའ་ཞིག། དེ་ནི་འཇིག་རྟེན་གོ་བག་ཁབ་ལེན་གྱི་སྐབས་གཉེན་འབྲེལ་གྱི་མཚོན་རྟགས་ལྟ་བུ་དང་། དུད་ཚང་ཞིག་ལ་མི་ཤི་སྐྱོན་ཆག་བྱུང་བ་འམ་རྟ་ནོར་རིགས་ཕྱིར་འཚོང་བྱེད་སྐབས་མདའ་དར་དག་གཡང་འགུགས་པའི་རྫས་སུ་གྱུར་ཡོད།

ཕུ་གསུམ་བརྐོས་རིས་ནི་ཕུ་གསུམ་མང་ཚོགས་ཀྱིས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱ་སཔའི་གནའ་བོའི་ལག་རྩལ་ཞིག་ཡིན། བརྐོས་རིས་ཀྱི་ལམ་རིམ་རྙོག་འཛིང་ཧ་ཅང་གི་ཆེན་པོ་ཡོད། དཔེར་ན། དཔེ་ཆ་ཞིག་བརྐོས་ཚེ་ལས་རིམ་མི་འདྲ་དགུ་བརྒྱུད་དགོས་པ་དང་། སངས་རྒྱས་ཀྱི་སྐུ་ལྟ་བུར་ལས་རིམ་མི་འདྲ་བ་བཅོ་ལྔ་ནས་བཅུ་དྲུག་བར་བརྒྱུད་དགོས། ད་དུང་རྔ་བཟོ་དང་། སྤང་སོགས་རྡོ་ཚོན་བཟོ་སྟངས། མདའ་གཞུ་བཟོ་རྩལ་ཀྱི་ལག་རྩལ་ཡོད་ལ་ལག་རྩལ་དེ་ལས་བྱུང་བའི་ཐོན་སྐྱེད་དེ་དག་ཀྱང་བྱེད་ཀྱི་ཡོད། ད་དུང་སྙེ་མོ་ཁུལ་ནས་སྤང་མཐིང་གི་ས་ཚོས་ཡང་ཐོན་གྱི་འདུག

 

༥ ཐོན་པའི་རྔ་བཟོའི་དང་བོང་ཁང་གི་རྡོ་ཚོན་བཟོ་སྟངས།

ཐོན་པ་དགེ་འཕེལ་ཆེ་དགའ་ཞེས་པའི་ཁྱིམ་ཚང་ལ་རྔ་བཟོའི་ལག་རྩལ་གྱི་ལོ་རྒྱུས་ཡུན་རིང་སྐད་དང་། ཕོ་བྲང་པོ་ཏ་ལའི་རྔ་(བདེ་ཡངས་ཤར་གྱི་གཞུང་སྒོའི་གཡས་གཡོན་དུ་བཀལ་བའི་རྔ་བོ་ཆེ་མིན་ནམ་སྙམ་)ཡང་ཁྱིམ་ཚང་དེའི་མི་ཞིག་གིས་བཟོས་པར་གྲགས། སྙེ་མོ་རྫོང་ཁོངས་སུ་རྔ་བཟོ་མཁན་འགའ་ཞིག་ཡོད་རུང་། དགེ་འཕེལ་ཆེ་དགའི་རྔ་དེ་ལོ་རྒྱུས་རིང་ལ་སྤུས་ཀ་དག་པའི་རྒྱུ་མཚན་ཡང་བརྗོད་སྲོལ་ཡོད་ཅིང་། ད་ལྟའང་རྔ་བཟོ་མཁན་གྱི་ཐོན་རྫས་བྲིན་ཁ་རྒྱུག་པོ་ཡོད་འདུག

བོང་ཁང་གྲོང་ཚོའི་ཁོངས་ནས་རྡོ་ཚོན་མཐིང་དང་སྤང་ཐོན་གྱི་ཡོད་ཅིང་། རྡོ་ཚོན་བཟོ་གཏུལ་བྱེད་སྟངས་ནི་གཏེར་ཁུང་ནས་གཏེར་རྡོ་བླངས་པ་རྫོགས་ནས་ཆུ་བསྲིངས་བརྒྱབ་སྟེ་ཞིབ་རྩིང་དབྱེ་རྗེས་སྣུམ་གྱི་ནང་དབུར་ནས་གཏུལ་ཏེ་རིམ་པ་དང་གཉིས་བཞིན་མཐིང་ནག་དང་། མཐིང་ཁ། སྔོ་སང་། སྔོ་དཀར་སོགས་དང་། སྤང་ལ་སྤང་ལྗང་ནག་དང་། ལྗང་སྔོན། ལྗང་གུ། ལྗང་སྐྱ། ཕྱུར་མདོག་སོགས་འདོན་གྱི་ཡོད། རྡོ་ཚོན་དེར་བོད་ཚོན་ཡང་ཟེར་ཞིང་དེའི་ཁྱད་ཆོས་ནི་ཚོན་རིས་བྲིས་ནས་ལོ་ཇི་ཙམ་སོང་ཡང་ཚོན་མདངས་མི་འགྱུར་བ་དང་། ཚོན་མི་ཞུད་པ་སོགས་ཀྱི་ཁྱད་ཆོས་ཡོད།

 

ས་བཅད་དྲུག་པ། སྲོག་ཆགས་དང་། སྐྱེ་དངོས། གཏེར་ཁ།

སྲོག་ཆགས་ཀྱི་རིགས་ལ་གླ་བ་དང་། གནའ་བ། དགོ་བ། གཙོད། རྐྱང་། རི་བོང་། ཕྱི་བ་སོགས་རི་དྭགས་དང་། གཟིག། ས་གཟིག  དྲེད་མོང་། སྤྱང་ཀི། ཝ་མོ། སྦྲེ། གྲུམ་པ། གཡི་སོགས་གཅན་གཟན། ངང་པ་སེར་པོ་དང་དཀར་པོ། ཁྲུང་ཁྲུང་སྐེ་ནག་མགོ་དམར། བྱ་རྒོད། གོ་བ་ཀླད་དཀར། བྱ་གླག བྱ་ངང། གོང་མོ། འཇོལ་མོ། ཅོ་ཀ་སོགས་བྱ་བྱིའུ་སྣ་ཚོགས་དང་། རྩི་ཤིང་གི་རིགས་ལ་སྦྱར་པ་དང་། སྦྱར་དཀར། སྐྱེ་ལེགས། རྒྱ་ལྕང་། ལྕང་མ། ལྕང་ནག  ཡོམ་སྦོག་སོགས་བཙུག་ཤིང་དང་། ཤུག་པ་དང་། སྤ་མ། གླང་མ། གླ་འཚེར། ཚར་པ། སྟག་པ། སྐྱེར་པ། སེ་བ། བ་ལུ། སུ་ལུ། སྤེན་མ། བྲ་མ། མཛོ་མོ་སོགས་རང་བྱུང་སྐྱེ་ཤིང་དང་ལྡུམ་པ་མང་པོ། ཁམ་བུ་དང་། ཀུ་ཤུ། ཀ་ར། སིའུ། སྟར་ཀ་སོགས་འབྲས་ལྡན་ཤིང་སྣ་ཚོགས་ཡོད། སྨན་རྩ། སྟོང་སེལ་དང་། གཡའ་སྐྱ་རི། གངས་ཆུང་། ཧོང་ལན། སུམ་ཏིག བོང་དཀར། སྤང་རྩི་དོ་བོ། སོ་ལོ་དཀར་དམར། ལྕམ་འབྲུ། ལེ་ག་དུར། དབང་ལག  ཨུཏྤལ། ཏིག་ཏའི་རིགས་སོགས་བོད་སྨན་ལ་སྤྱོད་རྒྱུའི་སྨན་རྩེ་སྣེ་གྲངས་ ༣༠༠[8] སྐོར་ཡོད།

རང་བྱུང་གཏེར་ཁའི་རིགས་ས་དཔྱད་པས་བརྟགས་པ་བྱས་འབྲས་སུ། སྙེ་མོ་ཞུ་སྨད་སྨད་ཤང་མོ་ལུང་ནས་སའི་གོ་ལའི་ཚ་ནུས་ཁག་བརྒྱད་ཙམ་དང་། བྲག་སྐོར་དང་ཁྲ་ལྡན་བྲག་རག་གི་ཁུལ་ནས་འདམ་སོལ་ཅུང་སྤུས་ཀ་ལེགས་པ། དེ་བཞིན་ཐོན་པ་ཁུལ་སྒོ་ས་དང་། སྐྲ་སྒ་ཁུལ་ནས་ས་ཚི་ཅན་སྤུས་ལེགས་བཅས་དང་། ཤོད་སྲོལ་ལ་བོང་སྒང་གྲོང་ཚོའི་ཁོངས་ནས་ཟངས་དང་། ཞྭ་ཉེ། བོད་ཚོན་མཐིང་སྤང་བཅས་དང་། བྲེ་ནང་གྲོང་ཚོའི་ཁོངས་ནས་ཟངས་དམར་དང་། ལྕགས། བཟང་རི་གྲོང་ཚོའི་ཨང་སྒང་ནས་ཨར་ཀ་སྤུས་ལེགས། ས་དམར། ས་དཀར། ཐོན་པ་གཡུང་གྲོང་ཚོའི་རྒྱུད་ནས་རྡོ་ཀརྨ་རུ། ཧོར་སྡེ་གྲོང་ཚོ་ནས་ཕ་ལམ། མར་རྐྱང་ཁུལ་ནས་གསེར་སོགས་ཐོན་སྐད་འདུག[9] སྙེ་མོ་མར་རྐྱང་ཁོངས་སུ་མར་རྐྱང་ཚ་དང་། སྙེ་མོ་བཅིངས་སྦྲང་ཚ་ཆུ། སྙེ་མོ་ཨང་སྒང་ཨུ་རྒྱན་ཚ་ཆུ། སྙེ་མོ་སྨུ་ལུང་ཚ་ཆུ། སྙེ་མོ་ཆབ་རལ་ཚ་ཆུ། སྙེ་མོ་སྦུག་པ་ཚ་ཆུ། སྙེ་མོ་ཐོན་ཚ་ཆུ།[10] ཞེས་པ་སོགས་ཡོད།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] ལྕགས་སྟག་ཞིབ་གཞུང་། ཀྲུང་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༩། ཤོག ༤༡༥།

[2] ལྕགས་སྟག་ཞིབ་གཞུང་། ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༩། ཤོག ༤༡༡།

[3] (1)武振华. 西藏地名. 中国藏学出版社 1995年.

(2) བོད་ཀྱི་ས་མིང་དཔྱད་གཞིའི་ཡིག་རིགས་བསྡུས་བསྒྲིགས། བོད་རང་སྐྱོང་ལྗོངས་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཐིག་རིས་ཅུས། ཕྱི་ལོ་

༡༩༧༩། ཤོག ༡༤།

[4] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་དགུ་པ། སྙེ་མོ་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༢༠༠༠། ཤོག ༣༧།

[5] (1)武振华. 西藏地名. 中国藏学出版社 1995年.

(2) བོད་ཀྱི་ས་མིང་དཔྱད་གཞིའི་ཡིག་རིགས་བསྡུས་བསྒྲིགས། བོད་རང་སྐྱོང་ལྗོངས་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཐིག་རིས་ཅུས། ཕྱི་ལོ་

༡༩༧༩། ཤོག ༡༤།

[6] བོད་ཀྱི་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་ཁྱེར་ལྷ་ས། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༨།  ཤོག ༤།

[7] (1)武振华. 西藏地名. 中国藏学出版社 1995年.

(2) བོད་ཀྱི་ས་མིང་དཔྱད་གཞིའི་ཡིག་རིགས་བསྡུས་བསྒྲིགས། བོད་རང་སྐྱོང་ལྗོངས་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཐིག་རིས་ཅུས། ཕྱི་ལོ་

༡༩༧༩། ཤོག ༡༤།

[8] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་དགུ་པ། སྙེ་མོ་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༢༠༠༠། ཤོག ༩།

[9] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་དགུ་པ། སྙེ་མོ་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༢༠༠༠། ཤོག ༣༧།

[10] བོད་ཀྱི་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་ཁྱེར་ལྷ་ས། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༨།  ཤོག ༡༤།

 

དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས།

བརྒྱུད་སྐུལ།

མཆན་སྤེལ།