རིག་པའི་ཕུལ་བྱུང་བློན་ཆེན་མགར་གྱི་མཛད་རྗེས།

རིག་པའི་ཕུལ་བྱུང་བློན་ཆེན་མགར་གྱི་མཛད་རྗེས།

རིག་པའི་ཕུལ་བྱུང་བློན་ཆེན་མགར།[1]

༄༅། །བློན་པོ་མགར་བ་སྟོང་བཙན་ཡུལ་སྲུང་ནི་སྟོད་ལུང་རམ་པ་བར་སྐུ་འཁྲུངས་ཤིང༌། ཁོང་ནི་ཆུང་ངུས་སྐབས་ནས་རིག་པ་ཅན་ཞིག་ཡིན་སྟབས་ཕྱི་ནང་བར་གསུམ་གྱི་བློན་པོའི་གྲས་ནས་བར་གྱི་འཁོད་སྙོམས་ཁྲིམས་གཉིས་སྐྱོང་བའི་མེད་ཐབས་མེད་པའི་བློན་ཆེན་བཞི་ཡི་གྲས་སུ་གྱུར། ཆོས་རྒྱལ་ཆེན་པོའི་བསྙུན་དྲི་བར་བཅར་སྐབས་ཤིག་ལ་རྒྱལ་པོ་ཆེན་པོས་རྒྱལ་བལ་སྲས་མོ་ཁབ་ཏུ་བཞེས་པ་རྨིས་ཚུལ་གསུང་སྐབས་བློན་ཆེན་མགར་ནས་གདན་དྲངས་པའི་ཐབས་ལ་ཞུགས་འཐུས་ཆོག་ན་རེ་ཞིག་གཞན་ལ་བཀའ་མི་སྩོལ་བ་ཞུས་ཏེ།

མདུན་མའི་གྲོས་བྱ་བར་གྲོང་ཁྱེར་བདུན་གྱི་གཙོ་བོ་མི་བདུན་དང༌བཅས་པ་གླེང་མོ་ལེགས་བློ་མཐུན་པ་དེ་ལྟར་དུ་རྟེན་འབྲེལ་འགྲིགས་པ་བྱུང་གཤིས། དེ་ནས་མགར་གྱིས་རྒྱལ་པོའི་དྲུང་དུ་བཅར་ཏེ་ལྷ་གཅིག་སྤྱན་འདྲེན་པའི་ཞུ་སྒོའི་བཀའ་སློབ་ཞུ་བའི་ཁ་འཆམ་པ་བཞིན་སྙན་དུ་གསོལ་ཏེ། ཞུ་རྟེན་སྐྱེས་དང་བཀའ་ཤོག་གི་སྒྲོམ་བུ་བཅས་པ་སྩལ་ཏེ་བལ་ཡུལ་དུ་རྟོལ་ནས་གྲོང་ཁྱེར་ཁོ་བོམ་ཀླུའི་ཕོ་བྲང་དུ་རྒྱལ་པོ་དེ་བ་ལྷ་དང་མཇལ་ཏེ་ཞུ་རྟེན་ཕུལ་བ་དང་སྦྲགས་ལྷ་གཅིག་མཛངས་མ་ངེད་བོད་ཀྱི་རྒྱལ་པོའི་བཙུན་མོར་བཀའ་གནང་བའི་ཞུ་བ་རིམ་པར་བགྱིད་སྐབས་འཇིགས་དད་དུས་གཅིག་ཏུ་གྱུར་ཏེ་ལྷ་གཅིག་བོད་དུ་བརྫངས་པའི་བཀའ་ཕབ་ནས་མཐོང་ཐོས་དྲན་རེག་གི་ཡོན་ཏན་བསམ་གྱི་མི་ཁྱབ་པ་དང་ལྡན་པའི་ཇོ་བོ་མི་བསྐྱོད་རྡོ་རྗེའི་སྣང་བརྙན་རིན་པོ་ཆེས་གཙོས་རྟེན་མཆོག་དང༌། འཇིག་རྟེན་མཁོ་དགུའི་ནོར་རྫས་གྱ་སྣོམ་པས་སྐྱེས་བརྫངས་བསྣམས་ཏེ་རྒྱལ་པོའི་མདུན་སར་བྱོན་ཏེ་བཙུན་མོ་དམ་པར་དབང་བསྐུར།

དེ་བཞིན་རྒྱ་ནག་ཏུ་ལྷག་གཅིག་གདན་འདྲེན་པའི་བཀའ་སློབ་ཞུས་ཏེ། ཞུ་རྟེན་རིན་དང༌། བཀའ་ཤོག འཕྲལ་གྱི་ཡོ་བྱད་གོས་རྒྱན་ལ་སོགས་ཐོགས་ནས་རྒྱ་ནག་ཏུ་ཆས། རྒྱ་ནག་ཟིམ་ཤིང་བཀྲིས་ཁྲི་སྒོ་རྒྱ་རྗེ་ཐའི་ཛུང་བཞུགས་པའི་ཕོ་བྲང་དུ་བྱོན་ཏེ། རྒྱ་རྗེ་མཇལ་བའི་སྙན་སེང་བར་ཞག་བདུན་རྗེས་རྒྱལ་པོ་མཇལ་སྐབས་ཞུ་རྟེན་རིན་ཆེན་དང་པོའི་དོང་རྩེ་བཅས་པ་དྲུང་དུ་བཞག་ནས་ལོ་རྒྱུས་བརྗོད་པ་ན། རྒྱ་ནག་རྒྱལ་བློན་རྣམས་རང་བཞིན་གྱི་ཁེངས་དྲེགས་ཆེ་ལ་བོད་རྒྱལ་ཁབ་ཆུང་བས་སྟབས་ཀྱིས་ཀོང་ཇོ་བོད་ལ་སྦྱིན་དུ་མ་འདོད་པར་ག་ཞ་(བཞད་གད་) དང་བཅས་དགེ་བཅུ་དང་ལྡན་པའི་རྒྱལ་ཁྲིམས་འཆའ་ཨེ་ནུས་སོགས་དྲི་དོན་མང་པོས་ཡིད་བསུན་པར་མཛད་པའི་གཏམ་ལན་འཕྱུག་པ་མེད་པས་ང་རྒྱལ་གྱི་གདོང་པ་བསྙིལ་པ་མ་ཟད། གཉེའོ་(བག་མ་སློང་མཁན་) རྣམས་ལ་ཉེ་རིང་མེད་ཚུལ་གྱིས་མཐའ་བཞིའི་རྒྱལ་ཁབ་ཀྱི་བློན་པ་རྣམས་དང་རིག་པའི་རྩལ་འགྲན་དགོས་ལུགས་གསུངས་ཏེ། བླ་གཡུ་བཞག་སྒོར་མོར་དར་ཡུག་ཚུད་དུ་བཅུག་པ་དང༌། ལུག་བཤས་ཤ་ཟོས་པགས་མཉེས། ཤིང་ལྡུག་པོའི་མགོ་མཇུག་སོགས་རིག་རྩལ་དེ་རྣམས་ལས་ཡོངས་སུ་རྒྱལ་མཐར། ཤར་སྒོའི་ཐང་དུ་མཚར་སྡུག་ལྡན་པའི་བུ་མོ་སུམ་བརྒྱའི་གྲལ་ནས་ལྷ་གཅིག་ཀོང་ཇོ་ངོ་ཤེས་པ་ལ་སྦྱིན་པའི་ཁ་ཆད་ཐོབ་པ་བཞིན་ཐབས་ལམ་དུ་མས་ལྷ་གཅིག་ལག་རྩེར་ཐོབ་པ་བྱས། ཕན་བདེ་འབྱུང་བའི་ཇོ་བོ་ཤཱཀྱ་མུ་ནེའི་སྣང་བརྙན་རིན་པོ་ཆེའི་རྟེན་སྐྱེས་དང༌། ནོར་སྣ་དཔག་ཏུ་མེད་པ་བཅས་བསྐུར་ཏེ་བོད་ཡུལ་དུ་བརྫངས་ཀྱང༌། བློན་མགར་ཉིད་རྒྱ་ནག་ཏུ་བཞུགས་དགོས་པའི་རྒྱལ་པོས་རེ་འདུན་ལྟ་བུས་བཀའ་བཏང་བ་བཞིན་བཞུགས་པས་ཚུལ་བྱས་ཤིང༌། རྒྱ་ནག་རྒྱལ་བློན་རྣམས་ཀྱིས་ལྷ་གཅིག་བསྟེར་དུ་མ་འདོད་པས་བྱེད་ངལ་ཅི་ཆེས་ཡིད་མ་རང་བར་བརྟེན། དར་ཟབ་མེར་བསྲེགས་བཏང་དུ་བཅུག་པ་སོགས་རྒྱ་ནག་ཏུ་གནོད་འགྱུར་ལས་སྣེ་མང་བརྩམས་མཐར་ནད་བརྫུས་ཀྱས་ཡུལ་ལྷ་གསོལ་བའི་ཆོ་གར་ཞུགས་ཏེ། རང་རྒྱལ་དུ་བྱོལ་བསྐྱོད་ཀྱིས་ཀོང་ཇོའི་འཁོར་གྱི་ཕེབས་རྗེས་བསྙེགས། ལྷ་གཅིག་ཀོང་ཇོ་རྒྱལ་ས་ལྷ་སར་ཕེབས་ཉིན་ངོ་མཚར་བའི་ལྟས་དང་བཅས་ལྷགས་ཏེ་བཙུན་མོར་མངལ་གསོལ།

མཐར་སྲོང་བཙན་སྒམ་པོས་མ་འོངས་བོད་ཡུལ་བསྟན་འགྲོར་སྨན་པའི་ལུང་བསྟན་དང༌། ཞལ་གདམས་མཛད་པ་བློན་མགར་གྱིས་ཟངས་ཀྱིས་བྱང་བུ་ལ་བྲིས་ནས་དཀོར་མཛོད་དུ་སྦས་པ་སོགས་ཤུལ་རིང་ལམ་གྱི་ངལ་བ་བརྒྱ་ཕྲག་དང་བཅས་པར་ཅི་མི་སྙམ་པ་མཛད་ལ། རྒྱལ་པོའི་བཀའ་དང་དགོངས་པ་བཞིན་སྒྲུབ་པའི་ཕྱི་ནང་ཀུན་ལ་བྱ་བའི་གནད་མ་འཁྲུལ་པར་སྟོན་པའི་བློ་མཆོག་རིག་ཅན་ཕུལ་རབ་ཏུ་གྱུར་པའོ།།  །།

 

 

ཡོང་ཁུངས། [1] ཤེས་བྱ། ཕྱི་ལོ་ ༡༩༧༣ ཕྱི་ཟླ་བདུན་པའི་ཤེས་བྱ། ཤོག་གྲངས་ ༢༠

བརྒྱུད་སྐུལ།

མཆན་སྤེལ།