དབུས་གཙང་ལོ་རྒྱུས་ཆེན་མོ་ལས། གོང་དཀར་རྫོང་གི་གཞུང་སྒེར་ཆོས་གསུམ་དང་། རི་ཆུ་མཚོ་གསུམ། ཞིང་འབྲོག་ཐོན་ལས། ༣༽

དབུས་གཙང་ལོ་རྒྱུས་ཆེན་མོ་ལས། གོང་དཀར་རྫོང་གི་གཞུང་སྒེར་ཆོས་གསུམ་དང་། རི་ཆུ་མཚོ་གསུམ། ཞིང་འབྲོག་ཐོན་ལས། ༣༽

ལེ་ཚན་གསུམ་པ། གཞུང་སྒེར་ཆོས་གསུམ།

རྫོང་དེའི་མངའ་ཞབས་སུ་གཏོགས་པའི་གཞུང་སྒེར་ཆོས་གསུམ་གྱི་ཞིབ་ཁྲའི་ས་རིས་བདག་ཐོབ་ཁ་གྲངས་ལ་མཚོན་ན། གོང་དཀར་རྫོང་འོག་གཞུང་རྒྱུག་ཏུ་སྐྱིད་གཤོངས་བྲག་ཆེན་རྒན། སེར་མ་ཁང་གསར། ཧང་གྲོང་། ལྡིང་གླ་ཚེ། རྒན་ཚེ་ར་བ། ཆ་ཚང་པ་དྲག་བཙན། སྐྱིད་གཤོངས་ཞོལ།

སྐྱིད་གཤོངས་སྟོད་ཁ་སྦན་རྩ་ལྷོ་པ། རྒན་སྐྱ་རྒྱལ་ཤུལ། སྟག་གསར་རྒན་འོག རྒན་ཞལ་ཡས་པའི་འོག ལྕང་གསར་འོག་པ། གསར་ཁུངས་སྒང་བརྒྱུད་རྒན་གུང་སྨད་པ། སྦན་རྩ་ཁང་གསར། སྟག་ལས་པ། རྣམ་རབ་རྫང་རུ་བ། ལྷ་ཡུལ་ཆོས་ཁང་པ། གཡས་བཟང་། བློ་ཚ་དང་བསམ་སྒང་། འཕྱིང་རུ། དགེ་འཕེལ་མདའ། རྟ་ར་ཕུ། ཕུ་ནུབ་ས་དམར་བ། ཐོད་དཀར་བ། གནས་གསར་བགོས། བསྐུལ། ཞོལ་ཚོང་གསུམ། གཏམ་མོ་ས་དང་གཏན་གནས། གཏམ་ས་གཉན། ལྷག་བསམ་ལྷོ་པ། ཟམ་འོག་སྒམ་བུ་བ། སྐྱིད་ཚད་བ། ལྡིང་ལྕགས་རུ་བ། བྱང་ཐང་རྒྱ་ལེ་བ། སྒྲོན་ཟེ། གན་ཤེལ། ཁ་རེག མཚོ་ཕུ། དྲིལ་ཐང་། མདའུ། སིང་མ། ཟད་ཕུ། ཟད་བར། ཟད་མདའ། ཆོས་ལུང་། ཟད་རུ་འབྲོག་པ། ཡར་འབྲོག་ཁུལ་སྟོང་ར་ཚོ་གསུམ། སྤྱིལ་ཆུང་ཅོ་པ། ཚོ་དཔོན་གནས་ཆུང་པ། ཚོ་དཔོན་སྟག་ཚང་བ། ཟ་པ། དར་རྒྱས་འབྲོག་པ། སྲབ་ཡོག་དཀར། བྲ་མ་ལུང་པ་དཀྱིལ། རལ་སྤགས། གསལ། ཤར་ལྕེ། སྒ་འདྲ། དྲོད་མདའ། ཚོང་འདུས་འབྲོག་པ་བཅས། སྒེར་ཆོས་གཉིས་ལས་སྒེར་གྲས་སུ་སྒེར་བདེ་བ་ཅན། སྒེར་རིན་གཤོངས་པ། ལྕང་གསར་འོག་པ། རྣམ་རབ་རྫ་རུ་བ། བྱེ་རྫོང་ཚོག་པ། རྒྱ་རི། གནས་གསར་རྒན་ཚང་པ། གནས་གསར་གཞོན་ཚང་། སྒེར་སྙན་ཆུང་། སྒེར་རྟ་ར་མདོ་པ། སྒེར་འོང་སྦུག་པ། སྒེར་ཤར་མ། སྒེར་བསམ་མཐོང་བྱང་པ། སྒེར་ཇོ་གྲོང་པ། སྒོག་མཁར་བ། སྒེར་དཔལ་རི་བ། འོར་སྦུག་རྒྱ་མཚོ། སྨོན་གོང་། དགེ་རྒྱས་པ། ཐོན་ཟུར།[1] ཞེས་པའི་སྒེར་ཁག་གི་ས་རིས་འདོན་ཁོངས།

ཆོས་གཞིས་ཁག་ཏུ་སེ་ར་ཧར་གདོང་ཆོས་གཞིས་སྐྱིད་གཤོངས་དྲག་ཆེན། ཚེ་སྨོན་གླིང་ཆོསགཞིས་སྒེར་བདེ་སྐྱིད་གླིང་པ། རྒྱལ་ཚོགས་ཆོས་གཞིས། ར་བ་སྨད་པའི་ཆོས་གཞིས། བདེ་ཆེན་ཆོས་འཁོར་ཆོས་གཞིས། གོང་དཀར་ཆོས་སྡེའི་ཆོས་གཞིས་སྦྱར་ར་སྒང་པ་དང་། སྒང་སྟོད་གྲོང་། ཕུ་གསུམ། རྫིང་གོང་། ཁྲི་ཤོད། ཕུ་ནུབ། སྐྱེ་ནག་ནེ་རིང་། གཡང་དཔོན་ཅན། ཟམ་འོག་སྒམ་བུ་བ། བདེ་འབྱོར་བྱང་པ། བདེ་ཆོས་ཆོས་གཞིས་དགེ་འཕེལ་ཁང་གསར་བ་དང་། ཡིག་བསྐུར། རྐྱང་འབྲོག ཐོན་ཁུངས་ལྷུན་རབ། དཔལ་གཤོངས། བསྐུལ་གྲོང་གསར་བ། སྦབ། དྭགས་གྲྭར་ཁོངས་སྣང་རབ། འོན་ཆོས་སྡིང་ཆོས་གཞིས་སྒེར་རྣམ་རྒྱལ་གླིང་པ། རྒྱུད་སྟོད་ཆོས་གཞིས་རྒྱལ་གྲུབ་གླིང་དང་། སྒང་སྟོད། འབྲས་སྤྱི་ཆོས་གཞིས་རྫིང་ཕུ་ཁ་པ་ཅན་དང་། སྐྱེ་ནག དྲིལ་ལུང་པ། སེར་སྔགས་པ་གྲྭ་ཚང་ཆོས་གཞིས་སྨྱོན་པ་དང་། ལུག་སྟོད། བློ་གླིང་ཆོས་གཞིས་ཚེར་སེ་བ། ཚེས་ཆུ་སྒྲུབ་སྡེའི་ཆོས་གཞིས། དབང་འཛིན་ཅན། རབ་བཙུན་པ། བཀྲ་ཤིས་གླིང་པ། དཀོན་གཉེར་གྲྭ་ཚང་གི་ཆོས་གཞིས་རྒན་ནོར་བུ་གླིང་པ། རྒྱལ་ཚོག་ཆོས་གཞིས། སྐྱིད་ཚལ་ཆོས་གཞིས། སྙེ་མོ་དགོ་པའི་ཁུངས་ར་ཆེན། ལྕགས་ཟམ་པ། ལྕགས་ཟམ་ཆོས་གཞིས་རྒྱན་ཤར་པ་ཅན། ཆོས་འཁོར་ཡང་རྩེའི་ཆོས་གཞིས་ལེ་ཚན། འབྲས་ཤག་སྒོར་ཁུས་དགེ་ཚལ་ཆོས་གཞིས། ཚེ་རིང་དགོན་གྱི་ཆོས་གཞིས། བདེ་ཆེན་དགོན་པའི་ཆོས་གཞིས། ཆོས་ལུང་ཚོགས་པའི་ཆོས་གཞིས་གྲོང་གསར། བདེ་ཡང་ཆོས་གཞིས་བཀྲས་གཤོངས། བསྟན་གླིང་ཆོས་གཞིས་སྒེར་བང་སྟེང་པ། འབྲོང་རྩེའི་ཆོས་གཞིས་གྲོང་ཕུན་ཚོགས་བདེ་ཆེན་བཅས་མཆིས་སོ། །

ས་བཅད་གསུམ་པ། ཡུལ་སྡེ་དང་། རི། ལ། མཚོ། གཙང་པོ།

ལེ་ཚན་དང་པོ། ཡུལ་སྡེ་ཆེ་ཁག་མིང་།

བར། བབས། འཕྲེང་འགོ། རྟ་རྭ་མདོ། སྟོང་རྭ། གན་པ། དགའ་ལྡན། དགའ་ཚལ། གོ་ཆེ། སྤྱིལ་ཆུང་། སྐྱིད་གཤོངས། རྒྱ་རི། རྒྱ་དྲུག་གླིང་། བྱང་ཐང་། རྒྱང་གཞོང་། ལྕེ་བདེ་ཞོལ། ཁྱིམ་བཞི། རྭ་སྨད། གླང་ཐང་། རྣམ་རྒྱལ་ཞོལ། སླེའུ་ཆུང་། ལྷོ་ཁ་བྱང་། གནས་གསར། ཕུ་ཤར། སེར་སྨད། ཐར་པ་གླིང་། ཐོད་དཀར། འོག་ལ་ས། འོ་རགས། ཤུར། ཡུལ་ཆོས། འབྲི་ལུང་། འབོད་གླང། རླ་རོགས། ཆོས་ཁང་། མདུན་སྨད། ག་ཚད། ལྷོ་ཁ་བྱང་། སྐྱིད་སྦུག ཁེ་བཞི། སེར་སྟང་། སྒོ་ཆ། བར་མ། སྒང་སྟོད། སྐྱིད་ནག  རིན་ཆེན་སྒང་། བྱང་སྟང་། ཉ་སྲོག སྒོ་མཁར། ཡུལ་ཆོས། ལྕིལ་ཆུང། སྣང་རབ་ནང་།[2]

ལེ་ཚན་གཉིས་པ། རི་དང་། ལ། མཚོ། གཙང་པོ།

         དུང་གི་རི། ནུབ་རི། རྒྱ་མ་ནུབ་རི། ཤར་རི། ཆུ་བོ་རི། བཟང་སྔོ་རི། བྱེ་རི་སྤོར་ཏོག གམ་པ་གྲོག་གོ སྤང་གད། ཁུ་ཡུག་ནང་། བྱང་ཐང་ཕུ། ཆུ་ལུང་། རྒྱ་མ་ཕུ། དུང་ལ་ཕུ། གྲེས་གཤོངས་དཀྱིལ། སྐྱིད་ཆུང་ནང་། གྲོག་ཆེན། བདེ་ཆེན་སྤང་། ལུག་ལྷས་ནང་། སིམ་ནང་། སྤང་གྲོག་ཕུ། སྤང་གཞུང་། སྤེན་ཤིང་ནང་། ལྷས་གྲོག ནང་སྦུག བཟང་དགའ་ནང་། བྲག་དཀར་བྲག རྒྱལ་དུང་། གསུམ་ཙོག བདེ་ཆེན་ཕུ། འོད་སྐྱིད་ཕུ། སྤངས་གཤོངས་མགོ གཞུང་རྒྱང་།  བྱེ་ལུང་ཕུ། ནག་ཁུང་། སྨུག་རི་ནང་། ལ་གསུམ་རྩེ། ཕུ་ལུང་། བྲག་ལངས། མ་བཟང་སྤུན་བདུན། མཚེར་སྔོ། སྐྱིད་པའི་ནང་། ཡས་མ་ལ། ལྷ་ཡུལ་ཕུ། ཕུ་གཞུང་། གཞུང་གྲོག ཁ་ཆེན་ནང་། སྒ་ལ། དགོན་ལ། རྟ་རོ་ཕུ་ལ། སྨུག་རི་ལ། ཡར་ལ། གྲིབ་ལ། ཁྲ་ལ། རྒྱལ་སྐྱིད་ལ། ཁ་ཆེན་ལ། ལུམ་པ་ལ། གུག་ཁུ་ལ། སླེའུ་ཆུང་ལ། བྱེ་ལ། ཁོ་ན་ལ། ཕུ་སྐྱིད་ལ། བསངས་ཁུག་ལ། རྡོ་དཀར་ལ། ཁག་གསུམ་ལ། གནོན་ལ། སོག་ལ། ལ་ལ། སྤྲེལ་ལ། རྒྱ་རབ་ལ། སྨད་ཆུང་ལ། ཇོ་གོང་ལ། འབྲི་ལུང་ལ། གམ་པ་ལ། ཉ་སོག་ལ། གོང་དཀར་ཕུ་ཆུ། ཡར་ལུང་གཙང་པོ། ཡར་འབྲོག་མཚོ། སོགས་ཡོད་ཅིང་། རི་ཆུ་དེ་རྣམས་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི་སུམ་སྟོང་ཡན་ཤ་སྟག་ཡིན།

ས་བཅད་བཞི་པ།  ཞིང་འབྲོག་དང་ཁྱད་ལྡན་ཐོན་ལས།

གོང་དཀར་རྫོང་ནི་ལྷོ་ཁ་ཁུལ་གྱི་ཞིང་ལས་ཐོན་ཁུངས་ལེགས་ཤོས་ཀྱི་རྫོང་ཆེན་ཞིག་སྟེ། དབུས་གཙང་ཁུལ་གྱི་འབྲུ་རིགས་རྟེན་གཞིའི་གཙོ་བོར་བྱེད་པའི་རྫོང་སྒོ་ཞིག་ཀྱང་ཡིན་ལ། ཁུལ་དེར་རྨོ་འདེབས་ས་ཞིང་མུའུ་ཁྲི་ ༧.༩ པར་ནང་ལོ་ཏོག་གཙོ་བོ་ནས་དང་། དགུན་གྲོ། དཔྱིད་གྲོ། སྲན་མ།[3] རྒྱ་སྲན། པད་ཁ། ལ་ཕུག ཞོག་ཁོག་འདེབས་ལས་ཐོན་སྐྱེད་བྱེད།[4] སྒོ་ཕྱུགས་གཙོ་བོ་ནོར་དང་། མཛོ། བ་ཕྱུགས། ར། ལུག རྟ། བོང་བུ། དྲེལ། ཕག་པ། ཁྱིམ་བྱ་སོགས་གསོ་ཚགས་བྱེད། རྫོང་ཡོངས་སུ་ནགས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ ༤.༨༧ ཡོད་པའི་ནང་འབྲས་ལྡན་ཤིང་འབྲས་ཁམ་བུ་དང་། སྟར་ཀ ཀུ་ཤུ་སོགས་ཐོན།[5] ཁྱད་པར་རྫོང་དེའི་ཆུ་མོ་ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་ས་གནས་མང་ཆེ་བར་ལོ་འཁོར་གཅིག་ལ་སྟོན་ཐོག་ཐེངས་གཉིས་བསྡུ་ལེན་བྱེད།

ཁུལ་དེར་སྐྱེས་པའི་རང་བཞིན་བཟའ་བཅའི་རིགས་ལ། སེ་ཤ དཀར་ཤ།འདམ་ཤ ཆོ་ལོ། གྲོ་མ། གཡའ་སྒོག འཛིམ་བུ། སྒོག་སྐྱ། སླེ། ཨ་ལོ། ཟྭ་ཚོད། ལྕང་། སྙ་ལོ། བསིལ་འབྲུམ། སིལ་རིལ་སོགས་དང་། དེ་མཚུངས་ཞིང་རྨོ་བྱེད་དུ་ཐོང་གཤོལ་དང་། གཉའ་ཤིང། རི་བཅས་དང་། ཞིང་ཆུ་གཏོང་བྱེད་ལྕགས་ཁྱེམ་དང་། ཏོག་རྩེ། ཡུར་མ་རྒྱག་བྱེད། བཙས་མ་བརྔ་བྱེད་ཟོ་ར། གཡུལ་ཁའི་སྐབས་སུ་རྒྱག་འཕེན་དབྱུག་པ། རྒྱབ་ར། སྦར་མོ། ཁྲོལ་མ་སོགས། ཞིང་ལས་ཐོན་སྐྱེད་ཀྱི་ཉེར་མཁོའི་ཡོ་བྱད་སྣ་ཚོགས་ས་གནས་རང་ནས་བཟོ་སྐྲུན་བྱེད། གཞན་ཡང་། རྫོང་དེ་ནས་ཐུན་མིན་ཁྱད་ཆོས་ལྡན་པའི་ཐོན་ལས་སུ་སྣམ་བུ་དང། པང་གདན།  ཞྭ་མོ་རྒྱ་བཟའ་དང་། ཉང་ཞྭ། སླེལ་པོ། ཆང་བསྙལ་སྣོད། ཁོག་ལྡིར། མེ་བུམ། ཆུ་བན་སོགས་ཞོར་ལས་ལག་ཤེས་བཟོ་སྐྲུན་ཕྱིར་ཚོང་དང་དེ་དག་ཁྲོད་ནས་རྣམ་རྒྱལ་ཞོལ་གྱི་པང་གདན་སོགས་སྣམ་རིགས་ཀྱི་ཐོན་རྫས་ལ་དམིགས་བསལ་ཁྱད་ཆོས་འབུར་དུ་ཐོན་ཡོད་ཅིང་། ལོ་རྒྱུས་ཐོག་༸གོང་ས་སྐུ་ཕྲེང་ལྔ་པ་ནས་བཟུང་རྣམ་རྒྱལ་ཞོལ་བཀྲིས་གླིང་གཞིས་ཀར་༸རྒྱལ་བའི་གཟན་སྣམ་དབུ་པན་ཞེས་པ་འཐག་པའི་སྣམ་འཐག་གི་ལས་གྲྭ་ཆེད་འཛུགས་དང་དོ་དམ་མི་སྣ་བཀོད་སྒྲིགས་གིས། ཕུལ་བྱུང་གི་སྣམ་བུ་འཐག་ལས་པ་བསྡུ་སྐོང་མཛད་པར་གྲགས། དེ་སྔ་བོད་གཞུང་བཀའ་ཤག་གི་དོ་དམ་དང་སྒྲིག་འཛུགས་འོག་ལོ་ལྟར་སྣམ་བུ་སྤུས་ལེགས་བུབས་ ༡༤ འཐག་དགོས་ལ། གཞུང་གིས་ཁུལ་དེའི་སྣམ་རིགས་རྒྱ་གར་དང་བལ་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཁག་ཏུའང་སྤུས་འཚོང་བྱེད་ལམ་ཡོད་འདུག

དེ་མཚུངས་གོང་དཀར་ལྕེ་བདེ་ཞོལ་ནས་ཀྱང་༸གོང་ས་མཆོག་གི་ན་བཟའ་སྐུ་གཟན་དང་སྐུ་གཤམ་སོགས་ཐེར་སྣམ་རྒྱུ་སྤུས་གཙང་མ་ཆེད་འཁེལ་གྱིས་འཐག་སྲོལ་དང་། ༸གོང་ས་མཆོག་གི་ན་བཟའ་འཐག་མཁན་ལག་རྩལ་བ་རྣམས་ཞོགས་པ་སྔ་པོ་ལས་སར་འགྲོ་དུས་ཁྲུས་བརྒྱབ། བསངས་བཏང་། ཁ་རས་བཀབ་པ་སོགས་དམིགས་བསལ་གཙང་སྦྲ་གང་གཟབ་ཞུས་ཏེ་འཐག་ལས་ལ་ཞུགས་དགོས་པའི་ལུགས་སྲོལ་མཆིས།[6] གཟིམ་ཆུང་གི་ན་བཟའི་རྒྱུ་ཆ་སྣམ་བུ་དང་ཐེར་མ་སོགས་འཐག་ལས་ཞབས་འདེགས་པ་ཚོར། གཞུང་འབྲེལ་རྐང་འགྲོ་ལག་འདོན་གྱི་གཞུང་ཁྲལ་འཁྲི་སྒྲུབ་ཐད་ཁྲལ་ཆག་ཡང་གནང་ཡོད་འདུག དེ་མིན་ཁུལ་དེ་ནས་ཐོན་པའི་སྣམ་རིགས་ཐོན་རྫས་རྣམས་སྟག་ལུང་ཚོང་འདུས་དང་གྲ་ནང་མདའ་མགྲོན་ཞོལ་གྱི་ཚོང་འདུས་སོགས་སུ་ཚོང་གཉེར་བྱེད། དེ་ལས་གྲ་ནང་གི་ཚོང་འདུས་དེ་ནི་ལོ་རེའི་བོད་ཟླ་བཅུ་གཅིག་ནང་ཚོགས་སྲོལ་ཡོད་པར་ཐག་རིང་འབྲུག་དང་བྱང་ཐང་འབྲོག་པ་ཨ་ཕོ་ཧོར་པ་ཕོན་ཆེན་ཡོང་སྲོལ་དང་། ཁད་ཉེ་བསམ་ཡས་མདའ། འོན་རྒྱལ་བཟང་གི་མདའ། གྲ་ཕྱི་ནང་། ཡར་ལུང་སོགས་འདུས་པར། འབྲུག་གི་ཚོང་ཟོག་གཙོ་བོ་སི་པན་དང་ཤིང་ཏོག ཧོར་པས་ཚྭ་དང་བལ། ཤ་མར་ཕྱུར། བསམ་ཡས་དང་འོན་བཅས་ནས་འབྲུ་རིགས། ལྕེ་བདེ་ཞོལ་དང་རྣམ་རྒྱལ་ཞོལ་ནས་སྣམ་རིགས་ཀྱི་ཐོན་རྫས་ཕོན་ཆེ་ཚོང་འཁོས་འཐབ་མཆིས་སོ།[7]

ས་བཅད་ལྔ་པ། སྲོག་ཆགས། སྐྱེ་དངོས། གཏེར་ཁ།

རྫོང་དེར་གནས་པའི་སྲོག་ཆགས་ཀྱི་རིགས་ལས་གཅན་གཟན་ལ་སྤྱང་ཀི དྲེད་མོང་། སྲམ། ཕ་ར། གཡི། དོམ། རི་ཞིམ། ཁྱི་གཟིག གཟིག ཝ་མོ། གྲུམ་པ། དྲེད་མོང་སོགས་དང་། རི་དྭགས་སུ་རྐྱང་། དགོ་བ། གཙོད། གཉན། གླ་བ། གནའ་བ། རི་བོང་། འཕྱི་བ། ཏི་ཕུ། འཕྱི་ཕིག་སོགས། ཆུ་གནས་སེམས་ཅན་དུ་གསེར་ཉའི་རིགས་སྣ་ཚོགས། ཆུ་སྦྲུལ། ཆུ་སྲམ་སོགས་མཆིས། འདབས་ཆགས་ལ་བྱ་རིགས་གོང་མོ། སྲེག་པ། རྒོད་པོ། གོ་ཀླད་དཀར། ཕོ་རོག སྐྱུང་ཀ འང་གུ ཁྲུང་ཁྲུང་། ངང་པ་དཀར་སེར། ཆུ་བྱ། བྱ་ལོང་། ཕུག་རོན། བྱ་རྒོད། ཁྱིམ་བྱ། སྤུ་ཤུད། སྐྱ་ཀ འུག་པ། བྱ་རོག བྱ་གླག གོ་བོ། འཇོལ་མོ། ཁང་བྱེའུ་ལ་སོགས་པ་མཐོང་དུ་ཡོད།

སྐྱེ་དངོས་ཀྱི་རིགས་སུ་ལྕང་མ་དང་། སྦྱར་པ། ཐང་ཤིང་། ཆུ་ཤིང་འོམ་བུ། སྦྱར་དཀར། སྟག་པ། བླ་མ་ཤིང་། མཛོ་མོ་ཤིང་། ཚར་མ་ཤིང་། གདུང་ཤིང་། ཤུག་པ། གླང་མ་སོགས་དང་། དབྱར་རྩ་དགུན་འབུ། གངས་ལྷ་མེ་ཏོག གཡག་སྐྱ་རི། གླ། སྟར་བུ། སྦྱར་བ། གྲོ་མ། གངས་ལྷ་མེ་ཏོག སྙི་བ། གླ་རྩི་སོགས་རང་བྱུང་སྨན་རྩའི་རིགས་ཐོན་ཁུངས་འཛོམས་པ་མ་ཟད། གཏེར་ཁ་ལའང་དངུལ་དང་། ཟངས། ལྕགས། ཞ་ཉེ། ཏི་ཚ། ཆུ་ཤེལ་སོགས་ཐོན། རང་བྱུང་བསང་རིགས་སུ་བ་ལུ། སུ་ལུ། གཡའ་ཚན། གངས་དཀར། ཤ་ཕྲུག འཁན་པ་བཅས་དང་། མེ་ཏོག་གི་རིགས་ལ་བ་ལུའི་མེ་ཏོག སུ་ལུའི་མེ་ཏོག ཚར་མའི་མེ་ཏོག ཁྲག་ཤ་མེ་ཏོག སེར་ཆེན་མེ་ཏོག ཧ་ལོའི་མེ་ཏོག སྤང་རྒྱན་མེ་ཏོག ཁྱུང་ལུང་མེ་ཏོག སྐལ་བཟང་མེ་ཏོག ཞོ་སྟོན་མེ་ཏོག འབྲས་སིལ་མེ་ཏོག གོས་ཆེན་མེ་ཏོག གང་ཟང་མེ་ཏོག དཀར་ཡོལ་མེ་ཏོག་སོགས་སྐྱེ་ཡི་ཡོད་འདུག

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] གོང་དཀར་ཁུལ་གྱི་སྒེར་པ་ཞེས་པ་ནི་དེང་ལྷོ་ཁ་གོང་དཀར་རྫོང་ཁོངས་ཀྱི་འཕྲེང་འགོ་ཤང་ཕུད་པའི་ས་ཁོངས་སུ་ཕ་གཞིས་ཡོད་པའི་སྒེར་པའོ།།

[2] (1)武振华. 西藏地名. 中国藏学出版社 1995年.

(2) བོད་ཀྱི་ས་མིང་དཔྱད་གཞིའི་ཡིག་རིགས་བསྡུས་བསྒྲིགས། བོད་རང་སྐྱོང་ལྗོངས་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཐིག་རིས་ཅུས། ཕྱི་ལོ་ ༡༩༧༩། ཤོག ༩༦།

[3] དཀོན་མཆོག་རྟ་དབང་ལགས་ཀྱིས་དེ་སྔ་སྲན་མའི་སྤུས་ཀ་དེ་ཙམ་མི་ལེགས་པས་མེ་ཏོག་མཚམས་ཚང་མ་སྒོ་ཕྱུགས་སེམས་ཅན་ལ་སྟེར་བར་གསུངས།

[4] རྡ་ས་བོད་ཀྱི་དཔེ་མཛོད་ཁང་། ངག་རྒྱུན་ལོ་རྒྱུས། དེབ་ཕྲེང་། ༢༡། ཤོག ༡༩༨-༢༤༠ སྔ་མོ་ཁུལ་དེའི་ཞིང་འབྲོག་གི་དུས་བཞིའི་ལས་གཉེར་བྱེད་ཚུལ་གྱི་བྱེད་སྒོའི་རིམ་པ་ཁག་ཞིབ་པར་གསལ།

[5]西藏自治区土地册,西藏自治区测绘局,中国地图出版社出版.1996.Pg 89.

[6] གནའ་རབས་བོད་ཀྱི་གར་གླུ་སོགས་ལོ་རྒྱུས་ཕྱོགས་བསྡེབས། ངག་རྒྱུན་ལོ་རྒྱུས་དེབ་ཕྲེང་། ༣༢། བོད་ཀྱི་དཔེ་མཛོད་ཁང་། ཕྱི་ལོ། ༢༠༡༣། ཤོག ༢༨༥།

[7] རྡ་ས་བོད་ཀྱི་དཔེ་མཛོད། དེབ་ཕྲེང་། ༢༡། ཤོག ༡༨༨།

བརྒྱུད་སྐུལ།

མཆན་སྤེལ།