དབུས་གཙང་ལོ་རྒྱུས་ཆེན་མོ་ལས། གོང་དཀར་རྫོང་གི་དགོན་སྡེ་དང་། གྲགས་ཅན་མི་སྣ། གནའ་ཤུལ། ༤༽

དབུས་གཙང་ལོ་རྒྱུས་ཆེན་མོ་ལས། གོང་དཀར་རྫོང་གི་དགོན་སྡེ་དང་། གྲགས་ཅན་མི་སྣ། གནའ་ཤུལ། ༤༽

 

ས་བཅད་དྲུག་པ། དགོན་སྡེ་དང་། གྲགས་ཅན་མི་སྣ། གནའ་ཤུལ།

ལེ་ཚན་དང་པོ། དགོན་སྡེ།

ཨང་། དགོན་པའི་མིང་། བཞེངས་དུས། བཞེངས་མཁན། ཆོས་བརྒྱུད།
༡ གོང་དཀར་བཤད་སྒྲུབ་གླིང་། ཕྱི་ལོ་ ༡༦༥༤། ༸གོང་ས་ལྔ་པ་ཆེན་པོ། དགེ་ལུགས།
༢ གོང་དཀར་ཆོས་སྡེ། ཕྱི་ལོ་ ༡༤༤༦། རྫོང་པ་ཀུན་དགའ་རྣམ་རྒྱལ། ས་སྐྱ།
༣ བདེ་ཆེན་ཆོས་འཁོར། ཕྱི་ལོ་ ༡༥༧༠། ལྷ་རྩེ་པ་ངག་དབང་བཟང་པོ། བཀའ་བརྒྱུད།
༤ རྡོ་རྗེ་བྲག ཕྱི་ལོ་ ༡༦༣༢། རྡོ་བྲག་སྐུ་ཕྲེང་གསུམ་པ་ངག་གི་དབང་པོ། རྙིང་མ།
༥ གསུང་རབ་གླིང་། ཕྱི་ལོ་ ༡༦༤༨། འོན་བསོད་ནམས་བཟང་པོ། དགེ་ལུགས།
༦ མི་འགྱུར་སྡིང་དགོན། ཆོས་མགོན་རིན་པོ་ཆེ། བཀའ་བརྒྱུད།
༧ རྒྱང་ནུབ་དགོན། ཕྱི་ལོ་ ༡༥༨༤། རི་པ་ཤེས་རབ་དཔལ་བཟང། བཀའ་བརྒྱུད།
༨ རས་ཆུང་དགོན། འབྲུག་པ་ཡོངས་འཛིན་རིན་པོ་ཆེ། བཀའ་བརྒྱུད།
༩ རས་ཆེན་དགོན། འབྲུག་པ་ཡོངས་འཛིན་རིན་པོ་ཆེ། བཀའ་བརྒྱུད།
༡༠ གོང་ཆུ་མིག་བཙུན་དགོན། འབྲུག་པ་ཆོས་མགོན་རིན་པོ་ཆེ། བཀའ་བརྒྱུད།
༡༡ ལུམ་པ་བྱང་ཆུབ་སྡིངས་ཀྱི་སྒྲུབ་སྡེ། རྗེ་ལྷ་རྩེ་པ་ངག་དབང་བཟང་པོ། བཀའ་བརྒྱུད།
༡༢ སྲས་ཐོག་དགོན། སྲོང་བཙན་སྒམ་པོ། བཀའ་བརྒྱུད།
༡༣ འཇུ་བཀྲིས་སྟེང་དགོན། རས་ཆུང་རྡོ་རྗེ་གྲགས། བཀའ་བརྒྱུད།
༡༤ བཀའ་བརྒྱུད་བཙུན་དགོན། བཀའ་བརྒྱུད།
༡༥ བྲག་དམར་ཆོས་འཁོར་གླིང་དགོན། རྔོག་ཆོས་སྐུ་རྡོ་རྗེ། བཀའ་བརྒྱུད།
༡༦ དགོན་པ་བྱང་བཙུན་དགོན། བཀའ་བརྒྱུད།
༡༧ དོན་གྲུག་ཆོས་སྡིངས་དགོན། བཀའ་བརྒྱུད།
༡༨ ཆུ་མིག་ཤར་བཙུན་དགོན། བཀའ་བརྒྱུད།
༡༩ རྣམ་རབ་དྭགས་པོ་གྲྭ་ཚང་། ཀུན་མཁྱེན་བཀྲིས་རྣམ་རྒྱལ། དགེ་ལུགས།
༢༠ རྭ་སྨད་དགོན། ཤེས་རབ་དཔལ་ལྡན། ས་སྐྱ།
༢༡ ཇོ་བོ་འབུམ་པ། ཀརྨ་བཅུ་དྲུག་རིག་པའི་རྡོ་རྗེ།
༢༢ ཕ་དམ་པ་སངས་རྒྱས་ཀྱི་དགོན་པ། གཏེར་སྟོན་གྲྭ་པ་མངོན་ཤེས། རྙིང་མ།
༢༣ བདུན་ཕུད་ཆོས་འཁོར། གཏེར་སྟོན་གྲྭ་པ་མངོན་ཤེས། ས་སྐྱ།
༢༤ ཚེ་སྒྲུབ་དགོན། ཚེས་བཅུ་སྒྲུབ་སྡེ། ཐང་སྟོང་རྒྱལ་པོ། དགེ་ལུགས།
༢༥ འབུམ་དང་འབུམ།
༢༦ དགའ་ཚལ་མི་ཎི་ལྷ་ཁང་། རྙིང་མ།
༢༧ སྟོང་ར་བཀའ་འགྱུར་ལྷ་ཁང་། རྙིང་མ།
༢༨ འབུམ་སྡེ་ལྷ་ཁང་། རྙིང་མ།
༢༩ སྣང་ཕུ་ཆོས་ལུང་དགོན། བཀའ་བརྒྱུད།
༣༠ ཁ་རེག་དགོན།
༣༡ སྤྲེའུ་ཞིང་ལྷ་ཁང་། རྔོག་ཀུན་དགའ་དགའ་རྡོ་རྗེ། བཀའ་བརྒྱུད།
༣༢ བུམ་དང་དགོན། དགེ་ལུགས།

ལེ་ཚན་གཉིས་པ། གྲགས་ཅན་མི་སྣ།

ཨང་། མཚན། འཁྲུངས་ཡུལ། འཁྲུངས་འདས། མཆན།
༡ མཁས་གྲུབ་མདོ་སྔགས་བསྟན་འཛིན། ལྕེ་བདེ་ཞོལ། ༡༥༧༦-༡༦༢༨ མདོ་སྔགས་རིག་གནས་ལ་མཁས་པ།
༢ མཁྱེན་རྩེ་ཆེན་མོ། སྒང་སྟོད། དུས་རབས་ ༡༥། ཐང་བྲིས་མཁྱེན་བརྩེ་ལུགས་སྲོལ་བཏོད་པ།
༣ རྔོག་ཀུན་དགའ་རྡོ་རྗེ། གཞུང་སྤྲེལ་ཞིང་། ༡༡༥༧-༡༢༣༤ རྔོག་གི་རུས་རྒྱུད།
༤ རྔོག་རྒྱལ་ཚ་རྡོ་སེང་། རྒྱ་རི་གྲོང་། ༡༡༤༠-༡༢༠༧ རྔོག་གཉན་བཙན་གྱི་རུས་རྒྱུད་ཡིན།
༥ རྔོག་ཆོས་ཀྱི་རྒྱལ་མཚན། རྒྱ་རི་གྲོང་། ༡༢༨༣-༡༣༥༩ རྔོག་གཉན་བཙན་གྱི་རུས་རྒྱུད་ཡིན།
༦ རྔོག་ཆོས་སྐུ་རྡོ་རྗེ། རྒྱ་རི་གྲོང་། ༡༠༣༦-༡༡༠༢ མར་པའི་ཀ་ཆེན་བཞིའི་ཡ་གྱལ་ལྷོའི་ཀ་བ།
༧ རྔོག་ཇོ་ཐོག རྒྱ་རི་གྲོང་། ༡༡༢༠-༡༡༥༦ ཁོང་རྔོག་ཆོས་སྐུ་རྡོ་རྗེའི་ཚ་བོ་ཡིན།
༨ རྔོག་སྟོན་བྱང་ཆུབ་དཔལ། རྒྱ་རི་གྲོང་། ༡༣༦༠-༡༤༤༦ རྔོག་གི་གདན་རབས་ལོ་བཞི་བཅུ་ལྷག་བསྐྱངས།
༩ རྔོག་དོན་གྲུབ་དཔལ་བ། རྒྱ་རི་གྲོང་། ༡༣༣༡-༡༣༩༨ སྤྲེའུ་ཞིང་གི་གདན་ཁྲིར་ཕེབས་པའི་མཁས་པ།
༡༠ རྔོག་མདོ་སྡེ། རྒྱ་རི་གྲོང་། ༡༠༩༠-༡༡༦༦ བོད་ཀྱི་སྔགས་པ་བསོད་ནམས་ཆེ་ཤོས།
༡༡ རྔོག་བཙུན་གཟིགས་སྣང་། སྟོང་རྭ་གྲོང་། ཕུར་པ་ལ་མངའ་བརྙེས་པའི་གྲུབ་ཆེན།
༡༢ རྔོག་གཟི་བརྗིད་གྲགས་པ། རྒྱ་རི་གྲོང་། ༡༢༠༢-༡༢༨༡ སྤྲེའུ་ཞིང་གི་གདན་ཁྲིར་ཕེབས་པ་དང་།རྗེ་བཙུན་མར་པའི་གདུང་ཁང་ཆེན་མོ་གསར་དུ་བཞེངས།
༡༣ རྔོག་རིན་ཆེན་བཟང་པོ། རྒྱ་རི་གྲོང་། ༡༢༤༣-༡༣༡༩ སྤྲེའུ་ཞིང་གི་གདན་ས་བསྐྱངས།
༡༤ རྔོག་ལེགས་པའི་ཤེས་རབ། སྟོང་རྭ་གྲོང་། དུས་རབས་བཅིུག ཇོ་འབྲོམ་ཡབ་གསུམ་གྱི་ཡ་གྱལ་ཞིག།
༡༥ རྟ་སྟོན་ཇོ་བོ་ཡེ་ཤེས། གོང་དཀར་རྫོང་། ༡༡༦༣-༡༢༣༠ ལྷ་སའི་ཇོ་ཤག་རྣམ་གཉིས་ཀྱི་ཞབས་ཏོག་པ།
༡༦ རྟ་སྟོན་ཇོ་འབུམ གོང་དཀར་རྫོང་། ༡༡༢༤-༡༡༧༤ ཆུ་བོ་རི་ལ་སྒོམ་སྒྲུབ་ལོ་མང་མཛད།
༡༧ དབུས་པ་ཇོ་བོ་བསོད་ནམས། གོང་དཀར་རྫོང་། ༡༡༦༨-༡༡༩༨ གང་སར་སྙན་པའི་གྲགས་པ་འབར།
༡༨ དམར་ཤཱཀྱ་མུ་ནེ། བྱང་ཐང་གྲོང། དུས་རབས་ ༡༧། དམར་གཡོ་གཙང་གསུམ་གྱི་ཡ་གྱལ།
༡༩ སྐྱིད་གཤོངས་མཁན་ཆེན་བློ་གྲོས་ཕྱོགས་ལས་རྣམ་རྒྱལ། སྐྱིད་གཤོངས། ༡༥༠༥-༡༥༨༥
༢༠ གཏེར་སྟོན་ལས་འཕྲོ་གླིང་པ།[1] ལྕེ་བདེ་ཞོལ། དུས་རབས་ ༡༩། ཟབ་ལུང་མེ་ཟོར་མཁའ་འགྲོ་ཕུག་ནས་བླ་མ་ཡོངས་རྫོངས་ཀྱི་ཆོས་སྐོར་རྣམས་སྤྱན་དྲངས།
༢༡ མཚུར་སྟོན་དབང་གི་རྡོ་རྗེ། ལྕེ་བདེ་ཞོལ། དུས་རབས་བཅིུག མར་པ་ལོ་ཙཱའི་སློབ་མ་ཀ་ཆེན་བཞིའི་ཡ་གྱལ།
༢༢ རིན་པོ་ཆེ་འོད་གསལ་རང་གྲོལ། རྒྱ་དྲུག་གླིང་། དུས་རབས་ ༡༤། ཀུན་མཁྱེན་ཀློང་ཆེན་པའི་སློབ་མ་གྲགས་ཅན།
༢༣ རོག་ཤེས་རབ་རྒྱ་མཚོ། ལྕེ་བདེ་ཞོལ། ༡༠༥༩-༡༡༣༡ ཡ་གད་གཙུག་ལག་ཁང་ཕྱག་འདེབས་པོ།
༢༤ ལྷ་ཕྱུག་མཁར་བ་ཉི་ཟླ་འོད། ལྕེ་བདེ་ཞོལ། ༡༡༣༥-༡༢༡༥ འཇུ་ཕུ་དགོན་སོགས་ཕྱག་འདེབས་པོ།
༢༥ རྔོག་ཇོ་རོ། རྒྱ་རི། ༡༡༣༤-༡༡༧༠ ཁོང་ནི་རྔོག་ཆོས་སྐུ་རྡོ་རྗེའི་ཡང་ཚ་ཡིན།
༢༦ ངག་དབང་ཀུན་དགའ། བདེ་སྐྱིད་གླིང། རབ་བྱུང་ ༡༡། གཏེར་སྟོན་བརྒྱ་རྩའི་ཡ་གྱལ།
༢༧ སྐལ་བཟང་མཁས་གྲུབ། ༡༩༤༥-
༢༨ ལྷག་པ་ཚེ་རིང་། ༡༩༦༥-
༢༩ ཀུན་དགའ་ལྷུན་གྲུབ། ༡༦༡༦-༡༦༧༥ བདེ་ཆེན་ཆོས་འཁོར་ཡོངས་འཛིན་གཉིས་པ།
༣༠ ངག་དབང་གྲགས་པ། དྭགས་པོ་མདའ། དུས་རབས་ ༡༥།

ལེ་ཚན་གསུམ་པ། གནའ་ཤུལ།

མཁར། བང་སོ། དུར། གནས། ས་གནས། མཆན།
མཁར། གོང་དཀར་རྫོང་། གོང་དཀར། ཕག་གྲུའི་སྐབས་གསར་བཞེངས་མཛད་པའི་རྫོག་ཁག་གི་ཡ་གྱལ།
ཟམ་པ། ཆུ་བོ་རིའི་ལྕགས་ཟམ། སྐྱིད་ནགས། གྲུབ་ཆེན་ཐང་སྟོང་རྒྱལ་པོས་བཞེངས།
གནས། གུ་རུའི་སྒྲུབ་ཕུག་ནམ་མཁའ་ལྡིང། ཆུ་བོ་རིའི་རྩེ་མོ། གུ་རུ་གཙོ་འཁོར་གསུམ་གྱི་འདམ་སྐུ་ཆ་གཉིས་སོགས་ཀྱི་རྟེན་མཆིས།
གནས། དྲང་སྲོང་སྲིན་པོ་རི། བདེ་མཆོག་གྱི་གནས་རི་ཡིན།
གནས། གཞུང་སྤྲེལ་ཞིང་། རྣམ་རབ། ཁུལ་དེར་རྗེ་མི་ལའི་སྒྲུབ་ཕུག་དང་། རྔོག་གི་སྐུ་སོགས་ཡོད།
གནས། དཔལ་ཆེན་ཆུ་བོ་རི། སྐྱིད་ནགས། བོད་ཀྱི་གནས་རི་རྩ་ཆེན་བཞིའི་ཡ་གྱལ་དང་། སྤྱན་རས་གཟིགས་ཀྱི་རང་བྱོན་རྩལ་ཆེར་བརྩི་བ་མཇལ་རྒྱུ་ཡོད།
གནས། ཚེ་ཆུ་སྒྲུབ་སྡེ། སྐྱིད་ནགས། ཁུལ་དེར་གུ་རུའི་ཞབས་རྗེས་སོགས་རྟེན་མང་།
པར་ཁང་། རྡོ་རྗེ་བྲག་གི་པར་ཁང་།

ས་བཅད་བདུན་པ། དམངས་སྲོལ།

ལེ་ཚན་དང་པོ། གོང་དཀར་ཆོས་སྡེའི་རྔ་འཆམ།

 

རྔ་འཆམ་དེ་ནི་བོད་ཟླ་དང་པོའི་ཚེས་བཅོ་ལྔར་འཁྲབ་སྲོལ་ཡོད། གོང་དཀར་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ་མཆོག་གིས། ཕྱི་ལོ་ ༡༤༦༤ ལོར་དགོང་དཀར་ཆོས་སྡེ་དགོན་པ་ཕྱག་བཞེངས་མཛད་པར་གྲགས་པས་མི་ལོ་ལྔ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་མཆིས། གར་དེའི་ཐུན་མིན་ཁྱད་ཆོས་ཀྱང་རྔ་སྒལ་པར་འཁུར་ནས་བརྔུངས་ཞིང་བྲོ་གར་འཁྲབ་སྲོལ་དང་མིང་དུའང་དེ་ལྟར་ཐོགས་ཤིང་། རྔ་ཙམ་མིན་པར་རོལ་མོ་དང་། ཞལ་འབག འཆམ་ཆས། རོལ་དབྱངས། བྲོ་གར་སོགས་སྒྱུ་རྩལ་གྱི་རྣམ་པ་ཕུན་སུམ་ཚོགས་པོས་ཕྱུག མདོར་ན་རྔ་འཆམ་སྒྱུ་རྩལ་འཁྲལ་ཚུལ་ལ་བྱེད་ན་བཞི་འགྲོས་དང་། དགུ་བརྡུང་། བཀྲིས་འགྲོས་ཏེ་ཁག་གསུམ་དུ་འབྱེད་ཅིང་། རྔ་རོལ་དབྱངས་རྟའི་འགྲོས་དང་བསྟུན་ནས་འཁྲབ་པས་རྔམ་ཟིལ་བརྗིད་དམིགས་བསལ་ཉམས་འགྱུར་འབུར་དུ་ཐོན་ཡོད་ལ། གར་གྱི་བརྗོད་བྱའི་བསྟན་དོན་གཙོ་བོའང་ནང་ཆོས་ཆོ་ག་ཟུང་དུ་འབྲེལ་བའི་རྣམ་པའི་ཐོག་ནས་ལས་འབྲས་ཀྱི་རྣམ་བཞག་དང་འཁོར་བའི་ཉེས་དམིགས་སོགས་མངོན་པར་བྱས་ཡོད།[2]

ལེ་ཚན་གཉིས་པ། གོང་དཀར་འོང་སྐོར་། སྣང་རབ་གཞས་ཆེན། གླུ་གར་རྟ་འཐུང་།

གོང་དཀར་འོང་སྐོར་ནི་གོང་དཀར་རྫོང་གཙོ་བོར་བྱས་པའི་ཁུལ་དེའི་ཡུལ་སྡེའི་ཁག་ཏུ། བོད་ ༧ ཚེས་ ༥ ནས་འགོ་ཚུགས་སྟ་གོན་གྱིས་བདུན་གཅིག་ལ་ཉེ་བའི་རིང་འོང་བསྐོར་གྲ་རྒྱས་གཏོང་སྲོལ་ཡོད་པར། ཡུལ་མི་ཚོས་གཟབ་སྤྲོས་རྒྱན་ཆ་སྣ་ཚོགས་སྤུད་ཅིང་། ལྷག་པར་ཆེད་གླས་གཞས་པ་ཚོས་གོས་ཆེན་གྱི་ཕྱུ་པ་དང་། རྒྱ་གྲི་ཕོར་ཤུབས། སོག་བྱིལ། གསེར་དངུལ་བ་སོ་བཅས་ལས་གྲུབ་པའི་ཀྲད་ཀོར་སོགས་བཀླུབས་ནས། ཚེས་༧ཉིན་དུད་ཚང་རེའི་སྐྱེ་ཕོ་མོ་རེས་ཆོས་དཔེ་རྒྱབ་འཁུར་གྱིས་དངོས་གཞིའི་འོང་བསྐོར་དུ་བསྐྱོད་ལ། འོང་བསྐོར་བའི་སྣེ་འཁྲིད་དུ་རྒྱ་ལུ་ཞེས་པས་ཀི་སྭཽ་དང་སྦྲགས་རྦད་དང་ལྗགས་རྒྱངས་ཀྱི་འགྱུར་ཁུག་དྲངས་འཐེན་གྱི་བང་སྣེ་འཁྲིད་ནས་འོང་བསྐོར་འགྲོ་བ་ཡིན། དེ་མཚུངས་དུས་སྟོན་དེའི་སྐབས་སུ་རྫོང་གཞིས་རང་གིས་འགན་བཞེས་ཐོག་གཞས་པ་གཞས་མ་དྲག་འདེམས་ཀྱིས་གླུ་གར་འགྲན་བསྡུར་དང་། གཞིས་ཁག་ཡུལ་སྡེ་བར་གོང་དཀར་གཡང་མོ་ཆེ་ཞེས་པའི་རྟ་རྒྱུག་མདའ་རྩེད་འགྲན་བསྡུར་ཡང་བྱེད་སྲོལ་མཆིས་སོ། [3] དེ་བཞིན་སྣང་རབ་གཞས་ཆེན་ཡང་གཙོ་བོ་བཅོ་ལྔ་མཆོད་པའི་དུས་སྟོན་དུ་འཁྲབ་ལ་ཁུལ་དེར་ཧ་ཅང་སྐད་གྲགས་ཤིན་ཆེ། དེ་མིན་ལོ་གསར་དང་གཉེན་སྟོན་སྐབས་སུའང་ལན་རེ་འཁྲབ་སྲོལ་ཡོད་འདུག དེར་དབུས་གཙང་ཁུལ་དུ་དར་ཁྱབ་ཆེ་བའི་གཞས་ཆེན་གཞན་དང་མི་འདྲ་བར། གཞས་དེའི་དབྱངས་རྟའི་འགྱུར་ཁུག་ཉམས་འགྱུར་སོགས་ལ་ཐུན་མིན་གྱི་ཁྱད་ཆོས་མངའ་བར་བཤད། གཞན་ཡང་། བཅོ་ལྔ་མཆོད་པའི་དུས་སྟོན་སྐབས་ཁུལ་དེར་དབུས་འབྲོག་མི་སེར་གཉིས་དབར་སྒེར་གཞས་ཉིན་བསྟུད་གྱིས་འགྲན་བསྡུར་བྱེད་སྲོལ་མཆིས།[4]

ཡང་གླུ་གར་རྟ་འཐུང་ནི་གོང་དཀར་རྫོང་རྒྱ་རི་ཁུལ་གྱི་གླུ་གར་ཞིག་ཡིན་པ་དང་། དེ་ལ་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་ཡོད། དེ་ཡང་། སློབ་དཔོན་པདྨ་འབྱུང་གནས་བསམ་ཡས་གཙུག་ལག་ཁང་དུ་ཕེབས་སྐབས། ལམ་བར་རྒྱ་རི་ཁུལ་གྱི་ཡུལ་མིས་ཕེབས་བསུའི་དགའ་སྟོན་དུ་འཁྲབ་པ་ལས་དར་ཁྱབ་བྱུང་བར་གྲགས་ཤིང་། ཕྱིས་གཞས་དེ་ལ་རྩེ་དང།  དགོན་པ།  ཆུ་འགྲམ་སོགས་སུ་བསང་གསོལ་མཆོད་འབུལ་སོགས་ཀྱི་སྐབས་གཏོང་སྲོལ་དང་།[5] གླུ་གར་དེའི་ཐུན་མིན་ཁྱད་ཆོས་གཙོ་བོ་ཡང་ཕོ་མོ་རྒན་གཞོན་དབྱེ་མེད་གཞས་གྲལ་དུ་ཅི་འདོད་དུ་འཛུལ་ཆོག་ལ། དམིགས་གསལ་རོལ་ཆའི་རམ་འདེགས་སོགས་ཅི་ཡང་མེད་པར་གླུའི་དུམ་བུ་ཞིག་དབྱངས་སུ་འགྱེར་བ་དང་བསྟུན། གཞས་རའི་རུ་སྟར་གྱི་རྣམ་པ་སྒོར་དབྱིབས་སུ་བསྒྲིགས་པ་དལ་བུར་བསྐོར་བ་གཡས་སྐོར་གྱི་གར་གླུའི་དབྱངས་རྟ་དང་བཅས་འཁྲབ་སྲོལ་མཆིས་པ་བཅས་སོ།།

 

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

 

[1] འདི་གཏེར་སྟོན་འཇའ་མཚོན་སྙིང་པོ་དང་མཚན་གཅིག་པར་འདོད་པ་དང་འཁྲུངས་ཡུལ་ཡང་ཀོང་པོར་ཡིན་ཅེས་གསལ་བས་བརྟགས་དགོས། འདར་སྐྱིད་གཤོངས་ཞེས་པ་ལྷོ་ཁ་གོང་དཀར་ཁོངས་ཀྱི་སྐྱིད་གཤོངས་ཡིན་མིན་དཔྱོད་རོགས།

[2] གོང་དཀར་ཆོས་སྡེའི་རྔ་འཆོམ་གྱི་སྐོར་རྒྱས་པ། བོད་ལྗོངས་སྒྱུ་རྩལ། ཕྱི་ལོ་ ༡༩༩༢། འདོན་ཐེངས། ༡ ཤོག ༩-༢༣  བར་གཟིགས་འཚལ།

[3] རྡ་ས་བོད་ཀྱི་དཔེ་མཛོད། དེབ་ཕྲེང་། ༢༡ ཤོག ༢༡༩-༢༣༤ བར་དུ་གོང་དཀར་དང་སྟོང་རའི་ཁུལ་གྱི་འོང་བསྐོར་སྐབས་ཀྱི་དེ་སྔའི་གཞུང་འབྲེལ་གྱི་བྱེད་སྒོ་གཉེར་ལུགས་ཞིབ་ཕྲ་མཆིས་པས་གཟིགས་འཚལ།

[4] རྡ་ས་བོད་ཀྱི་དཔེ་མཛོད། དེབ་ཕྲེང་། ༢༡ ཤོག ༡༩༤།

[5] ལྷོ་ཁའི་དམངས་ཁྲོད་གླུ་གར་རྟ་འཐུང་གི་སྐོར་ངོ་སྤྲོད།

བརྒྱུད་སྐུལ།

མཆན་སྤེལ།