སྙེ་མོ་སྟོད་ལེབ་ཤཱཀྱ་བཤད་སྒྲུབ་ཆོས་འཁོར་གླིང་གི་སྐོར་ཞིབ་བརྗོད།

སྙེ་མོ་སྟོད་ལེབ་ཤཱཀྱ་བཤད་སྒྲུབ་ཆོས་འཁོར་གླིང་གི་སྐོར་ཞིབ་བརྗོད།

སྙེ་མོ་སྟོད་ལེབ་ཤཱཀྱ་བཤད་སྒྲུབ་ཆོས་འཁོར་གླིང་གི་སྐོར་ཞིབ་བརྗོད།

སྙེ་ལྕེ་བཙན་ཕྲུག

ལྷ་ལྡན་ནུབ་ཕྱོགས་སྙེ་མོའི་དགོན་སྡེ་ལས། །གྲྭ་དགོན་སྟོད་ལེབ་དགོན་པ་ཞེས་བྱ་བ། །

ཡིད་འོང་བཀོད་ལེགས་དབེན་ཞིང་ཉམས་དགའ་འདིའི། །ལོ་རྒྱུས་མདོར་བསྡུས་གླེང་བར་འཇུག་པར་བྱ། །

དེའང་། སྙེ་མོ་སྟོད་ལེབ་དགོན་པ་ནི། བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་ཁོངས་གཏོགས་སྙེ་མོ་རྫོང་མར་རྐྱང་ཡུལ་ཤོག་གི་གྱང་ཉེ་གྲོང་ཚོའི་སྟོད་ལེབ་མདོ་ཞེས་པའི་རི་གཤམ་དུ་གནས་པའི་དགོན་སྡེ་ཞིག་ཡིན།

སྙེ་མོ་རྫོང་ནས་ཇོ་མོ་གངས་དཀར་ལ་འགྲོ་དུས་ཡར་ལམ་ནས་དགོན་པ་མཇལ་ཐུབ་ཅིང་། སྙེ་མོ་རྫོང་ནས་སྟོད་ལེབ་དགོན་བར་དུ་སྤྱི་ལེ་ ༣༠ ལྷག་ཡོད། དགོན་པ་འདིའི་མཚན་ཆ་ཚང་ལ་སྔོན་དུས་སུ་སྟོད་ལེབ་མཁའ་སྤྱོད་དགོན་ཞེས་དང་། ཕྱིས་སུ་སྟོད་ལེབ་ཤཱཀྱ་བཤད་སྒྲུབ་ཆོས་འཁོར་གླིང་ཞེས་ཀྱང་ཞུའོ། །སྟོད་ལེབ་ཅེས་པ་ས་ཆ་དེ་གའི་ཡུལ་མིང་ཡིན་ཞིང་། མཁའ་སྤྱོད་ཅེས་པ་ཀུན་གཟིགས་ཞྭ་དམར་རིན་པོ་ཆེ་སྐུ་ཕྲེང་གཉིས་པ་དཔལ་མཁའ་སྤྱོད་དབང་པོའི་མཚན་ཟུར་གྱི་མཁའ་སྤྱོད་ཅེས་པ་དེ་ཡིན། དེ་ཡང་སྔོན་དང་ད་ལྟའང་ཕལ་ཆེར་གྱིས་སྟོད་ལེབ་དགོན་ཞེས་བརྗོད་བདེའི་དབང་གིས་དེ་ལྟར་འབོད་པ་ཡིན་ལ། དགོན་འདི་ཞྭ་དམར་རིན་པོ་ཆེ་དཔལ་མཁའ་སྤྱོད་དབང་པོས་སྤྱི་ལོ་༡༣༧༥ཡས་མས་སུ་ཕྱག་བཏབ་པར་གྲགས་པས་ན། འདི་གའི་ཡུམ་མི་སོགས་ཀྱིས་སྟོད་ལེབ་མཁའ་སྤྱོད་དགོན་ཞེས་ཀྱང་འབོད་སྲོལ་བྱུང་། དེས་ན་དགོན་པ་འདི་ཕྱག་བཏབ་པ་ནས་ད་བར་རགས་རྩིས་བྱས་ན་ལོ་ངོ་ ༦༤༨ ལྷག་གི་ལོ་རྒྱུས་ལྡན་ཡོད་དོའོ། །

ད་ནི་འདིར་གླེང་བར་བྱ་བའི་བསྟན་དོན་གཙོ་བོ་དགོན་པ་འདི་སོག་དམག་དང་དགའ་ལྡན་ཕོ་བྲང་གི་སྐབས་དང་རིག་གསར་སྐབས་སུ་ཉམས་ཉེས་བྱུང་བ་ལས་ཇི་ལྟར་ཉམས་གསོ་བྱས་ཚུལ་དང་ད་ལྟའི་ཆར་དགོན་པ་འདིས་ཆོས་ཕྱོགས་ཀྱི་མཛད་པ་ཇི་ལྟར་སྐྱོང་བཞིན་ཡོད་ཚུལ་སོགས་རིམ་པ་བཞིན་བརྗོད་པར་བྱ་སྟེ། དེའང་འདས་སོང་གི་ལོ་ཟླ་རིང་མོ་དེ་རྣམས་ཀྱི་ཁྲོད་དུ་གདོང་དམར་གངས་ཅན་པའི་ཡུལ་གྲུའི་དགོན་སྡེ་ཁག་ལ་དར་རྒུད་སྣ་ཚོགས་བྱུང་བ་དེ་དེ་བཞིན་དུ། དགོན་པ་འདི་ལའང་དར་རྒུད་སྣ་ཚོགས་བྱུང་མྱོང་བ་སྟེ། སྔོན་དུས་སུ་ཀུན་གཟིགས་ཞྭ་དམར་ཐམས་ཅད་མཁྱེན་པ་དཔལ་མཁའ་སྤྱོད་དབང་པོས་ཕྱག་བཏབ་པའི་སྟོད་ལེབ་དགོན་པ་དེ་ཡང་རྦད་དེ་ཉམས་ཉེས་སུ་ཤོར་ནས་བདག་མེད་དུ་ལུས་ཤིང་། སྐབས་དེ་དུས་སྟོད་ལེབ་དགོན་ཤུལ་ཡོད་ས་དེ། ད་ལྟའི་དགོན་གནས་འདི་རང་ལ་མ་ཡིན་པར་ད་སྐབས་ཀྱི་དགོན་པ་ནས་བྱ་རྒོད་རྫོང་ཞེས་པའི་ས་ཆ་དེ་བཞག་སྟེ་ཡར་ནང་དུ་ཕྱིན་ཚེ། དེར་དགོན་ཤུལ་ད་ལྟའང་མཐོང་སར་ཡོད་པ་དེར་ཡིན། ད་ལྟ་ངེད་ཅག་གི་མཐོང་ཆོས་སུ་གྱུར་པའི་སྟོད་ལེབ་དགོན་པ་འདི་ཉམས་གསོ་གནང་མཁན་ནི་བླ་མ་ཡེ་ཤེས་ཆོས་འཕེལ་ཞུ་བ་ཁོང་ཡིན་པས། བླ་མ་ཁོང་ལ་ཉིད་ཀྱི་རྩ་བའི་བླ་མའི་བཀའ་དགོངས་ཇི་ལྟར་ཡོད་པ་ལྟར་དུ། སྔར་གྱི་ས་གནས་དེ་རང་ལ་དགོན་པ་ཉམས་གསོ་གནང་ཚེ། དད་ལྡན་མི་དམངས་ཀྱི་དེང་གི་འཕྲུལ་ལམ་སོགས་མི་བདེ་བའི་གནས་སྟངས་ལ་བཞིགས་ནས་དེར་ཉམས་གསོ་མ་མཛད་པར་ད་ལྟའི་དགོན་པ་ཡོད་སར་གསར་བཞེངས་བྱས་པ་སྟེ། དགོན་འདིའི་བསྟན་པའི་གསལ་བྱེད་དམ་པ་བླ་མ་ཡེ་ཤེས་ཆོས་འཕེལ་ཁོང་གིས་ཐུགས་འགན་གཙོ་བོར་བཞེས་པའི་སྒོ་ནས། འདི་གའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་རྣམས། སྤྱི་ལོ་༡༩༩༠ལོ་ནས་དབུ་འཛུགས་གནང་ཏེ་གསར་སྐྲུན་ལེགས་གྲུབ་བྱུང་ལ། འདི་གའི་འདུས་སྤྱི་ནས་ད་ཆ་སྐུ་འཚོ་བཞུགས་ཀྱི་༧སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེར་ཇི་ལྟར་གསོལ་བ་བཏབ་པ་ལྟར་རིན་པོ་ཆེའི་ཞལ་སྔ་ནས་ཀྱང་། སྟོད་ལེབ་ཤཱཀྱ་བཤད་སྒྲུབ་ཆོས་འཁོར་གླིང་ཞེས་མཚན་དེ་ལྟར་གསོལ་བ་ལགས་སོ། །

གཞན་ཡང་དགོན་པ་འདི་གདན་ས་མཆོད་སྒར་གོང་གིས་གཟིགས་སྐྱོང་མཛད་དོན་ནི། ① པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམས་ལས་གསལ་བ་ལྟར་ཡིན་ཏེ། དེ་ཉིད་ལས། དེའི་རིང་ལ་བོད་དུ་ཡོད་པའི་ཁོང་གི་དགོན་པ་དང་སྐུ་རྒྱུ་ཕྱག་རྫས་ལ་བདག་པོ་རྒྱག་མཁན་ནི་ཁོང་གི་སྐུ་ཚབ་རྒྱལ་ཚབ་ཆེན་པོ་གྲགས་པ་མཆོག་དབྱངས་ཡིན་ཞེས་སོགས་དང་། ②གནས་སྒོ་བ་ཀརྨ་གཞན་ཕན་རྒྱ་མཚོས་མཛད་པའི་ཀཾ་ཚང་བླ་མ་ཡབ་སྲས་དྲུག་གི་རྣམ་ཐར་ཞེས་པ་ལས། རྒྱལ་ཚབ་སྐུ་ཕྲེང་ལྔ་པ་གྲགས་པ་མཆོག་དབྱངས་ཀྱི་རྣམ་ཐར་སྐབས་སུ་འདི་ལྟར་གསུངས་ཡོད་དེ། སོག་དམག་གིས་ཀར་བསྟན་ལ་འཚེ་སྐབས། གོང་ས་ནས་མཚུར་ཕུ་སོགས་ཀཾ་ཚང་གི་ཆོས་སྡེ་ཉེར་གཅིག་ཙམ་གནང་བ་སོགས་ཀརྨ་པའི་ཕྲིན་ལས་རྒྱུན་མ་ཆད་ཙམ་བྱུང་བ་ནི། རྗེ་འདི་ཡི་ཐུགས་རྗེ་ཡིན་ནོ། དགུང་ཞེ་གཉིས་པ་ས་ཁྱིར་མྱ་ངན་ལས་འདས་སོ། ཞེས་གསུངས་པ་ལྟར་རྒྱལ་ཚབ་རིན་པོ་ཆེ་སྐུ་ཕྲེང་ལྔ་པ་གྲགས་པ་མཆོག་དབྱངས་ཀྱི་སྐུ་དུས་སུ། དགེ་ལུགས་པ་ལྔ་པ་བློ་བཟང་རྒྱ་མཚོས་ཀམ་ཚང་གི་ཆོས་སྡེ་ཉེར་གཅིག་རྒྱལ་ཚབ་གྲགས་པ་མཆོག་དབྱངས་ལ་ཚུར་སྤྲད་པ་ལས་དེའི་ནང་ནས་གཅིག་སྟོད་ལེབ་དགོན་པ་ཡིན་གཤིས། དེ་ནས་བཟུང་སྟོད་ལེབ་དགོན་པ་དེའང་གདན་ས་མཆོད་ཁང་གོང་གིས་གཟིགས་སྐྱོང་བྱེད་པའི་ཕྱག་སྲོལ་དར་བ་ལགས་སོ། །

ད་ལྟའི་ཆ་ལའང་། དགོན་འདིར་རང་ལུགས་ཀརྨ་ཀམ་ཚང་གི་ཕྱག་སྲོལ་ཇི་བཞིན་དུ། ཕག་བདེ་རྒྱལ་གསུམ་གྱི་རྒྱུད་སྡེའི་ཆོ་ག་ཕྱག་ལེན་ཁག་དང་བཀའ་བརྒྱུད་གོང་མ་རྗེ་བཙུན་མར་མི་དྭགས་གསུམ་སོགས་ཀྱི་བླ་སྒྲུབ་ཁག་ཀྱང་ལོ་ལྟར་ཆགས་སུ་ཚུགས་མུས་ལགས་ཤིང་། ཁྱད་པར་དུ་གདན་ས་མཚུར་ཕུའི་སྒར་གོང་འོག་ནས་སྒྲུབ་དཔོན་བླ་མ་དང་དབུ་མཛད་སོགས་གདན་ཞུས་གནང་སྟེ། སྒར་ཆེན་དགུ་གཏོར་ཆེན་མོའི་གར་འཆམ་དང་བཅས་པ་སླར་ཡང་རྒྱུད་འཛིན་བྱས་ཡོད་པ་དང་། སྒྲུབ་ཆེན་སོགས་ཀྱང་གསར་དུ་ཚུགས་ཐུབ་པ་བྱུང་ཡོད། ཚུལ་དེ་དག་ཀྱང་ད་ཡོད་ཀྱི་སྟོད་ལེབ་དགོན་པས་ཡུལ་འདི་གར་སྔོན་མེད་གསར་སྤེལ་བྱས་པ་ཙམ་མ་ཡིན་པར་འདས་སོང་གི་ལོ་རྒྱུས་ནང་ལའང་ཞྭ་དམར་དཔལ་མཁའ་སྤྱོད་དབང་པོའི་སྐབས་དེ་ཤེད་དུ་སྟོད་ལེབ་དགོན་དེར་གྲྭ་མང་རྒྱ་ཕྲག་བཞི་ལྷག་འདུས་མྱོང་བ་དང་དེའི་ཚེ་དེའི་དུས་ན། གོང་སྨྲས་ཀྱི་རང་ལུགས་སྒར་ཆེན་དགུ་གཏོར་གར་འཆམ་དང་བཅས་པ་ཚུགས་སྲོལ་ཡོད་པའི་ཕྲིན་ལས་ཀྱི་རྒྱུན་འཛིན་པ་ལགས། དེ་བཞིན་དུ་སྒྲུབ་སྡེ་ཆོས་སྐུ་མི་འགྱུར་གླིང་གསར་སྐྲུན་ཐུབ་ཡོད་ཅིང་། སྒྲུབ་སྡེ་དེར་ཡང་དགེ་འདུན་པ་འགའ་ཤས་ཀྱིས་སྒྲུབ་བརྒྱུད་པ་མཉམ་མེད་འགྲོ་མགོན་བཀའ་བརྒྱུད་པའི་རིང་ལུགས་ཀྱི་ཕྱག་སྲོལ་ཏེ། ལོ་གསུམ་ཕྱོགས་གསུམ་གྱི་སྐུ་མཚམས་ལ་བཞུགས་མུས་ལགས་ཤིང་ད་བར་སྒྲུབ་ཐེངས་ཚར་གཉིས་གྲོལ་ཟིན། ལྷག་ཏུ་དགེ་འདུན་པ་ལོ་གཞོན་རེ་ཟུང་གིས་གདན་ས་མཚུར་ཕུའི་བཤད་གྲྭར་ཚན་ཉིད་གཞུང་ཆེན་སྐོར་སོགས་ལའང་སློབ་གཉེར་གནང་བཞིན་འདུག། ཡང་དགོན་པ་འདིར་སྐུ་དྲིན་ལྷག་པར་ཆེ་བའི་བླ་རྒན་ཡེ་ཤེས་ཆོས་འཕེལ་ལགས་ནི། སྤྱི་ལོ་༡༩༣༢ལོར་སྙེ་མོ་དམག་ལམ་མམ་ཆུས་གླིང་ཞེས་པར་སྐུ་འཁྲུངས་ཤིང་དགུང་ལོ་བཅུ་དྲུག་སྐབས་མཚུར་ཕུའི་མཆོད་ཁང་གོང་དུ་སློབ་སྦྱོང་ལ་ཕེབས་པ་སོགས་ནས་མཐར་སྤྱི་ལོ་ ༢༠༠༦ལོའི་བོད་ཟླ་བཅུ་པའི་ཚེས་གཉིས་ཀྱི་ཉིན་མོར་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ། །༧རྒྱལ་དབང་མི་བསྐྱོད་རྡོ་རྗེར་གྲུབ་ཐོབ་གླིང་རས་པ་ཞལ་གཟིགས་བྱུང་སའི་མཆིལ་བུའི་རི་ཁྲོད།མཆིལ་བུའི་རི་ཁྲོད་དེར་མཛད་པའི་མགུར་ཞིག་བཀའ་བརྒྱུད་མགུར་ཚོར་བཞུགས་པའི་པར་རིས། གཞན་ཡང་། སྐབས་འདིར་ཆེས་གླེང་བར་སྤྲོ་བའི་གནས་ཀྱི་དམ་པ་ཞིག་ཡོད་པ་ནི། ༧དཔལ་རྒྱལ་དབང་ཀརྨ་པ་བརྒྱད་པ་ཆེན་མོ་ཀུན་མཁྱེན་མི་བསྐྱོད་རྡོ་རྗེའི་སྒྲུབ་ཕུག་མཆིལ་ཕུའི་གནས་མཆོག་གང་དེ་ཉིད་སྟོད་ལེབ་དགོན་པའི་རྒྱབ་ཕྱོགས་ཀྱི་ཆུ་ཕ་རིའི་རི་སྐེད་དུ་གཟི་བྱིན་དཔལ་གྱིས་འབར་ཏེ། ཉམས་ཉེས་ཆེ་ཆེར་མེད་པར་དུས་ད་ཆའང་ལེགས་པར་བཞུགས་ཡོད་དེ་ལགས། དེའང་འོ་སྐོལ་གྱིས་ཡང་ཡང་མཇལ་བཞིན་ཡོད་པའི་③བཀའ་བརྒྱུད་མགུར་མཚོའི་ནང་གི་མགུར་ཞིག་ནི། མཆིལ་ཕུའི་སྒྲུབ་ཕུག་དེར་ཀུན་མཁྱེན་མི་བསྐྱོད་རྡོ་རྗེས་མཛད་ཡོད་པའི་ཕྱིར་ན། གང་དེ་ཉིད་ཀརྨ་བཀའ་བརྒྱུད་པའི་རྗེས་འཇུག་བུ་སློབ་རྣམས་ཀྱིས་ངེས་པར་དུ་མཁྱེན་དགོས་ངེས་ཀྱི་བྱིན་ཆགས་ཅན་གྱི་སྒྲུབ་གནས་གལ་ཆེན་ཞིག་ཡིན། འོ་ན། རྗེ་བརྒྱད་པ་རྒྱལ་བ་མི་བསྐྱོད་པ་ཆེན་མོས་སྒྲུབ་གནས་དེར་མཛད་པའི་མགུར་དེ་གང་འདྲ་ཞིག་ཡོད་དམ་ཞེ་ན། དེར་ལན་འདེབས་ཁ་གསལ་ཞིག་ཞུ་རྒྱུ་ཡོད་དེ། བཀའ་བརྒྱུད་མགུར་ཚོ་ཤིང་པར་མའི་ཤོག་ལྷེ་བདུན་པའི་བརྒྱབ་ཏུ་ཆེས་གསལ་བར་བཞུགས་ཡོད་པ་འདི་ལྟ་སྟེ། དེ་ཉིད་ལས། དེ་ནས་ཡང་ཐ་སྐར་ཉ་བའི་ཟླ་བ་ཡར་གྱི་ངོ་རང་ལོ་སོ་བཞི་པ་ལ། མཆིལ་བུ་ཞེས་པའི་རི་སུལ་དབེན་པ་ཞིག་ཏུ་བྱང་ཆུབ་ཀྱི་སེམས་སྒོམ་པ་ལ་ནན་ཏན་དུ་བྱེད་པའི་སྐབས་ཤིག་ལ། རྨི་ལམ་གྱི་སྣང་བ་ལ་རི་བོ་རབ་ཏུ་རྒྱས་པ་ལྷུན་སྟུག་པ་ཞིག་གི་ངོས་ན། མི་ཏོག་རབ་ཏུ་བཀྲ་བའི་ཚལ་ཞིག་ཏུ། ཡིད་དུ་འོང་བའི་གཞོན་ནུ་མ་བརྗོད་དུ་མི་བྲ་བ་དུ་མའི་དབུས་ན། རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་གླིང་རྗེ་རས་པ་དེ་ཉིད་འོད་ཟེར་ཉི་མ་འབུམ་ཕྲག་ཟིལ་གྱིས་གནོན་པའི་སྐུ་ཅན་ཞིག་ཡད་ཡུད་དུ་གསལ་བའི་མོད་ལ་མོས་གུས་ཀྱི་བློ་ཤུགས་དུས་མཐའི་མེ་ལྟར་འབར་བས། གཉིད་སད་ནས་དེའི་རྗེས་སུ་གསོལ་བ་བཏབ་པ་ནི། ༈ ཡང་ཡེ། བསམ་ཞིང་གཞིག་ན་མི་ལུས་རིན་ཆེན་ཐོབ། །བརྟགས་ཤིང་དཔྱད་ན་འཁྲུལ་མེད་རྗེ་བཙུན་མཇལ། ཞེས་སོགས་ནས། བརྟེན་པའི་སྣང་ཤས་ཐ་ཤལ་དེ། །བདག་གཞན་རྒྱུད་ལ་འགོག་པར་མཛོད། ཅེས་ལ་སོགས་པ་དེ་རྣམས་ཡིན་ལ། མགུར་མཚོ་དེར་ཤིང་པར་མའི་ངོ་ཤོག་མཆན་དང་བཅས་པ་བརྩིས་ན་ངོ་ཤོག་གསུམ་ལྷག་ཟིན་ཡོད། དེའང་མགུར་མཚོ་དེ་ལས་འདི་ལྟར་གསལ་ཡོད་དེ། མདའ་སྙེ་མོ་ལུང་པ་མ་གི་ན། །མི་སྐྱ་སེར་མེད་པ་ཐམས་ཅད་ཀུན། །ཞིང་ཐ་བའི་འདུལ་སྦྱོང་བྱེད་པ་དང་། །ས་ཁང་མཁར་རྩིག་པའི་བྲེལ་བས་མནར། །ཕུ་ཇོ་མོ་གངས་ཀྱི་མདུན་རོལ་ན། །འབྲོག་སྦྲ་ཁྱིམ་འཛིན་པའི་སྐྱ་སེར་ཀུན། །ལས་བེའུ་ལུག་འཚོ་སྐྱོང་བྲེལ་ཞིང་ཕོངས། ཞེས་ལ་སོགས་པ་དེ་ནས་དོན་དེ་ཆེས་གསལ་པོར་བྱུང་བ་ལྟར་དང་། དེ་བས་ཀྱང་ཆེས་གསལ་བ་ཞིག་བ་ནི། གོང་གི་མཆན་དེ་ལས། མཆིལ་བུ་ཞེས་པའི་རི་སུལ་དབེན་པ་ཞིག་ཅེས་གསུངས་པ་ལྟར། ད་ལྟའི་སྟོད་ལེབ་དགོན་པ་ཡོད་སའི་ཡུམ་མི་རྒན་རབས་སོགས་ཀྱིས་ཀྱང་སྒྲུབ་ཕུག་ཡོད་ས་དེའི་རི་མིང་ལ་མཆིལ་ཆེན་མཆིལ་ཆུང་གི་ནང་ཞེས་ཟེར་བ་དང་། དེར་བཞུགས་ཁྲི་སྒང་དང་བསོད་སྙོམ་ལམ་ཞེས་སོགས་ཀྱི་ས་མིང་བྱེ་བྲག་པའང་ཡོད་འདུག། མ་ཟད་མཆིལ་ཕུའི་སྒྲུབ་ཕུག་ཡོད་སར་སྔོན་དུས་སུ་དགོན་པ་རྒྱ་ཆེར་ཆགས་མྱོང་བའི་དགོན་ཤུལ་མང་པོ་ད་ཆའང་མཐོང་ཆོས་སུ་གྱུར་ཡོད་པ་ལགས། དེ་རྣམས་ཀྱིས་ཕྱིར་ན། སྟོད་ལེབ་མཆིལ་ཕུའི་དབེན་གནས་ནི། ཀུན་མཁྱེན་བླ་མ་རྒྱལ་དབང་མི་བསྐྱོད་རྡོ་རྗེ་མཆོག་ལ་གྲུབ་ཐོབ་གླིང་ཆེན་རས་པ་ཞལ་གཟིགས་བྱུང་སའི་སྒྲུབ་གནས་ཁྱད་དུ་འཕགས་པ་ཞིག་ཡིན་པས། དེ་དོན་འོ་སྐོལ་གྱི་ཀམ་ཚང་རྗེས་འཇུག་བུ་སློབ་རྣམས་ཀྱིས་ཡིད་ཀྱི་ཟབ་སར་ངེས་པར་མཛོད་ཅིག། གཞན་ཡང་སྒྲུབ་གནས་དེར་མཛད་པའི་རྒྱལ་བ་མི་བསྐྱོད་པའི་མགུར་དེ་ནི་རྗེ་མི་བསྐྱོད་པ་ཉིད་ཀྱིས་ཕྱོགས་བསྒྲིགས་མཛད་པའི་བཀའ་བརྒྱུད་མགུར་མཚོར་བཞུགས་ཡོད་གཤིས། དོན་ཉེར་ཅན་ཚོས་དེར་གཟིགས་མཛོད་ལ། འདིར་དེ་རྣམས་ལུང་འདྲེན་བྱས་ཚེ་ཡི་གེ་མང་བས་འཇིགས་སོ། །
གཡས་གཡོན་དེད་ནས་པར་གཞན་ལ་བལྟ་ཐུབ། སྟོད་ལེབ་དགོན་པའི་རྟེན་གཙོ་ཤེར་ཕྱིན་ལག་བྲིས་མ་འབུམ་རྒྱས་འབྲིང་བསྡུས་གསུམ་ཁྱུང་པོ་གཡུ་བྲིས་ཀྱི་ཡིག་གཟུགས་ཅན་མའི་པར་རིས། 

སྟོད་ལེབ་དགོན་པའི་རྟེན་གཙོ་ཤེར་ཕྱིན་ལག་བྲིས་མ་འབུམ་རྒྱས་འབྲིང་བསྡུས་གསུམ་གྱི་མཛད་བྱང་ཤོག་ལྷེ་གཅིག་བཞུགས་པའི་པར་རིས།སྟོད་ལེབ་དགོན་པའི་རྟེན་གྱི་གཙོ་བོ་ཐུབ་དབང་གཙོ་འཁོར་གསུམ་དང་། ཁྱུང་པོ་གཡུ་བྲིས་གྱི་བྲིས་རྒྱུན་ལས་གྲུབ་པའི་འབུམ་རྒྱས་འབྲིང་བསྡུས་གསུམ་རིན་བྲལ་མ་སོགས་ཡིན།  དེའང་ཁྱུང་པོ་གཡུ་བྲིས་ཀྱི་ཡིག་གཟུགས་ལམ་ནས་བྲིས་པའི་འདི་ག་སྟོད་ལེབ་དགོན་པའི་རྟེན་གཙོ་སྟེ། རྒྱལ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་ཆོས་དཔེ་གྱ་བ་གངས་པའི་ཐུགས་དམ་རྟེན་ཡིན་པ་གྲགས་པ་དང་། ཆོས་དཔེ་འདི་རྣམས་ནི་ངོས་གཙང་ཞིང་འདིའི་ཡིག་གཟུགས་ཀྱི་མཚར་སྡུག་རྣམ་པར་བཀྲ་བ་གང་དེ་ཡང་། སྟོན་ཟླ་ར་བའི་མཁའ་དབྱིངས་དྭངས་པའི་མཐོངས་འདི་ན། དཀྱིལ་འཁོར་ཡོངས་སུ་རྫོགས་པའི་ཆུ་ཤེལ་གྱི་ཉ་གང་ཟླ་བ་དལ་གྱིས་རྒྱུ་བས། སྟོང་དབྱིངས་ཁམས་ཀྱི་སྐར་ཚོགས་ཁྲི་མ་འབུམ་མཚོའི་མཛེས་སྡུག་ཡོད་ཚད་དུས་སྐད་ཅིག་གཅིག་ལ་འཕྲོག་ནས་གང་དེའི་མཛེས་དཔལ་གཟི་བྱིན་གྱི་འོད་ཟེར་དེ། རང་གི་ངང་གིས་ཕྱོགས་ཀུན་ཏུ་འཕྲོ་བཞིན་པ་ལྟར། མཐོ་སྒང་གདོང་དམར་བོད་པའི་ཡིག་གཟུགས་ཀུན་གྱི་རྒྱལ་པོ་ཇི་བཞིན་གྱི་ཚུལ་དུ་ཁྱུང་པོ་གཡུ་བྲིས་འདི་ཉིད་ལེགས་པར་བཞུགས་འདུག་གོ །

དེ་ལྟར་འབུམ་རྒྱས་འབྲིང་བསྡུས་གསུམ་པོ་འདིའི་དབུ་ཡི་ཞལ་ཐང་སོགས་ནི་རིན་ཆེན་སྣ་ལྔ་ལས་གྲུབ་ཅིང་། ཡིག་གཟུགས་འདི་ཉིད་ཀྱང་ཁ་ཅིག་གིས་ཉེ་དུས་ཁྱབ་མྱུར་ཆེ་བའི་གྲགས་ཅན་སྙེ་བྲིས་ཀྱི་ཆེས་ཐོག་མའི་མཆིས་ཁུངས་དངོས་ཡིན་པར་ངོས་འཛིན་གནང་མཁན་ཡོད་ལ། གཞན་མཁས་དབང་དམ་པ་རྡོ་དགོན་གསང་བདག་རྡོ་རྗེ་སོགས་ཀྱིས་ནི་སྙེ་བྲིས་ཞེས་པའང་ཁྱུང་པོ་གཡུ་བྲིས་ཀྱི་འབྲི་སྲོལ་འདི་རང་ཡིན་པར་ངོས་འཛིན་གནང་མྱོང་འདུག། གང་ལྟར་ཡང་། སྙེ་བྲིས་ལས་ཀྱང་མཛེས་ཤིང་ལྟ་ན་སྡུག་པ་ནི་ཁྱུང་པོ་གཡུ་བྲིས་འདི་རང་ཡིན་ཚུལ་དེ་ཉིད། འདི་གའི་ཡིག་གཟུགས་རང་ཉིད་ཀྱིས་མི་མངོན་པའི་ཚུལ་གྱིས་ངེད་ཅག་ལ་ཚུར་ཁ་གྲགས་བཞིན་འདུག་ལ། གཞན་ནི་འདི་ལས་ཡིད་དུ་འོང་ཤིང་ཁྱད་དུ་འཕགས་པའི་གངས་ཅན་བོད་ཀྱི་ཡིག་གཟུགས་ཤིག་གངས་རིའི་ལྗོངས་དང་འཛམ་བུའི་གླིང་ལའང་ཉི་ཟེར་གྱི་རྡུལ་ཙམ་ཡང་མ་མཆིས་སོ་ཞེས་པ་དེའང་། འབུམ་རྒྱས་འབྲིས་བསྡུས་གསུམ་མམ་རྒྱལ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེའི་གཟུགས་སུ་བཞེངས་པའི་ཁྱུང་པོ་གཡུ་བྲིས་འདི་ཁོ་ནས་ངེད་ཅག་ལ་ལན་འཁྲུལ་མེད་དུ་འདེབས་བཞིན་པ་མ་ལགས་སམ། ཡང་ཕྱག་དཔེ་དེའི་བར་སེང་ལ་སྒོར་རྟགས་ཤིག་ཡོད་པ་ནི། སྔར་ས་སྐྱའི་སྲིད་དབང་དུས་སྐབས་སོགས་སུ་པུ་ཏི་ལྕགས་ལུང་ཅན་མ་ཞེས་པ། དེའི་ཚེ་དེའི་དུས་ན།སྒང་པ་བོད་ཀྱི་དཔེ་ཆ་བཟོ་རྩལ་གྱི་ལག་ཤེས་ལུགས་སྲོལ་དང་། དེའི་སྒྱུ་རྩལ་གྱི་རྣམ་པ་མཚོན་ཚུལ་ཞིག་ཡིན་གཤིས། དེས་ན། ཁྱུང་པོ་གཡུ་བྲིས་ཀྱི་ཆོས་དཔེ་དེེར་ལོ་རྒྱུས་ལོ་ངོ་བརྒྱ་ཕྲག་མང་པོ་ལྡན་ཡོད་པའི་ཕྱིར་ན། གསར་དར་གྱི་ཡིག་གཟུགས་མཛེས་ཆ་ཆེ་ཆེར་མེད་མཁན་ཚོས། པིར་རྩལ་ལྷ་ཡི་འཕྲུལ་གྱིས་བྱས་པ་འདྲ་བའི་གངས་ཅན་བོད་པ་ཚང་གི་ཡིག་གཟུགས་ཀྱི་སྒྱུ་རྩལ་མངོན་པར་འཕགས་པ་ཁྱུང་པོ་གཡུ་བྲིས་འདི་ཡི་ཁམས་སུ་བག་ཡོད་པར་མཛོད་ཅིག །ད་ནི་དགོན་པ་འདིའི་ལོ་རྒྱུས་དང་ད་ལྟའི་གནས་སྟངས་སོགས་ཉུང་བསྡུས་ཤིག་ཞུས་ཟིན་པའི་ཁུལ་བྱས་ཏེ་དེ་དོན་མཇུག་ཡོངས་སུ་རྫོགས་པའི་ལས་ལམ་དུ་བཞུགས་པར་བྱའོ།། །།

 

༢༠༢༣༥/༤ སྙེ་ལྕེ་བཙན་ཕྲུག་གིས་གུས་ཕུལ།

དགོན་སྡེའི་རིག་གནས་དར་ཞིང་འཕེལ་བ་དང་། །གྲྭ་པའི་སློབ་གཉེར་ཉིན་བཞིན་ཡར་རྒྱས་ཏེ། །

བོད་བརྒྱུད་ནང་པའི་དགོན་དང་ཆོས་བྱེད་པའི། །ཚད་ལྡན་ཚུལ་མཐུན་བསྟན་པ་རྒྱས་གྱུར་ཅིག །

 

གོང་གི་ཟུར་མཆན། ① པཎ་ཆེན་སྐུ་ཕྲེང་རིམ་བྱོན་མཛད་རྣམ། ཡཱ་ཧན་ཀྲང་གིས་བརྩམས། བློ་བཟང་ཕུན་ཚོགས་དང་བསྟན་འགྲིན་འབྲུག་གྲགས་ཀྱིས་བསྒྱུར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།  ② ཀཾ་ཚང་བླ་མ་ཡབ་སྲས་དྲུག་གི་རྣམ་ཐར། གནས་སྒོ་བ་ཀརྨ་གཞན་ཕན་རྒྱ་མཚོས་མཛད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ③ བཀའ་བརྒྱུད་བླ་མ་རྣམས་ཀྱི་རྡོ་རྗེའི་མགུར་དབྱངས་བཞུགས་སོ། ཤིང་པར་མ། རྗེ་བརྒྱད་པ་ཀུན་མཁྱེན་བླ་མ་རྒྱལ་དབང་མི་བསྐྱོད་པ་ཆེན་མོས་ཕྱོགས་བསྒྲིགས་མཛད། བཀའ་བརྒྱུད་གསུང་རབ་བསྡུ་སྒྲིག་ཁང་གིས་བསྒྲིགས་པའི་དེབ་གཟུགས་ཀྱང་བཞུགས།

 

ཡོང་ཁུངས། ལུག་ཚང་དཔལ་ཡོན།

བརྒྱུད་སྐུལ།

མཆན་སྤེལ།