༄༅། །དགའ་ལྡན་ཁྲི་ཆེན་རིམ་བྱོན་གྱི་རྣམ་ཐར་བཞུགས་སོ།།
མཛད་པ་པོ། སེར་སྨད་གྲགས་པ་མཁས་གྲུབ།
དེ་ཡང་དགའ་ལྡན་ཁྲི་ཆེན་རིམ་བྱོན་གྱི་རྣམ་ཐར་གླེགས་བམ་འདི་ཉིད་དུ་ཐོག་ཞེ་བདུན་པ་ཁྲི་ཆེན་ཤར་རྩེ་སྤོམ་འབོར་བ་བློ་བཟང་ཆོས་འཕེལ་ནས་ཁྲི་ཐོག་རེ་བདུན་པ་ཁྲི་ཆེན་བཀའ་འགྱུར་བ་འཇམ་དབྱངས་སྨོན་ལམ་བར་ཁྲི་ཐོག་ ༢༡ གི་རྣམ་ཐར་ཞིབ་ཅིང་རྒྱས་པ་གཞན་དང་ཐུན་མོང་མ་ཡིན་པ་མང་དུ་བཞུགས་པ་བཅས་སོ།།
མཛད་པ་པོའི་རྣམ་ཐར།
སེར་སྨད་མཁན་ཆེན་གྲགས་པ་མཁས་གྲུབ་མཆོག་ནི། ཚལ་གུང་ཐང་གཙུག་ལག་ཁང་གི་ཤར་ལྷོའི་མཚམས་སུ་གུང་ཐང་ལྕང་སྲུང་བ་ཞེས་པའི་མི་རྒྱུད་དུ་ཡབ་ཨ་པོ་རྟ་མགྲིན་དང༌། ཡུམ་དཔལ་འཛོམ་ཞེས་པ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ལྕགས་རྟ་ (ཕྱི་ལོ་ ༡༧༥༠) ལོའི་ཟླ་བ་བཅུ་གཅིག་པའི་ཚེས་ལྔའི་ཐོ་རེངས་སུ་སྐུ་འཁྲུངས།
ངག་དབང་རབ་བརྟན་ཞེས་པའི་མཚན་གསོལ། དགུང་ལོ་བདུན་པ་མེ་བྱི་ (ཕྱི་ལོ་ ༡༧༥༦) ལོར་༸རྒྱལ་དབང་བསྐལ་བཟང་རྒྱ་མཚོའི་མཇལ་ཞུར་བཅར། དགུང་ལོ་དགུ་པར་རྒྱལ་སྲས་བསྐལ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོའི་དྲུང་དུ་རབ་ཏུ་བྱུང་ནས་ཐུབ་བསྟན་ལེགས་བཤད་ཅེས་པའི་མཚན་གསོལ། མི་རིང་བར་རྗེ་ཙོང་ཁ་པའི་དངོས་སློབ་སེ་ར་ཐེག་ཆེན་གླིང་གི་གདན་རབས་བཞི་པ་ཞ་ལུ་ལྕོག་ཆེན་བཀྲ་ཤིས་བཟང་པོས་ཕྱག་བཏབ་པའི་གུང་ཐང་ཆོས་ཁྲི་གྲྭ་ཚང་དུ་ཆོས་ཞུགས་མཛད། འདོན་ཆོས་སྤྱོད་ཀྱི་རིམ་པ་རྣམས་ཐུགས་འཛིན་མཛད། དགུང་ལོ་བཅུ་གཉིས་པ་ལྕགས་སྦྲུལ་ཟླ་བ་བཅུ་པའི་ཚེས་བཅོ་ལྔར་སེར་སྨད་ཡེར་པ་ཁམས་ཚན་དུ་ཆོས་ཞུགས་མཛད་ནས། རྨེ་རུ་སྤྱི་ཁང་དུ་བཞུགས། སེར་སྨད་མཁན་ཆེན་གཙང་པ་གྲགས་པ་འཕྲིན་ལས་ཀྱི་དྲུང་དུ་གསར་མཇལ་ཞུས་ཤིང་། གྲགས་པ་མཁས་གྲུབ་ཅེས་པའི་མཚན་གསོལ།
དེ་ནས་སྔ་རྗེས་སུ་༸སྐྱབས་མགོན་༸རྒྱལ་དབང་ཡབ་སྲས་རྣམ་གཉིས་དང་། དུས་སྐབས་དེ་དག་གི་དགའ་ལྡན་ཁྲི་པ་རིམ་བྱོན། རྭ་སྒྲེང་ཁྲི་ཆེན་རྡོ་རྗེ་འཆང༌། རྒྱལ་སྲས་རྡོ་རྗེ་འཆང་ཆེན་པོ། རྒྱལ་ཚབ་རྟ་ཚག་རིན་པོ་ཆེ། རྒྱལ་ཚབ་དེ་མོ་རིན་པོ་ཆེ། ཚེ་སྨོན་གླིང་ངག་དབང་ཚུལ་ཁྲིམས། འཕགས་པ་ལྷ་སྐུ་འཕྲེང་གཉིས། རྗེ་བཙུན་འཇོག་རི་བ་ཆེན་པོ། ཀོང་པོ་ཕག་མགོ་བླ་མ། ཚེ་མཆོག་གླིང་མཆོག་སྤྲུལ་རིན་པོ་ཆེ། སེར་སྨད་མཁན་ཆེན་གྲགས་པ་འཕྲིན་ལས་དང་། མཁན་ཆེན་སྤོམ་འབོར་སྦྱིན་པ་ཆོས་བཟང་། མཁན་ཆེན་སྤོམ་འབོར་བསྐལ་བཟང་རྣམ་རྒྱལ། མཁན་ཆེན་སྟོང་འཁོར་འཇམ་དབྱངས་བསྟན་འཛིན་རྒྱ་མཚོ་སོགས་དུས་དེའི་སེར་སྨད་གྲྭ་ཚང་གི་མཁན་པོ་རིམ་བྱོན། མཚུངས་མེད་རིན་ཆེན་ལེགས་པ། རྡོ་རྗེ་འཆང་བཙུན་པ་བློ་བཟང་སྙན་གྲགས། སེར་བྱེས་མཁན་ཆེན་བློ་བཟང་འཇམ་དབྱངས། སྐྱབས་མཆོག་དྭགས་པ་རིན་པོ་ཆེ། དུང་དཀར་སྤྲུལ་སྐུ་རིན་པོ་ཆེ་ངག་དབང་སྙན་གྲགས། མང་ཐོས་བློ་བཟང་ཚུལ་ཁྲིམས། མང་ཐོས་བསྐལ་བཟངཡོན་ཏན། རྗེ་ངག་དབང་ཆོས་འཛིན། བཀྲས་ལྷུན་ཡོངས་འཛིན་རིན་པོ་ཆེ། མང་ཐོས་དགེ་བའི་བཤེས་གཉེན་བསྐལ་བཟང་ཕུན་ཚོགས། ཀེའུ་ཚང་གནས་བླ་མ་རྣམ་གྲོལ་རིན་པོ་ཆེ། སྐུ་འབུམ་ཆེ་ཤོས་སྤྲུལ་སྐུ། བློ་གླིང་མཁན་པོ་བློ་བཟང་བསམ་གཏན་སོགས་རིམ་བཞིན་བསྟེན་ནས་གཞུང་ཆེན་དང་མདོ་སྔགས་ཀྱི་ཟབ་ཆོས་ཀུན་ལ་གསན་བསམ་མཐར་ཕྱིན་པ་མཛད།
རབ་བྱུང་བཅུ་གསུམ་པའི་ཤིང་རྟ་ (ཕྱི་ལོ་ ༡༧༧༤) ལོར་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་མཁན་སློབ་སྦྲགས་མ་མཛད་དེ་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དེའི་ཕྱི་ལོར་རིགས་ཆེན་ཚོགས་ལངས་སེམས་བསྐྱེད་ཀྱི་ཕྱིར་རྒོལ་མཛད། དེའི་ཕྱི་ལོ་ནས་སྦྱོར་ལམ་གྱི་སྔ་རྒོལ། དེ་ནས་རིམ་བཞིན་རིགས། བསམ་གཟུགས། སྐབས་བརྒྱད་པ་རྣམས་ཀྱི་ཕྱི་རྒོལ། དུས་ཚིགས་ཀྱི་སྔ་རྒོལ། ངེས་འབྱུང་ཚུལ་ཁྲིམས་དང་དྲང་ངེས་རྣམ་འབྱེད་ཀྱི་ཕྱི་རྒོལ་བཅས་མཛད། ས་བྱ་ (ཕྱི་ལོ་ ༡༧༨༩) ལོའི་ཟླ་བ་བཅུ་གཉིས་པའི་ནང་གཞུང་པ་ལྷ་བཙུན་རིན་པོ་ཆེའི་ཡོངས་འཛིན་དུ་ཕེབས་པ་དང་། དེ་ནས་བཟུང་ཡེར་གཞུང་ཉིས་འཛིན་དུ་གྱུར།
ཤིང་ཡོས་ (ཕྱི་ལོ་ ༡༧༩༥) ལོའི་ཟླ་བ་གཉིས་པའི་ཚེས་དགུ། གཟའ་ཉི་མ། སྐར་མ་ནབས་སོ། འབྱུང་འཕྲོད་མེ་རླུང་སོགས་གཟའ་སྐར་ཕུན་སུམ་ཚོགས་པའི་ཉི་དྲོས་སྦྲུལ་གྱི་ཐོག་སྤང་ལུང་བློ་བཟང་ཐུགས་རྗེའི་རྗེས་སུ་སེར་སྨད་ཐོས་བསམ་ནོར་གླིང་གི་མཁན་ཐོག་ང་དྲུག་པར་ཕེབས། རབ་བྱུང་བཅུ་གསུམ་པའི་ས་ལུག་ (ཕྱི་ལོ་ ༡༧༩༩) ལོར་ཁྲི་ཆེན་བློ་བཟང་དགེ་ལེགས་སེར་སྨད་གྲྭ་ཚང་གི་དགུན་ཁའི་དགེ་བསྐོས་གནང་སྐབས་མཁན་ཆེན་གྲགས་པ་མཁས་གྲུབ་འདི་ཉིད་དང་ཐུགས་ཡིད་གཅིག་འདྲེས་ཀྱིས་བློ་གསར་བ་རྣམས་ཐབས་མཁས་དུ་མའི་འཕྲུལ་གྱིས་ཐོས་བསམ་སྒོམ་གསུམ་ལ་སྦྱོར་བར་མཛད། གྲྭ་ཚང་གི་ཁྲི་ལོ་བདུན་དང་ངོ་མཐོང་བརྒྱད་ཀྱི་བར་གྲྭ་ཚང་རིན་པོ་ཆེ་ལུགས་གཉིས་ཀའི་སྒོ་ནས་སྐྱོང་བར་མཛད།
རབ་བྱུང་བཅུ་གསུམ་པའི་ལྕགས་བྱ་ (ཕྱི་ལོ་ ༡༨༠༡) ལོའི་ཟླ་བ་བཅུ་གཉིས་པར་སེར་སྨད་ཀྱི་སློབ་དཔོན་དགོངས་པ་ཞུས་པར་གནང་བ་བཞིན། མི་རིང་བར་མཁས་གྲུབ་གྲགས་པ་རྒྱ་མཚོ་སེར་སྨད་གྲྭ་ཚང་གི་མཁན་པོར་བསྐོས་ནས་ཆུ་བཟང་རི་ཁྲོད་དུ་ཟུར་བཞུགས་མཛད་ཅིང་། དེ་གར་དེ་སྔོན་མཛད་པའི་དགའ་ལྡན་ཁྲི་པ་རིམ་བྱོན་རྣམས་ཀྱི་རྣམ་ཐར་ལེགས་བསྒྲིགས་དང་ཁ་སྐོང་མཛད། ས་འབྲུག་ (ཕྱི་ལོ་ ༡༨༠༨) ལོའི་ཟླ་བ་ལྔ་པའི་ཚེས་གཉིས་ཉིན་༸རྒྱལ་དབང་ལུང་རྟོགས་རྒྱ་མཚོའི་མཇལ་ཞུར་བཅར། ལོ་དེའི་ཟླ་བ་དགུ་པའི་ནང་༸རྒྱལ་དབང་ལུང་རྟོགས་རྒྱ་མཚོ་གསེར་ཁྲི་མངའ་གསོལ་གྱི་ལེགས་འབུལ་དུ་ཡང་ཕེབས།
དགུང་ལོ་དྲུག་ཅུ་རེ་དགུ་པ་ས་སྟག་ (ཕྱི་ལོ་ ༡༨༡༨) ལོའི་ཟླ་བ་བཞི་པའི་ཚེས་ཉེར་ལྔའི་ནུབ་མོ་སྐུ་གཤེགས། གསུང་རྩོམ་གྱི་གྲས་སུ་དགའ་ལྡན་ཁྲི་ཐོག་ཞེ་བདུན་པ་ཡང་སྟེང་པ་བློ་བཟང་ཆོས་འཕེལ་གྱི་རྣམ་ཐར་ནས། ཁྲི་ཐོག་རེ་དྲུག་པ་སེར་བྱེས་བསམ་བློ་ངག་དབང་སྙན་གྲགས་བར་གྱི་རྣམ་ཐར་དང་། དགའ་ལྡན་ཤར་རྩེའི་ཆོས་འབྱུང་། སེ་ར་ཐེག་ཆེན་གླིང་གི་གླིང་བསྲེའི་ལོ་རྒྱུས། རྗེ་བླ་མ་སློབ་བརྒྱུད་དང་བཅས་པ་ལ་ཕྱག་འཚལ་སྨོན་ཚིག །སྤང་ལུང་བློ་བཟང་ཐུགས་རྗེའི་རྣམ་ཐར། ཁྲི་ཆེན་བློ་བཟང་དར་རྒྱས་ཀྱི་རྣམ་ཐར། རྗེ་འཇོག་རི་བ་ཆེན་པོའི་རྣམ་ཐར་འཕྲོ་ཅན། ཉང་བྲན་ཆུ་བཟང་རི་ཁྲོད་ཀྱི་ལོ་རྒྱུས་འཕྲོ་ཅན། གཞན་ཡང་བཅའ་ཡིག་དང༌། མཎྜལ་བཤད་པ། བྲིས་ཐང་སོགས་ཀྱི་སྨོན་ཚིག །བསྐང་བ་གཏོར་འབུལ་གྱི་རིགས་སོགས་མང་དུ་ཡོད་དོ།།
རྗེ་འདིའི་རྣམ་ཐར་རྒྱས་པ་སྐུ་ཚེ་སྟོད་ཀྱི་རྣམ་ཐར་རྗེ་རང་ཉིད་ཀྱིས་ཟིན་བྲིས་བཏབ་པ་དང༌། རྒྱལ་དབང་ཆོས་རྗེ་འཕྲིན་ལས་རྣམ་རྒྱལ་གྱིས་འཕྲོ་མཐུད་མཛད་པའི་དཔལ་ལྡན་བླ་མ་དམ་པ་རྗེ་བཙུན་གྲགས་པ་མཁས་གྲུབ་དཔལ་བཟང་པོའི་རྣམ་པར་ཐར་པ་ཐར་འདོད་སྙིང་གི་དགའ་སྟོན་ཞེས་བྱ་བ་བྲིས་མ་དབུ་ཅན་ཤོག་གྲངས་ ༡༢༢ ཡོད་པ་སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་བསྡུ་རུབ་བྱས་པའི་རྣམ་ཐར་གྱི་གྲས་སུ་བཞུགས་ཡོད།
རབ་བྱུང་བཅུ་བཞི་པའི་ཤིང་སྤྲེལ་ (ཕྱི་ལོ་ ༡༨༢༤) ལོའི་ཟླ་བ་བཅུ་པའི་ཚེས་བཅུ་བཞིར་༸རྒྱལ་དབང་ཚུལ་ཁྲིམས་རྒྱ་མཚོས་སེར་སྨད་གྲགས་པ་མཁས་གྲུབ་ཀྱི་སྤྲུལ་སྐུའི་གཙུག་ཕུད་བཞེས་པ་རྒྱལ་བ་ཚུལ་ཁྲིམས་རྒྱ་མཚོའི་རྣམ་ཐར་ནང་གསལ་བ་བཅས་སོ།།
དཀར་ཆག
༡༽ དགེ་ལྡན་གསེར་ཁྲི་རིན་པོ་ཆེར་དབང་བསྒྱུར་བའི་སྐྱེས་མཆོག་དམ་པ་ཁྲི་ཆེན་རིམ་བྱོན་རྣམས་ཀྱི་རྣམ་ཐར་རྨད་བྱུང་ནོར་བུའི་ཕྲེང་བ་ལས་ཁྲི་ཐོག་ཞེ་བདུན་པ་ཁྲི་ཆེན་ཤར་རྩེ་སྤོམ་འབོར་བ་བློ་བཟང་ཆོས་འཕེལ་གྱི་རྣམ་ཐར་བཞུགས་སོ།། ཤོག་གྲངས་ (1)
༢༽ དགེ་ལྡན་གསེར་ཁྲི་རིན་པོ་ཆེར་དབང་བསྒྱུར་བའི་སྐྱེས་མཆོག་དམ་པ་ཁྲི་ཆེན་རིམ་བྱོན་རྣམས་ཀྱི་རྣམ་ཐར་རྨད་བྱུང་ནོར་བུའི་ཕྲེང་བ་ལས་ཁྲི་ཐོག་ཞེ་བརྒྱད་པ་ཁྲི་ཆེན་དོན་གྲུབ་རྒྱ་མཚོའི་རྣམ་ཐར་བཞུགས་སོ།། ཤོག་གྲངས་ (29)
༣༽ དགེ་ལྡན་གསེར་ཁྲི་རིན་པོ་ཆེར་དབང་བསྒྱུར་བའི་སྐྱེས་མཆོག་དམ་པ་ཁྲི་ཆེན་རིམ་བྱོན་རྣམས་ཀྱི་རྣམ་ཐར་རྨད་བྱུང་ནོར་བུའི་ཕྲེང་བ་ལས་ཁྲི་ཐོག་ཞེ་དགུ་པ་ཁྲི་ཆེན་ཤར་རྩེ་བློ་བཟང་དར་རྒྱས་ཀྱི་རྣམ་ཐར་བཞུགས་སོ།། ཤོག་གྲངས་ (50)
༤༽ དགེ་ལྡན་གསེར་ཁྲི་རིན་པོ་ཆེར་དབང་བསྒྱུར་བའི་སྐྱེས་མཆོག་དམ་པ་ཁྲི་ཆེན་རིམ་བྱོན་རྣམས་ཀྱི་རྣམ་ཐར་རྨད་བྱུང་ནོར་བུའི་ཕྲེང་བ་ལས་ཁྲི་ཐོག་ལྔ་བཅུ་པ་ཁྲི་ཆེན་བྱ་བྲལ་བ་དགེ་འདུན་ཕུན་ཚོགས་ཀྱི་རྣམ་ཐར་བཞུགས་སོ།། ཤོག་གྲངས་ (69)
༥༽ དགེ་ལྡན་གསེར་ཁྲི་རིན་པོ་ཆེར་དབང་བསྒྱུར་བའི་སྐྱེས་མཆོག་དམ་པ་ཁྲི་ཆེན་རིམ་བྱོན་རྣམས་ཀྱི་རྣམ་ཐར་རྨད་བྱུང་ནོར་བུའི་ཕྲེང་བ་ལས་ཁྲི་ཐོག་ང་གཅིག་པ་ཁྲི་ཆེན་དཔལ་ལྡན་གྲགས་པའི་རྣམ་ཐར་བཞུགས་སོ།། ཤོག་གྲངས་ (80)
༦༽ དགེ་ལྡན་གསེར་ཁྲི་རིན་པོ་ཆེར་དབང་བསྒྱུར་བའི་སྐྱེས་མཆོག་དམ་པ་ཁྲི་ཆེན་རིམ་བྱོན་རྣམས་ཀྱི་རྣམ་ཐར་རྨད་བྱུང་ནོར་བུའི་ཕྲེང་བ་ལས་ཁྲི་ཐོག་ང་གཉིས་པ་ཁྲི་ཆེན་དྭགས་པོ་ངག་དབང་ཚེ་འཕེལ་གྱི་རྣམ་ཐར་བཞུགས་སོ།། ཤོག་གྲངས་ (90)
༧༽ དགེ་ལྡན་གསེར་ཁྲི་རིན་པོ་ཆེར་དབང་བསྒྱུར་བའི་སྐྱེས་མཆོག་དམ་པ་ཁྲི་ཆེན་རིམ་བྱོན་རྣམས་ཀྱི་རྣམ་ཐར་རྨད་བྱུང་ནོར་བུའི་ཕྲེང་བ་ལས་ཁྲི་ཐོག་ང་གསུམ་པ་ཁྲི་ཆེན་རྒྱལ་མཚན་སེངྒེའི་རྣམ་ཐར་བཞུགས་སོ།། ཤོག་གྲངས་ (105)
༨༽ དགེ་ལྡན་གསེར་ཁྲི་རིན་པོ་ཆེར་དབང་བསྒྱུར་བའི་སྐྱེས་མཆོག་དམ་པ་ཁྲི་ཆེན་རིམ་བྱོན་རྣམས་ཀྱི་རྣམ་ཐར་རྨད་བྱུང་ནོར་བུའི་ཕྲེང་བ་ལས་ཁྲི་ཐོག་ང་བཞི་པ་ཁྲི་ཆེན་ངག་དབང་མཆོག་ལྡན་གྱི་རྣམ་ཐར་བཞུགས་སོ།། ཤོག་གྲངས་ (118)
༩༽ དགེ་ལྡན་གསེར་ཁྲི་རིན་པོ་ཆེར་དབང་བསྒྱུར་བའི་སྐྱེས་མཆོག་དམ་པ་ཁྲི་ཆེན་རིམ་བྱོན་རྣམས་ཀྱི་རྣམ་ཐར་རྨད་བྱུང་ནོར་བུའི་ཕྲེང་བ་ལས་ཁྲི་ཐོག་ང་ལྔ་པ་ཁྲི་ཆེན་ངག་དབང་ནམ་མཁའ་བཟང་གི་རྣམ་ཐར་བཞུགས་སོ།། ཤོག་གྲངས་ (142)
༡༠༽ དགེ་ལྡན་གསེར་ཁྲི་རིན་པོ་ཆེར་དབང་བསྒྱུར་བའི་སྐྱེས་མཆོག་དམ་པ་ཁྲི་ཆེན་རིམ་བྱོན་རྣམས་ཀྱི་རྣམ་ཐར་རྨད་བྱུང་ནོར་བུའི་ཕྲེང་བ་ལས་ཁྲི་ཐོག་ང་དྲུག་པ་ཁྲི་ཆེན་སྤོམ་འབོར་བ་བྱང་རྩེ་བློ་བཟང་དྲི་མེད་ཀྱི་རྣམ་ཐར་བཞུགས་སོ།། ཤོག་གྲངས་ (171)
༡༡༽ དགེ་ལྡན་གསེར་ཁྲི་རིན་པོ་ཆེར་དབང་བསྒྱུར་བའི་སྐྱེས་མཆོག་དམ་པ་ཁྲི་ཆེན་རིམ་བྱོན་རྣམས་ཀྱི་རྣམ་ཐར་རྨད་བྱུང་ནོར་བུའི་ཕྲེང་བ་ལས་ཁྲི་ཐོག་ང་བདུན་པ་ཁྲི་ཆེན་བསམ་གཏན་ཕུན་ཚོགས་ཀྱི་རྣམ་ཐར་བཞུགས་སོ།། ཤོག་གྲངས་ (180)
༡༢༽ དགེ་ལྡན་གསེར་ཁྲི་རིན་པོ་ཆེར་དབང་བསྒྱུར་བའི་སྐྱེས་མཆོག་དམ་པ་ཁྲི་ཆེན་རིམ་བྱོན་རྣམས་ཀྱི་རྣམ་ཐར་རྨད་བྱུང་ནོར་བུའི་ཕྲེང་བ་ལས་ཁྲི་ཐོག་ང་བརྒྱད་པ་ཁྲི་ཆེན་བྱང་རྩེ་བསམ་བློ་བ་ངག་དབང་ཆོས་གྲགས་ཀྱི་རྣམ་ཐར་བཞུགས་སོ།། ཤོག་གྲངས་ (193)
༡༣༽ དགེ་ལྡན་གསེར་ཁྲི་རིན་པོ་ཆེར་དབང་བསྒྱུར་བའི་སྐྱེས་མཆོག་དམ་པ་ཁྲི་ཆེན་རིམ་བྱོན་རྣམས་ཀྱི་རྣམ་ཐར་རྨད་བྱུང་ནོར་བུའི་ཕྲེང་བ་ལས་ཁྲི་ཐོག་ང་དགུ་པ་ཁྲི་ཆེན་ཤར་རྩེ་ཆུ་བཟང་ངག་དབང་ཆོས་གྲགས་ཀྱི་རྣམ་ཐར་བཞུགས་སོ།། ཤོག་གྲངས་ (202)
༡༤༽ དགེ་ལྡན་གསེར་ཁྲི་རིན་པོ་ཆེར་དབང་བསྒྱུར་བའི་སྐྱེས་མཆོག་དམ་པ་ཁྲི་ཆེན་རིམ་བྱོན་རྣམས་ཀྱི་རྣམ་ཐར་རྨད་བྱུང་ནོར་བུའི་ཕྲེང་བ་ལས་ཁྲི་ཐོག་དྲུག་ཅུ་པ་ཁྲི་ཆེན་བྱང་རྩེ་བློ་བཟང་བསྟན་པའི་རྣམ་ཐར་བཞུགས་སོ།། ཤོག་གྲངས་ (218)
༡༥༽ དགེ་ལྡན་གསེར་ཁྲི་རིན་པོ་ཆེར་དབང་བསྒྱུར་བའི་སྐྱེས་མཆོག་དམ་པ་ཁྲི་ཆེན་རིམ་བྱོན་རྣམས་ཀྱི་རྣམ་ཐར་རྨད་བྱུང་ནོར་བུའི་ཕྲེང་བ་ལས་ཁྲི་ཐོག་རེ་གཅིག་པ་ཁྲི་ཆེན་དཔལ་ལྡན་ནོ་མི་ཧན་ཆེན་པོའི་རྣམ་ཐར་བཞུགས་སོ།། ཤོག་གྲངས་ (226)
༡༦༽ དགེ་ལྡན་གསེར་ཁྲི་རིན་པོ་ཆེར་དབང་བསྒྱུར་བའི་སྐྱེས་མཆོག་དམ་པ་ཁྲི་ཆེན་རིམ་བྱོན་རྣམས་ཀྱི་རྣམ་ཐར་རྨད་བྱུང་ནོར་བུའི་ཕྲེང་བ་ལས་ཁྲི་ཐོག་རེ་གཉིས་པ་ཁྲི་ཆེན་རྒྱལ་རོང་བློ་བཟང་སྨོན་ལམ་གྱི་རྣམ་ཐར་བཞུགས་སོ།། ཤོག་གྲངས་ (314)
༡༧༽ དགེ་ལྡན་གསེར་ཁྲི་རིན་པོ་ཆེར་དབང་བསྒྱུར་བའི་སྐྱེས་མཆོག་དམ་པ་ཁྲི་ཆེན་རིམ་བྱོན་རྣམས་ཀྱི་རྣམ་ཐར་རྨད་བྱུང་ནོར་བུའི་ཕྲེང་བ་ལས་ཁྲི་ཐོག་རེ་གསུམ་པ་ཁྲི་ཆེན་ཚ་རྡོར་བ་བློ་བཟང་མཁས་མཆོག་གི་རྣམ་ཐར་བཞུགས་སོ།། ཤོག་གྲངས་ (323)
༡༨༽ དགེ་ལྡན་གསེར་ཁྲི་རིན་པོ་ཆེར་དབང་བསྒྱུར་བའི་སྐྱེས་མཆོག་དམ་པ་ཁྲི་ཆེན་རིམ་བྱོན་རམས་ཀྱི་རྣམ་ཐར་རྨད་བྱུང་ནོར་བུའི་ཕྲེང་བ་ལས་ཁྲི་ཐོག་རེ་བཞི་པ་ཁྲི་ཆེན་བྱང་རྩེ་བློ་བཟང་བཀྲ་ཤིས་ཀྱི་རྣམ་ཐར་བཞུགས་སོ།། ཤོག་གྲངས་ (333)
༡༩༽ དགེ་ལྡན་གསེར་ཁྲི་རིན་པོ་ཆེར་དབང་བསྒྱུར་བའི་སྐྱེས་མཆོག་དམ་པ་ཁྲི་ཆེན་རིམ་བྱོན་རྣམས་ཀྱི་རྣམ་ཐར་རྨད་བྱུང་ནོར་བུའི་ཕྲེང་བ་ལས་ཁྲི་ཐོག་རེ་ལྔ་པ་ཁྲི་ཆེན་སྤོམ་འབོར་བ་དགེ་འདུན་ཚུལ་ཁྲིམས་ཀྱི་རྣམ་ཐར་བཞུགས་སོ།། ཤོག་གྲངས་ (342)
༢༠༽ དགེ་ལྡན་གསེར་ཁྲི་རིན་པོ་ཆེར་དབང་བསྒྱུར་བའི་སྐྱེས་མཆོག་དམ་པ་ཁྲི་ཆེན་རིམ་བྱོན་རྣམས་ཀྱི་རྣམ་ཐར་རྨད་བྱུང་ནོར་བུའི་ཕྲེང་བ་ལས་ཁྲི་ཐོག་རེ་དྲུག་པ་ཁྲི་ཆེན་ངག་དབང་སྙན་གྲགས་ཀྱི་རྣམ་ཐར་བཞུགས་སོ།། ཤོག་གྲངས་ (358)
༢༡༽ འཇམ་མགོན་རྒྱལ་བ་གཉིས་པའི་གསེར་ཁྲི་རིན་པོ་ཆེར་དབང་བསྒྱུར་བའི་སྐྱེས་མཆོག་དམ་པ་ཁྲི་ཆེན་རིམ་བྱོན་ཀྱི་རྣམ་ཐར་རྨད་བྱུང་ནོར་བུའི་ཕྲེང་བ་ལས་ཁྲི་ཐོག་རེ་བདུན་པ་ཁྲི་ཆེན་བཀའ་འགྱུར་བ་འཇམ་དབྱངས་སྨོན་ལམ་གྱི་རྣམ་ཐར་བཞུགས་སོ།། ཤོག་གྲངས་ (385)