དབུས་གཙང་ལོ་རྒྱུས་ཆེན་མོ་ལས། སྐྱེམས་སྟོང་གི་རྫོང་གཞིས་འགྲོ་སྟངས་དང་། ཡུལ་སྡེ་དང་། རི། ལ། མཚོ། གཙང་པོ་སོགས་སྐོར།

དབུས་གཙང་ལོ་རྒྱུས་ཆེན་མོ་ལས། སྐྱེམས་སྟོང་གི་རྫོང་གཞིས་འགྲོ་སྟངས་དང་།  ཡུལ་སྡེ་དང་། རི། ལ། མཚོ། གཙང་པོ་སོགས་སྐོར།
ལྔ། སྐྱེམས་སྟོང་གི་རྫོང་གཞིས་འགྲོ་སྟངས།
སྐྱེམས་སྟོང་གི་འབྲི་ཚུལ་ཐད་གོང་དུ་བྱུང་བ་ལྟར་ཡིག་ཆ་རྙིང་ཁུངས་ཁག་ནང་སྐྱེན་ཞེས་བྱུང་བ་དང་། དེ་མིན་ལོ་རྒྱུས་ཀྱི་ཡིག་ཆ་འགའ་རེར་རྐྱེན་ཞེས་ཀྱང་བྲིས་པ་འདུག་ལ།[1] དེ་དང་ཕྱོགས་མཚུངས་སྐྱེམས་དང་སྐྱེམ་ཞེས་པའི་དག་ཆའང་གང་འདོད་ཀྱིས་ཚུལ་དུ་བཀོལ་བ་མཐོང་། དེ་ཡང་། ཁུལ་དེ་ནི་ལོ་རྒྱུས་ཐོག་སྐྱེན་པ་རྒྱལ་པོ་ཞེས་པ་ཞིག་བྱུང་བ་དེའི་ཡུལ་སྡེ་མིན་ནམ་སྙམ་ཞིང་། ལོ་རྒྱུས་ཐོག་སྐྱེན་རྒྱལ་པོ་དཔལ་བཟང་ཞེས་གྲགས་ཤིག་བྱུང་འདུག་ལ།

《བོད་རྗེ་ལྷ་བཙན་པོའི་གདུང་རབས།》ལས། ཀོང་པོ་རྐྱེན་རྒྱལ་པོ་སོགས་ཡུམ་བརྟན་གྱི་བརྒྱུད་པ་ཡིན་ནོ།[2] ཞེས་དང་། བོད་གཞུང་དགའ་ལྡན་ཕོ་བྲང་པས་བོད་ལ་དབང་ལུང་བསྒྱུར་བའི་དུས་སུ་ཡང་། ཀོང་པོ་སྐྱེམ་ཞེས་བྱུང་འདུག་པ་ནི་《དུ་གཱུ་ལའི་གོས་བཟང་གླེགས་བམ་གཉིས་པ།》ལས། ཀོང་པོ་སྐྱེམ་གྱི་གཞིས་སྡོད།[3] ཅེས་གསལ། གང་ལྟར་ཡང་དེ་སྔའི་སྐྱེམས་སྟོང་རྫོང་ངམ་གཞིས་ཀ་ནི་ཡར་ཀླུང་གཙང་པོ་དང་སྐྱེམས་སྟོང་ཕུ་ཆུ་འདྲེས་མཚམས། དྭགས་པོ་སྨད་དང་ཀོང་པོ་སྟོད་ཀྱི་ས་སྣེ་འབྲེལ་མཚམས་རྩེ་ཆེན་སུམ་མདོའམ་རྩེ་ཆེན་མདོ་ཞེས་པའི་ནུབ་བྱང་ངོས་སུ་སྤྱི་ལེ་འགའ་ཤས་ཀྱི་སར་བསྐྱོད་ན་སྐྱེམས་སྟོང་རི་སྣེར་འབྱོར་ཞིང་། དེར་ཆགས་པའི་རྐྱེན་ཞོལ་མོ་ཆེ་ཞེས་འབོད་རྒྱུན་དུ་གྲགས་པ་ནི་ཡུལ་གྱི་ལྟེ་བ་དེ་ཡིན། དེ་མཚུངས་བོད་གཞུང་དགའ་ལྡན་ཕོ་བྲང་སྐབས་ཀྱི་སྐྱེམས་སྟོང་རྫོང་ཆགས་ཡུལ་གྱི་རི་སྣེའི་སྒང་དུ། གཞི་རྒྱ་ཆེ་བའི་མཁར་ཤུལ་ཞིག་ཀྱང་མཇལ་རྒྱུ་ཡོད་པ་དེ་ཡང་ཁུལ་དེར་བྱུང་བའི་སྐྱེན་པ་རྒྱལ་པོ་ཞེས་པ་དེའི་མཁར་ཤུལ་མིན་སྙམ་པའང་འདུག གཞན་ཡང་། དེ་སྔའི་སྐྱེམས་སྟོང་རྫོང་གི་ས་མཚམས་ཁྱབ་ཁོངས་ནི་ཤར་རྩེ་ཆེན་མདོ་འམ་རྩེ་ཆེན་སུམ་མདོ་ནས། ནུབ་དྭགས་པོ་ལ་འོག་ཅེས་ཀོང་ང་ལའི་ཤར་ངོས་ཀྱི་གཤམ་བར་ཡིན་པར་གསུངས།[4]

སྐྱེམས་སྟོང་རྫོང་ནི་རྫོང་སྡོད་སྐྱ་སེར་གཉིས་ཀྱི་ཐོབ་ཁུངས་རྫོང་གཞིས་ཤིག་དང་། དེ་སྔའི་ཐོག་བརྩེགས་གཉིས་ཐོག་ཅན་གྱི་ རྫོང་ཁང་དེར། རྫོང་དཔོན་གཉིས་ཀྱི་གཤམ་དུ་དྲུང་སྐྱ་སེར་གཉིས་དང་། གཉེར་པ། ལས་དྲུང། ལྡིང་དཔོན། ཞལ་ངོ་། སྤྱི་མི། རྒན་པོ་བཅས་ཞབས་སྣེ་དག་ལས་གྲུབ་ཅིང་། དེ་རྣམས་ཀྱི་འཛིན་ཁོངས་ལྡིང་ཁག་གམ་བརྒྱ་ཚོ་ལྔ་ཙམ་ཞིག་ཡོད་པ་ནི་བླ་ཡིད་དང་། སུམ་པ་ཚལ། སྦ་མ་འཁྱིལ་འཁོར། ཤོལ་ར་ཁ། དཔལ་ལུང་། སླེབས་བ་རག་བཅས་ཡིན་ཞིང་། དེ་དག་ལས་བླ་ཡིད་གཞིས་ཀ་ནི་འབྲས་སྤུངས་བློ་གསལ་གླིང་གི་མཆོད་གཞིས་དང་། སྦ་མ་འཁྱིལ་འཁོར་ནི་སྒེར་གཞིས་ཡིན། ད་དུང་བ་རག་གཞིས་ཀ་དང་། སླེབས་གཞིས་ཀ།བླ་ཡིད་གཞིས་སོགས་སྐྱེམ་སྟོང་རྫོང་གི་འཛིན་སྐྱོང་ཁྱབ་ཁོངས་སུ་གཞུང་སྒེར་ཆོས་གསུམ་ཀའི་ས་རིས་ཚུད་པ་བཅས་སོ།།

དྲུག ཁྲལ་འུལ་ཁྲིམས་འགོ།
དབུས་གཙང་རྫོང་གཞིས་ཁག་གི་ཁྲལ་འབབ་འཁྲི་ཕྱོགས་ཐད་ཡུལ་དུས་གནས་སྐབས་ལ་ལྟོས་པའི་བསྣོན་འཕྲི་སྤོར་གཅོག་གིས་འགྱུར་ཅུང་ཙམ་རེ་བྱུང་ཡོད་ཀྱང་། གཞིའི་རྩའི་ཁྲལ་བསྡུའི་འགྲོ་ལུགས་དང་འཁྲི་འབབ་བཅས་ལ་ཕྱི་ལོ་ ༡༨༣༠ ལོར་གཏན་ལ་ཕབ་པའི་《ལྕགས་སྟག་ཞིབ་གཞུང་།》ལྟར་ན། ཁུལ་དེར་ཁྱོན་མཆོད་གཞིས་འདོན་ཕྱེད་གཅིག་དང་། གཞུང་རྒྱུག་འདོན་བརྒྱད་ཅུ་གྱ་བཞི་དང་བཞི་བརྒྱ་ཉེར་བཞིའི་ཆ་བཅུ་གཅིག་མཆིས་པ་ལས། སྒེར་པ་དྲག་བཙན་གྱི་ས་རིས་བདག་ཐོབ་ཡོད་པར་མི་སྣང་། རྫོང་དེའི་རྐང་འདོན་གྱི་ཁྲལ་འབོར་དེ་རྣམས་ཀྱང་རྐང་གཉིས་ལ་གདོན་གཅིག་བརྩིས་ཤིང་། བུད་སྟོང་དང་ཤས་སླེབས་ཕུད། ད་དུང་རྒྱ་ཤིང་བརྔོད་གསུམ་གྱི་འཁྲི་སྒྲུབ་རྫོང་སྡོད་དང་འདུ་སྤྱིའི་ས་རིས་འདེབས་འཁོས་ཚོང་བསྒྱུར་གྱིས་སྒྲུབ་དགོས་ཤིང་། ཁུལ་དེའི་གཞུང་རྒྱུག་ཁྲལ་པར་རྫོང་ཞོལ་རྒན་པོ་འོག་མས་འདོན་བཅུ་བཞི་སྒྲུབ་དགོས་པར། འདོན་དྲུག་ཞོལ་ཁྲལ་དུད་གསུམ་ཙམ་ཡོད་པར་འཁྲི་ཞིང་། དེ་འཕྲོས་འདོན་བརྒྱད་ཀྱི་ས་རིས་རྫོང་སྡོད་དང་འདུ་སྤྱིས་འདེབས་འཁོས་ལ་འཁྲི། འོན་ཀྱང་། ཞོལ་པ་ཁྲལ་དུད་ནས་རྫོང་གཡོག་སྨོན་བརྔོད་སོགས་རྫོང་གི་ནང་ཁྲལ་རྐང་འགྲོའི་རིགས་རྒྱུག་དགོས་པ་ཡིན།

 

སྐྱེམས་སྟསོང་རྫོང་གི་ལྕགས་སྟག་ཞིབ་གཞུང་གི་མ་ཡིག ཕྱི་ལོ་ ༡༨༣༠།
དེ་མཚུངས་ཞོལ་ཁོངས་འབྲེང་དང་ཡུལ་གཉིས་ནས་གཞུང་རྒྱུག་རྒན་སྒང་རྒྱུད་པའི་འོག་འདོན་ཕྱེད་བདུན་སྒྲུབ་དགོས་པར་ཡང་། རྫོང་གཡོག་སྨོན་བརྔོད་སོགས་རྒྱུག་དགོས་པ་ཙམ་ལས་འདོན་ཕྱེད་བདུན་འཁྲི་སྒྲུབ་རྫོང་འདུ་གཉིས་ལ་ཚོང་བསྒྱུར་གྱིས་སྒྲུབ་ལམ་མཆིས། དེ་བཞིན་ཐོན་ཚང་དང་ཤིང་རི་ཁ་གཉིས་ནས་གཞུང་རྒྱུག་འདོན་བདུན་དང་བཞི་ཆ་གཅིག སེར་ཁྱིམ་དགོན་གསར་དང་སྨན་ནས་ནང་སོ་འོག་པ་ཅན་འདོན་གསུམ་ཆ་གཅིག་སྒྲུབ་དགོས་པར། ཞིབ་གཞུང་དེའི་སྐབས་ཁྲལ་ས་རྩ་སྟོང་དུ་གྱུར་བར་འཁྲི་སྒྲུབ་བཅག་ཀྱང་། ས་རིས་ཀྱི་དགེ་བེད་བར་མ་དོར་མ་འགྲོ་བའི་སླད་དུ་གཞུང་རྒྱུག་སྤྱི་འགྲོའི་ཁྲལ་རྒྱུག་དགོས་པ་བཟོས་འདུག དེ་མིན་ཁུལ་དེའི་གཞུང་རྒྱུག་འབྲང་མ་དང་དགེ་གང་ནས་རྒན་པོ་ཁང་རྒྱབ་པའི་འོག་འདོན་བདུན་དང་བཞི་ཆ་གཅིག སྐམ་རྒན་པོ་འདོན་ཕྱེད་བཅུ་བཞིདང་དྲུག་ཆ་གཅིག སྦྲག་ལུང་ཞོལ་ནས་འདོན་ཕྱེད་བཞི་དང་བརྒྱད་ཆ་གཅིག བེན་ནས་སྒྲུབ་འདོན་ལྔ། བསྙོད་དང་སེར་ཁྱིམ་ལི་མི་དགོན་ནས་འདོན་ཕྱེད་བདུན། ཁར་དམར་ནས་ནུབ་ཕྱོགས་པ་འདོན་ཕྱེད་བཅུ་བཞི། སྐྱེམ་ནས་ཀུན་དགའ་སྟེང་པ་ཅན་འདོན་ཕྱེད་གཉིས་བཅས་གཞུང་རྒྱུག་གི་སྒྲུབ་ཁུངས་ཡིན་འདུག དེ་སྔ་ལྕགས་སྟག་ཞིབ་གཞུང་མ་བཀོད་གོང་ལ། ཁུལ་དེར་སྒེར་བརྟུལ་ཞེས་པའི་འོག་ས་རིས་འབོར་ཆེ་ཙམ་འདུག་པར་བརྟུལ་པས་བདག་སྤྲོད་ཞན་པས་བུད་སྟོང་དུ་འཁྱེར་ཞན་དུ་གྱུར་བར། བུད་སྟོང་ཕུད་འདོན་གཉིས་ཀྱི་འཁྲི་སྒྲུབ་བརྟུལ་པས་མ་བྱས་ཚེ། ས་རིས་རྣམས་བར་མ་དོར་མ་སོང་བར་གཞུང་རྒྱུག་སྤྱི་ཐོག་ཕན་པ་སྒྲུབ་སླད། སྐྱེམ་རྫོང་དང་འདུ་སྤྱིས་བདག་འཛིན་འདེབས་འཁོས་ཀྱི་བེད་སྤྱད་དེ་འདོན་གཉིས་ཀྱི་རྒྱ་ཤིང་བརྔོད་གསུམ་འཁྲི་སྒྲུབ་དགོས་པར་གཏན་ལ་ཕབ་འདུག གཞན་ཡང་།  སྐྱེམ་རྫོང་ཁུལ་གྱི་ཆོས་གཞིས་སུ་ཚེ་སྨོན་གླིང་འདོན་ཕྱེད་དང་། མཚོ་དཀར་ཆོས་གཞིས་འདོན་ཕྱེད་གཉིས་སྒྲུབ་དགོས་པར་གཏན་འཁེལ་འདུག[5]

གོང་དུ་སྐྱེམས་སྟོང་རྫོང་གི་ཁྲལ་སྒྲུབ་ཀྱི་འདོན་འབོར་འཁྲི་ཆ་ཞིབ་གསལ་བཀོད་པ་བཞིན། དེ་སྔ་དྭགས་ཁུལ་གྱི་རྫོང་གཞིས་ཁག་གི་སྤྱི་ཡོངས་ཁྲལ་ཁུངས་ས་མཚམས་བརྩི་ཚུལ་ལའང་། དྭགས་པོ་ལ་གོང་དང་ལ་འོག་གཉིས་ལས་ལ་གོང་ཕྱོགས་ཀྱིས་སྐྱེམས་སྟོད་དང་ལ་འོག་ནས་སྐུ་རབ་རྣམ་རྒྱལ་ལ་ཁྲལ་རྒྱུག་དགོས་པའི་བཅད་མཚམས་ཀྱང་ཡོད་འདུག ཁྲལ་འབབ་ཀྱི་རྣམ་གྲངས་སུའང་ཞིང་འབྲོག་གི་ཐོན་སྐྱེད་དང་། ས་ཚིགས་ལམ་འགྲུལ་དོས་ཁལ་གཙོས་ཁྱད་པར་ཁུལ་དེ་ནས་གཞུང་སར་ཤོག་བུའི་ཁྲལ་འཁྲི་ཡང་གང་ཙམ་བྱ་དགོས་པ་ཡང་། ལྷུན་རྩེ་རྫོང་ཁོངས་བྱ་ཡུལ་དབང་ཕྱུག་སྒྲོན་ནས་ལྕང་གཅོད་དང་ཤིང་ལྤགས་བཤུ་འབྲེག་གིས། གསང་སྔགས་ཆོས་གླིང་བརྒྱུད་སྐྱེམས་སྟོང་ཤོལ་རྭའི་ཤོག་བུ་བཟོ་གྲྭ་སྐྱེལ་འབུལ་འཁྲི་སྒྲུབ་བྱེད་དགོས་པ་བཅས་སོ།།[6]

ས་བཅད་གསུམ་པ། ཡུལ་སྡེ་དང་། རི། ལ། མཚོ། གཙང་པོ།

ལེ་ཚན་དང་པོ། ཡུལ་སྡེ་ཆེ་ཁག

སྣང་། ཤི་རི་ཁ། གཡག་ཞོལ། སྲིན་མོ་ནང་། རྩ་རི་གསར་པ། སྟག་ཚང་། སྟག་མ་གླང་འགོ། དུང་དཀར། དགེ་ལི་ཤི་གཉའ། མགོན་པོ་རོང་། སྐུ་རབ་རྣམ་རྒྱལ། ཇ་ཆུ་གོང་། ལྕགས་ཐག་འཕྲང་འགོ སྐྱེམས་སྟོང་། བླ་སྟེང་ཞོལ། ལ་ཐོག སྣང་། ལུང་མཇུག མི་ལྤགས། ཕོ་བྲང་། ཕྱི་ཁོངས། ཆུ་བྱང་། རས་མི། སེམས། དཔའ་ཤོད། དཔལ་རས། འཁྲུངས་ཁང་།[7] སྦ་ར། རྫིབ་ལུང་། དོལ་པ། དཔལ་རབས། གན་སྤྱི། སྒྲོམ་མདའ། གླང་བདུན། ཁ་གྲོས། སྤྲིན་མོ་ནང་། ལྡེ་མོ། དཔལ་ཤོད། བྱང་། ཞུ། གླ་ཡེར། རྩྭ་རི། རས་མི། ཡུལ་སྨད། ཟིམ། རྟ་གནས། རྡོ་མཚན། ཅིག་འཆར། ནང་གོང་། ལུང་འཇུག བྱ་ཆུ་གོང་། སྟག་མ་གླང་འགོ། ཕོ་བྲང་། ལྕགས་ཐག་འཕྲང་འགོ། མགོན་པོ་རོང་། དོམ་ཚང་། སྟག་ཚང་། ལྷོ་འགག་རྒྱག་ས།[8]
ལེ་ཚན་གཉིས་པ། རི་དང་། ལ། མཚོ། གཙང་པོ།
ཁུལ་དེར་རྩ་རི་གསར་པ། རྒྱལ་ལ་ནང་། དུང་ལ། བེན་པ་ལ། མཁར་པོ་ལ། སྦི་སྦི་ལ། ཀོང་པོ་ང་ལ། སྒྲོལ་མ་ལ། ཤ་སྐམ་ལ། སྒོ་ལ། སྐྱེམས་སྟོང་ཆུ། འཁྲུངས་ཁང་གྲུ་ཁ། ཤི་པ་ཤ་ཆུ་སོགས་རི་ལ་ཆུ་གསུམ་མཆིས་ཤིང་། དེ་ལས་ཀྱང་རྩ་རི་གསར་པ་ནི་རྫོང་ཆགས་ཡུལ་གྱི་ལྷོ་ཤར་དུ་གནས་ཤིང་། རི་ཁུལ་དེར་ནགས་ཚལ་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ལྡན། དེ་བཞིན་རྫོང་གི་ལྷོ་ཤར་ནས་ཐོན་པའི་སྐྱེམས་སྟོང་ཆུ་ནི་ལྷོ་ནས་བྱང་དུ་རྒྱུག་རྗེས་ཡར་ཀླུང་གཙང་པོར་འདུ། རྫོང་དེའི་ལྷོ་ཤར་ནས་རྒྱུག་པའི་ཤི་པ་ཤ་ཆུ་ཡི་ཆུ་རྒྱུད་འབྱུང་ཁུངས་ནི། ཆུ་སྟོད་གྲི་གུ་དང་མཚོ་སྣའི་ནུབ་ནས་ཤར་དུ་རྒྱུག་ཅིང་། སྣང་རྫོང་གི་ས་ཁོངས་སུ་འབབ་པའི་སྐབས་གཙང་ཆུ་དེར་གཞི་ནས་ཤི་པ་ཤ་ཆུ་ཞེས་འབོད། དེ་རྗེས་ལྷོ་རྒྱུད་ནས་རྒྱ་གར་གྱི་ཕྱོགས་སུ་རྒྱུག་བཞིན་མཐར་རྒྱ་གར་རྒྱ་མཚོར་འདྲེས། ཆུ་བོ་དེའི་སྤྱིའི་རིང་ཚད་ལ་སྤྱི་ལེ་ ༤༠༦ དང་། བོད་ཁོངས་རྩིས་ན་རྒྱུག་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༢༦༦༦༤ མཆིས། གཞན་ཡང་ཆུ་བོའི་འབབ་ཁུལ་ལ་ནགས་ཚལ་ཐོན་ཁུངས་ཧ་ཅང་ལེགས། རྫོང་དེའི་འཁྲུངས་ཁང་གྲུ་ཁ་ནི་རྫོང་ཆགས་ཡུལ་གྱི་ནུབ་ཕྱོགས་སུ་ཡོད།[9]

 

ས་བཅད་བཞི་པ། ཞིང་འབྲོག་ཐོན་ཁུངས།
སྣང་རྫོང་གི་དཔལ་འབྱོར་ཐོན་ཁུངས་གཙོ་བོ་རྩ་བའི་ཆ་ནས་ཞིང་ལས་ཐོན་སྐྱེད་ཡིན་ཡང་། འབྲོག་ལས་དང་། ནགས་ལས། ཞོར་ལས་བཅས་ཀྱང་ཁུལ་དེར་ལས་གཉེར་བྱེད་པ་ཡིན། དེའི་ཁྲོད་འབྲོག་ལས་ཀྱི་ཐོན་འབབ་ཟིན་ཚད་བལྟོས་བཅས་ཀྱི་ཐོག་ནས་ཐོན་སྐྱེད་དཔལ་འབྱོར་གྱི་གལ་ཆེའི་གོ་ས་བཟུང་ཡོད། ཞིང་ལས་རྨོ་འདེབས་ཀྱི་རྒྱ་ཁྱོན་ལ་ས་ཞིང་མུའུ་ཁྲི་ ༡.༧ ཡོད་པར་ལོ་ཏོག་གཙོ་བོ་ནས་དང་། དགུན་གྲོ དཔྱིད་གྲོ སྲན་མ། སྲན་སེར། མ་རྨོས་ལོ་ཏོག བྲ་བོ། རྒྱ་སྲན། པད་ཁ། སི་པན་འདེབས་ལས་བྱེད། སྒོ་ཕྱུགས་སུ་གཙོ་བོ་ནོར། བ་ཕྱུགས། ལུག ར་སོགས་གསོ་ཚགས་བྱེད། ནགས་ལས་ཐད་གཙོ་བོ་ཤིང་ཆའི་ཐོན་ཁུངས་ལས་སྣོན་གྱི་ཉེར་མཁོའི་ཅ་དངོས་སྣ་ཚོགས་ཤིག་བཟོ་སྐྲུན་ཚོང་བསྒྱུར་བྱེད།[10] ས་གནས་མི་གསལ་ཐོན་རྫས་སེ་པན་དང་། སྙི་བ། བྲག་ཞུན། རྒུན་འབྲུམ། ཀུ་ཤུ། སྟར་ཀ ཁམ་བུ། ལི། ཤིང་དམར་སོགས་ནི་ཁུལ་དེའི་དམིགས་བསལ་ཐོན་རྫས་རེད། ལྷག་པར་སྐྱེམས་སྟོང་རྫི་པ་ཞེས་མཛོ་མོ་དང་འབྲི་ཡི་ཐོན་ཁུངས་དམིགས་བསལ་གྱི་ལེགས་པོ་འདུག

གཞན་ཡང་། ཁུལ་དེའི་ཐུན་མིན་ཁྱད་ལས་ཐོན་ཁུངས་སུའང་། དྭགས་པོ་སྐྱེམས་སྟོང་ཡུལ་ནས་ཐོན་པའི་གྲགས་ཆེ་བའི་བོད་ཤོག་ཡིན་ཞིང་། དེ་ཡང་། དྭགས་ཁུལ་དུ་གཏན་གཞི་བྱས་པའི་བོད་ཤོག་བཟོ་གྲྭ་དེ་ནི་ཡོངས་སུ་སྙན་གྲགས་ཆེ་བའི་གཞུང་གཉེར་ཤོག་བུ་བཟོ་གྲྭ་ཞིག་ཡིན། བཟོ་གྲྭ་དེར་ཤོག་བུ་ལས་བསྣོན་བཟོ་སྐྲུན་བྱེད་པའི་བརྒྱུད་རིམ་ཡང་། དང་པོ་ཤོག་བུའི་རྒྱུ་ཆ་གཙོ་བོ་ཤིང་གཅོད་འབྲེག་བྱེད་པ་དང་། དེ་ནས་རིམ་གྱིས་ཤིང་ལྤགས་ཆུ་སྦང་བརྒྱབ་རྗེས། ལྐོག་ཤུན་བཤུས་ནས་བཙོ་དགོས། དེ་རྗེས་ཤིང་ལྤགས་རྣམས་ཕྱིར་ཐོ་བས་བརྡུང་རྗེས་སླར་ཡང་བཙོ་དགོས། དེ་ནས་ཀྱང་ཤིང་བཙོ་སྦྱངས་དྭངས་སྙིག་ལེགས་པར་འབྱེད་ཅིང་། ཤིང་སྒྲོམ་ནང་སེང་རས་འཇམ་པོ་བཏིང་བའི་སྟེང་། ཐེངས་བཞི་བར་ཁུ་བ་ཆ་སྙོམས་པོས་བཙག་ནས་སྐམ་རྗེས་ད་གཟོད་གཞི་ནས་ཤོག་བུ་ཆགས། ཤོག་བུའི་སྤུས་ཚད་ལའང་རིམ་པར་བཞིར་འབྱེད་སྲོལ་ཡོད་པར་ཤོག་བུ་རྩེ་གྲ་དངུལ་ཤོག་དང་། རིམ་པ་གཉིས་པ་ལས་ཤོག རིམ་པ་གསུམ་ཆོས་ཤོག རིམ་པ་བཞི་པ་ཚག་ཚིག་གི་ཆེད་དུ་བཀོལ་བ་ཡིན། གོང་དུ་བཤད་པ་ལྟར་ཁུལ་དེ་ནས་གཞུང་སར་ཤོག་ཁྲལ་འབུལ་དགོས་ལས། ཤོག་བུ་རྣམས་གྲངས་ཚད་བཞིན་སྒམ་ཤོག་ཏུ་བསྒྲིལ་ནས་གཞུང་རྒྱུག་མི་སེར་ཚོས་རྟ་དོས་ཀྱིས་རྫོང་དང་དབུས་ལྷ་སའི་ལས་ཁུངས་ཁག་ཏུ་སྐྱེལ་འདྲེན་བྱེད་དགོས།[11]  དེ་མིན་དམིགས་བསལ་ཐོན་ལས་སུ་བོད་ཞྭ་དང་། ཤིང་ཕོར་སོགས་ཡོད་ལ།[12] ད་དུང་གླ་རྩི། དབྱར་རྩྭ་དགུན་འབུ། ཛ་ཏི། ཨ་རུ། བ་རུ། སྐྱུ་ར་སོགས་རིན་ཐང་ཆེ་བའི་སྨན་རྫས་ཀྱང་མི་ཉུང་བ་ཞིག་ཐོན་པ་ཡིན་ནོ།།

ས་བཅད་ལྔ་པ། སྲོག་ཆགས་དང་། སྐྱེ་དངོས། གཏེར་ཁ།
རྫོང་དེར་སྲོག་ཆགས་ལ་འབྲོང་དང་། གཟིག གསའ་གཟིག གཡི། སྤྱང་ཀི ཝ་མོ། སྲམ། ཆུ་སྲམ། དྲེད་མོང། སྤྲེའུ། དོམ། ཕག་རྒོད་སོགས་གཅན་གཟན་དང་། རིག་དྭགས་སུ་དགོ་བ་དང་། གནའ་བ། གཙོད། གཉན། གླ་བ་དཀར་ནག ཤྭ་བ་སོགས་ཡོད་ལ།  བྱ་བྱེའུ་འདབ་ཆགས་ཀྱི་རིགས་ཀྱང་སྣ་ཚོགས་ཤིག་མཐོང་དུ་ཡོད། རྫོང་དེར་སྐྱེ་དངོས་རྩི་ཤིང་གི་ཐོན་ཁུངས་གཙོ་བོ་ནི་སྤྱིའི་རྒྱ་ཁྱོན་མུའུ་ཁྲི་ ༨༥ ཡོད་པའི་ནགས་ཚལ་སྟུག་པ་དག་ཡིན་ལ། དེའི་ཁྲོད་དུ་ཙན་དན་དཀར་མ། ཐང་ཤིང་། སྦ་ཤིང་། སྨྱུག་ཤིང་། ཟངས་ཤིང་། བེ་ཤིང་། མཐོ་རིམ་རྩི་ཤིང་གཅིག་པུ་རིགས་ ༡༠༠༠ ལྷག་སྐྱེ་ཡོད་ལ།  སྨན་རྩྭའི་རིགས་ཀྱི་རྩི་ཤིང་དང་འབྲས་ལྡན་ལྗོན་ཤིང་གི་་ཐོན་ཁུངས་ཤིན་དུ་ཕུན་སུམ་ཚོགས། ས་འོག་བྲག་རིའི་གཏེར་ཁའི་ཐོན་ཁུངས་གཙོ་བོ་ཀེ། ལྕགས།  གཤའ། ཆུ་ཤེལ། གསེར་ཕྱེ། མུ་ཟི་སོགས་ཐོན།

 

ལུང་ཁུངས་དཔྱད་གཞིའི་ཡིག་ཆ།
[1] བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༩། ཤོག་ ༧༦།

[2] བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༩། ཤོག་ ༧༦།

[3] རྒྱལ་དབང་ལྔ་པ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ། རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ། སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་རྣམ་ཐར། དེབ་གཉིས་པ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༣། ཤོག ༤༡༨།

[4] དྭགས་པོ་ཚུལ་ཁྲིམས་ལགས། རང་ལོ་ ༨༢། བཅར་འདྲི་ཞུས། རྡ་རམ་ས་ལ། ཕྱི་ལོ་ ༢༠༡༦།༡༢།༡༡ ཉིན།

[5] ལྕགས་སྟག་ཞིབ་གཞུང་། ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༩། ཤོག ༢༩༡-༢༩༤།

[6] དྭགས་པོ་ཚུལ་ཁྲིམས་ལགས། རང་ལོ་ ༨༢། བཅར་འདྲི་ཞུས། རྡ་རམ་ས་ལ། ཕྱི་ལོ་ ༢༠༡༦།༡༢།༡༡ ཉིན།

[7]武振华.西藏地名.中国藏学出版社.1995年.

[8] བོད་ཀྱི་ས་མིང་དཔྱད་གཞིའི་ཡིག་རིགས་བསྡུས་བསྒྲིགས། བོད་རང་སྐྱོང་ལྗོངས་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཐིག་རིས་ཅུས། ཕྱི་ལོ་ ༡༩༧༩། ཤོག ༡༠༤།

[9] (1)武振华.西藏地名.中国藏学出版社.1995年.

(2)བོད་ཀྱི་ས་མིང་དཔྱད་གཞིའི་ཡིག་རིགས་བསྡུས་བསྒྲིགས། བོད་རང་སྐྱོང་ལྗོངས་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཐིག་རིས་ཅུས། ཕྱི་ལོ་ ༡༩༧༩། ཤོག ༡༠༤།

[10]西藏自治区土地册,西藏自治区测绘局,中国地图出版社出版.1996.Pg158.

[11] དྭགས་པོ་ཚུལ་ཁྲིམས་ལགས། རང་ལོ་ ༨༢། བཅར་འདྲི་ཞུས། རྡ་རམ་ས་ལ། ཕྱི་ལོ་ ༢༠༡༦།༡༢།༡༡ ཉིན།

[12]西藏自治区土地册,西藏自治区测绘局,中国地图出版社出版.1996.Pg158.

བརྒྱུད་སྐུལ།

མཆན་སྤེལ།