ས་བཅད་དྲུག་པ། དགོན་སྡེ། མི་སྣ། གནའ་ཤུལ།
ལེ་ཚན་དང་པོ། དགོན་སྡེ།
ཨང་། | དགོན་པའི་མིང་། | བཞེངས་དུས། | བཞེངས་མཁན། | ཆོས་བརྒྱུད། |
༡ | སྐྱེམས་བྱ་ཁྱུང་གི་གདན་ས། | དཔལ་ལྡན་སེང་གེ། | རྙིང་མ། | |
༢ | རྩེ་ལེ་གསར་མ། | དུས་རབས་བཅུ་དྲུག | སྐུ་རབ་ཞལ་ངོ་བསོད་ནམས་རྣམ་རྒྱལ། | རྙིང་མ། |
༣ | དྭགས་སྟོད་གླིང་། | རྙིང་མ། | ||
༤ | སྐྱེམས་སྟོང་ལྷུན་གྲུབ་སྟེང་། | བཀའ་བརྒྱུད། | ||
༥ | སྐྱེམས་རྟ་གནས་དགོན། | དཔལ་བོ་གཙུག་ལག་ཕྲེང་བ། | བཀའ་བརྒྱུད། | |
༦ | སྐྱེམས་སྦས་ཨ་ཕྱི་དགོན། | བཀའ་བརྒྱུད། | ||
༧ | སྐྱེམས་འགྲིག་ག་ཚལ་དགོན། | བཀའ་བརྒྱུད། | ||
༨ | བམ་རི་ཆོས་སྡེ། | དགེ་ལུགས། | ||
༩ | དྭགས་པོ་རྣམ་གྲོལ་གླིང་། | དགེ་ལུགས།
|
||
༡༠ | དྭགས་སྟོད་ཐར་པ་གླིང། | དགེ་ལུགས། | ||
༡༡ | དྭགས་པོ་སྒྲོམ་མདའ་དགོན། | དགེ་ལུགས། | ||
༡༡ | སྣང་བང་རི་ཆོས་སྡེ་དགོན། | |||
༡༢ | རྩེ་ལེ་རྙིང་པ། | དུས་རབས་བཅུ་དྲུག | ||
༡༣ | རྩེ་ལེ་འོག་མ། | དུས་རབས་བཅུ་དྲུག | ||
༡༤ | སྣང་སྐུ་རབ་དགོན། | |||
༡༥ | གཙང་དགོན་དགའ་རབ་དགོན། | |||
༡༦ | སེམས་དགོན། |
ལེ་ཚན་གཉིས་པ། གྲགས་ཅན་མི་སྣ།
ཨང་། | མཚན། | འཁྲུངས་ཡུལ། | འཁྲུངས་འདས། | མཆན། |
༡ | འབྲུག་པ་ཀུན་མཁྱེན་པདྨ་དཀར་པོ། | རྐྱེམས་སྟོང་། | ༡༥༢༧-༡༥༩༢ | འབྲུག་ཆེན་སྐུ་ཕྲེང་བཞི་པ་ཡིན། |
༢ | རྫོང་ཆེན་བསོད་ནམས་དབང་པོ། | སྐྱེམས་སྟོང་། | ||
༣ | ལི་ཆུང་པདྨ་སྐྱབས། | སྐྱེམས་སྟོང་། | གསོ་རིག་མཁན་ཅན་ཞིག | |
༤ | རྒྱལ་བ་ཐུབ་བསྟན་རྒྱ་མཚོ། | གླང་མདུན། | ༡༨༧༦-༡༩༣༣ | ༸ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ། |
༥ | ཀུན་མཁྱེན་ངག་དབང་དཔལ་མོ། | སྐྱེམས་སྟོང་། | ||
༦ | རྫོང་ཆེན་བསོད་ནམས་དབང་པོ། | སྐྱེམས་སྟོང་། | ||
༧ | བསྟན་པ་རྒྱ་མཚོ། | དྭགས་པོ་བླ་མདའ། | ༡༥༦༠-༡༦༢༥ | སླེ་ལུང་རྗེ་དྲུང་སྐུ་ཕྲེང་གསུམ་པ། |
༨ | དགེ་འདུན་ཆོས་རྒྱལ་དབང་ཕྱུག | དྭགས་པོ་བྱེ་ཉུལ། | ༡༦༤༦-༡༦༩༩ | སླེ་ལུང་རྗེ་དྲུང་སྐུ་ཕྲེང་བཞི་པ། |
༩ | ལྷུན་གྲུབ་འཕྲིན་ལས་རྒྱལ་མཚན། | གཤོང་ཡུལ། | ༡༧༤༡-༡༨༡༡ | སླེ་ལུང་རྗེ་དྲུང་སྐུ་ཕྲེང་དྲུག་པ། |
༡༠ | ཡོན་ཏན་ཡེ་ཤེས། | དྭགས་པོ་བྱེ་ཉུལ། | དུས་རབས་༡༥། | འབྲུག་པ་པདྨ་དཀར་པོའི་ཡོངས་འཛིན། |
༡༡ | བསོད་ནམས་རིན་ཆེན། | དྭགས་པོ་རྩ་སྨད། | དགེ་ལུགས་པའི་སྐྱེས་བུ་གྲགས་ཅན་ཞིག། | |
༡༢ | ངག་དབང་ཉི་ཟླ་བཟང་པོ། | དྭགས་པོ་གར། | དུས་རབས་༡༦ | ཤངས་པ་བཀའ་བརྒྱུད་ཀྱི་སྐྱེས་ཆེན། |
༡༣ | དྭགས་པོ་འདུལ་འཛིན། | ཟེ་མཁར། | ༡༡༣༤-༡༢༡༨ | དྭགས་ལྷ་སྒམ་པོའི་མཁན་རྒྱུད་གྲགས་ཅན། |
༡༤ | མཉམ་ཉིད་རྡོ་རྗེ། | ཟུར་མཁར། | ༡༤༣༩-༡༤༧༥ | གསོ་བ་རིག་པ་མཁས་ཅན་ཞིག |
༡༥ | ཟུར་མཁར་བློ་གྲོས་རྒྱལ་པོ། | ཟུར་མཁར། | ༡༥༠༩- | གསོ་རིག་ཟུར་ལུགས་ཤིང་རྟའི་སྲོལ་འབྱེད། |
༡༦ | སྐུ་རབ་ཞལ་ངོ་བསོད་ནམས་རྣམ་རྒྱལ | དྭགས་པོ། | དུས་རབས་༡༦། | རྩེ་ལོ་དགོན་ཕྱག་བཏབ་པའི་སྐྱེས་ཆེན་ཞིག |
༡༧ | སྣ་ཚོགས་རང་གྲོལ། | དྭགས་པོ། | ༡༦༠༨- | བཀའ་བརྒྱུད་པའི་སྐྱེས་ཆེན་ཞིག |
༡༨ | སྐྱེམས་པ་ཚེ་དབང་། | སྐྱེམས་སྟོང་། | བརྒྱུད་བཞི་འབྲུ་འགྲེལ་བརྩམས། | |
༡༩ | ཟུར་ཁང་མཉམ་མེད་རྡོ་རྗེ། | དྭགས་པོ་བང་རིམ། | བོད་ཀྱི་གསོ་རིག་གནས་མཁན། | |
༢༠ | དྭགས་པོ་པཎ་ཆེན། | དྭགས་པོ་བང་རིམ། | གཡའ་བཟང་གི་མཁན་པོ། |
ལེ་ཚན་གསུམ་པ། གནའ་ཤུལ།
མཁར། གནས། བང་སོ། | ས་གནས། | མཆན། |
གནས་རི་སྐོར་ལ། | སྐྱེམས་སྟོང་། | ཀརྨ་པ་སྐུ་ཕྲེང་གསུམ་པས་གནས་སྒོ་ཕྱེ། |
མཆིམས་སྤུ་བདུན་གནས་རི། | སྐྱེམས་སྟོང་། | |
སྦ་བ་སྤུན་བདུན་གྱི་གནས་རི། | སྐྱེམས་སྟོང་། | |
ཨུ་ཕུག་སྒྲུབ་ཕུག | སྐྱེམས་སྟོང་། | སྒྲུབ་ཕུག་དེའི་སྟེང་མཚོ་མཇལ་ཞུ་རྒྱུ་ཡོད། |
འཇའ་ཚོན་གཡུ་རལ་ཕུག | སྐྱེམས་སྟོང་། | |
སླེབས་རི་བང་སོ། | སྐྱེམས་སྟོང་། | གནའ་བོའི་བང་སོ་གལ་ཆེན་ཞིག |
དཔལ་ལུང་གྲོང་ཚོའི་མཁར་ཤུལ། | སྐྱེམས་སྟོང་དཔལ་ལུང་གྲོང་། | རྐྱེན་རྒྱལ་པོའི་མཁར་ཡིན་པར་གྲགས། |
སུམ་པ་ཚལ་གྲོང་གི་མཁར་ཤུལ། | སྐྱེམས་སྟོང་སུམ་པ་ཚལ་གྲོང་། | སོག་པོ་འཇུན་གར་གྱི་ཡིན་པར་གྲགས། |
མཐུན་ཚང་གྲོང་ཚོའི་མཁར་ཤུལ། | སྐྱེམས་སྟོང་མཐུན་ཚང་གྲོང་། | ཤུལ་ཙམ་ལས་ལྷག་མེད་པས་ཅི་ཡིན་ཆ་མི་འཚལ། |
མཁལ་མར་གྲོང་གི་མཁར་ཤུལ། | སྐྱེམས་སྟོང་མཁལ་མར་གྲོང་། | ཨ་ཅེ་རྒྱལ་ས་ཕེབས་པའི་ཤོད་རྒྱུན། |
བླ་བཏགས་གྲོང་ཚོའི་མཁར་ཤུལ། | སྐྱེམས་སྟོང་བླ་བཏགས་གྲོང་། | རྐྱེན་པ་ཚེ་དབང་གིས་སྨན་རྡུང་རྡོ་གཤོངས་ཡོད། |
བཙུན་མའི་པ་རྒྱུ་རི་ཁྲོད། |
ས་བཅད་བདུན་པ། དམངས་སྲོལ།
ལེ་ཚན་དང་པོ། སྐྱེམ་སྟོང་འབྲོག་པའི་དུས་སྟོན།
སྐྱེམ་སྟོང་འབྲོག་པའི་དུས་སྟོན་ནི་དེང་གི་ཀོང་པོ་ཉིང་ཁྲི་ས་ཁུལ་སྣང་རྫོང་ཁོངས་སྐྱེམས་སྟོང་འབྲོག་པ་ཚོས་གཏོང་བའི་དམངས་ཁྲོད་ཀྱི་དུས་སྟོན་ཅུང་སྐད་གྲགས་ཅན་ཞིག་རེད། དུས་སྟོན་དེ་བཞིན་ལོ་ལྟར་བོད་ཟླ་དགུ་པའི་ཚེས་ཉེར་གཅིག་ལ་གཏན་འཁེལ་ཉིན་ཤས་གཏོང་སྲོལ་མཆིས། དེའང་ས་གནས་དེ་གའི་ལོ་གསར་དང་སྐབས་བསྟུན་པར་སྣང། སྤྱིར་འབྲོག་པ་ཚོས་དུས་སྟོན་དེ་ཟླ་བ་དགུ་པའི་ནང་སྲུང་བརྩི་བྱེད་དོན་ཡང་། ཟླ་བ་གསུམ་ལྷག་ཙམ་རིང་རི་མགོ་རྩྭ་ཆུ་གང་བཟང་དུ་ཕྱུགས་འཚོ་བར་བསྐྱོད་རྗེས། ཟླ་བ་དགུ་པའི་ནང་མི་མཉམ་འཛོམས་བྱེད་པའི་དགའ་སྟོན་དང་། གཞན་དུས་དེར་ཤ་མར་ཕྱུར་བ་སོགས་འབྲོག་ཁུལ་གྱི་ཐོན་རྫས་འབེལ་བའི་སྐབས་ཡིན་པས་རེད།
དུས་སྟོན་དེར་འབྲོག་དུད་ཐུན་མོང་ཐོག་ཕན་ཚུན་སྲོལ་རྒྱུན་གྱི་ལུས་རྩལ་འགྲན་པ་དང་། དམངས་ཁྲོད་ཀྱི་རིག་རྩལ་བྱེད་སྒོ་སྤེལ་བ་སོགས་བྱེད་པ་མ་ཟད། འབྲོག་པ་ཚོས་གཟབ་མཆོར་གང་རྒྱས་སྤྲས་རྗེས་ཆང་འཐུང་གླུ་གར་འཁྲབ་པ་དང་། རང་རང་གི་བཞོན་གཡག་ལ་བཞོན་ཏེ་སྤོམས་ཉམས་ལྡན་པའི་ངང་འབྲོག་རར་སྐོར་བ་རྒྱག་སྲོལ་མཆིས། དེ་མིན་དུས་སྟོན་དེར་འབྲོག་པ་ཚོས་ཆོས་ཕྱོགས་ནས་ཆར་ཆུ་དུས་སུ་འབབ་པ་དང་། ལོ་ཕྱུགས་ལེགས་པོ་ཡོང་བའི་ཡུལ་ལྷ་མཆོད་གསོལ་ཡང་བྱེད། ཁུལ་དེའི་འབྲོག་པ་ཚོའི་གླུ་གར་སོགས་སྒྱུ་རྩལ་དར་ཁྱབ་ཆེ་ཤོས་ནི། གཡག་རྒྱུག་དང་། རྦད། ཤགས་སོགས་ནང་དོན་རང་ཉིད་ཀྱི་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་དང་། མི་སྣ། གོམས་གཤིས་སོགས་ལ་བསྟོད་པ་ཚིག་ཏུ་བྱས་པ་ཤ་སྟག་ཡིན། གཞན་ཡང་དུས་སྟོན་གྱི་ཉིན་གཉིས་པར་གྲོང་ཚོའི་སྐྱེས་ཕོ་མོ་རྒན་གཞོན་ཚང་མ་ཚང་མཛོམས་ཀྱི་རྒན་གཞོན་ཞུ་གྲལ་དུ་འཁོད་ཅིང་། འབྲོག་དུད་ཕན་ཚུན་ཞོ་དང་། འོ་མ། ཕྱུར་བ་སོགས་བཏེགས་རེས་ཀྱིས་གྲོང་ཚོའི་སྤྱི་དོན་གླེང་བར་བྱེད། དེ་རྗེས་འབྲོག་དུད་ཀྱི་རྒན་པོ་དང་འགོ་པས་འབྲོག་པ་ཚོར་ཁ་བཏགས་བསྒྲོན་ནས་རྟེན་འབྲེལ་ཞུ་བ་དང་། འབྲོག་པ་ཚོས་ཀྱང་ཕྱུར་སྐམ་ཕྲེང་ཤལ་ཁ་བཏགས་ཀྱི་ཚབ་བྱས་ནས་རྟེན་འབྲེལ་ཞུ་མཁན་ཚོར་ཐུགས་རྗེ་ལེགས་འབུལ་འབུལ་སྲོལ་མཆིས།[1]
ལེ་ཚན་གཉིས་པ། ཙ་རི་གནས་སྐོར།
ཙ་རི་གནས་སྐོར་ལ་ཙ་རི་རོང་བསྐོར་དང་། ཙ་རི་གཞུང་བསྐོར། ཙ་རི་སྔ་བསྐོར་བཅས་སྐོར་ལམ་གསུམ་ཡོད། ལོ་འཁོར་བཅུ་གཉིས་ཀྱི་སྤྲེལ་ལོ་ནམ་ཤར་ལ་ཙ་རི་རོང་བསྐོར་(འགྲོ་བའི་མགོན་པོ་ཆོས་རྗེ་གཙང་པ་རྒྱ་རས་ཡེ་ཤེས་རྡོ་རྗེ་ཞབས་ཀྱི་ལུག་ལོ་ནམ་ཤར་ལ་ཙ་རི་རོང་བསྐོར་དུ་འགྲོ་སྲོལ་ཐོག་མར་གསར་གཏོད་གནང་བར་གྲགས་)ཐེངས་གཅིག་འཚུགས་ཀྱི་ཡོད་ཅིང་། སྐབས་དེར་གཞུང་ནས་སྐུ་ཚབ་ཏུ་ཙ་རི་རོང་བསྐོར་གྱི་དོ་དམ་པ་རྩེ་མགྲོན་གཅིག་དང་། རིམ་བཞི་གཅིག་ཕེབས་ཏེ་ཙ་རི་རོང་བསྐོར་གྱི་འགན་ཁུར་སྟངས་འཛིན་གནང་བ་དང་། ༸གོང་ས་མཆོག་གི་སྐུའི་ན་བཟའ་ཆ་ཚང་ཞིག་རྩེ་མགྲོན་གྱི་སྒལ་པར་གདན་ཞུས་ཀྱིས་རོང་བསྐོར་ལ་ཕེབས་སྲོལ་ཡོད།
ཡང་དབུས་ནང་ཁུལ་གྱི་མི་སེར་ནས་ཙ་རི་རོང་བསྐོར་སྐབས་ཀློ་པར་ཀློ་རྫོངས་བརྔན་པ་སྤྲོད་ཡས་ཡིན་ཞེས་ཁྲལ་རིགས་སྣེ་ཁག་མང་པོ་ཞིག་བསྡུ་ལམ་འདུག་ལ། གཞུང་གི་རྩེ་ཤོད་ཕྱག་མཛོད་ཡས་མས་ནས་ཀྱང་ཀློ་པར་ཀློ་རྫོངས་སྤྲོད་རྒྱུའི་དངོས་པོ་རྣམ་གྲངས་མང་པོ་ཞིག་གྲ་སྒྲིག་གནང་དགོས་ཀྱི་ཡོད་པར་གསུངས།[2] ཙ་རི་རོང་སྐོར་བ་རྣམས་ཐོག་མར་དཀྱིལ་སྒར་ཐང་དུ་བཞུགས་པ་དང་། ལམ་བར་དུ་ཀློ་པ་ཐུག་པ་རྣམས་ལ་གཞུང་གི་ལམ་ཡིག་དང་ཡིག་ཆ་འཁྱེར་རྒྱུ་མེད་ཀྱང་། ཁོ་ཚོས་རྒྱུག་པ་ལ་ཉག་ཁ་བཏོན་ནས་དངོས་ནས་ང་ཚོར་དངོས་པོ་འདི་དང་འདི་ཐོབ་ཅེས་བརྗོད་སྐབས། ས་ཁུལ་དེའི་མི་ཁྱིམ་བདུན་པ་ཟེར་བའི་ཡུལ་མི་ཚོས་སྐད་སྒྱུར་དང་བཅས། ཁོ་ཚོར་ཉལ་གཟན་དང་། དྲིལ་བུ། ཏིང་ཤག སྦུབ་ཆལ། གྲི་དཔའ་གཏམ། གཞན་ཡང་བུ་རམ་ཏིང་དཔར་ལ་སོགས་པའི་བཟའ་ཆས་སྣ་ཚོགས་སྤྲོད་དགོས།[3] ཀློ་པ་རྣམས་འདོད་པ་མ་ཁེངས་ཚེ་རོང་བསྐོར་གྱི་ལམ་འགྲོ་ཇི་བཞིན་མི་ཡོང་བའི་བར་ཆད་ཀྱང་གཏོང་གི་ཡོད་འདུག
ལེ་ཚན་གསུམ་པ། རྩེ་ལེ་དགོན་གྱི་གར་འཆམ།
སྐུ་རབ་རྣམ་རྒྱལ་བའི་དམངས་སྲོལ་བྱེད་སྒོ་གཙོ་བོ་ནི་དྭགས་པོ་རྩེ་ལེ་དགོན་ཞེས་སྨིན་གྲོལ་གླིང་གི་དགོན་ལག་དེས། ལོ་རེའི་ཟླ་བ་ལྔ་པའི་ནང་རྩེ་ལེ་ཚེས་བཅུ་ཞེས་ཉིན་བདུན་རིང་གར་འཆམ་གནང་སྲོལ་ཡོད། སྐབས་དེར་སྐུ་རྣམ་ཁུལ་གྱི་ཡུལ་སྡེ་ཁག་གི་མི་མང་འདུ་འཛོམས་ཀྱིས་སྤྲོ་སྐྱིད་གཏོང་བ་དང་། གཞས་དང་ཞབས་བྲོ་སོགས་འཁྲབ་སྟོན་བྱེད་སྲོལ་ཡོད་ཅིང་། དེ་བཞིན་དགའ་ལྡན་རབ་རྒྱས་པའི་སྨན་ལྷའི་དབང་དང་། དྭགས་ལྷ་སྒམ་པོའི་དྭགས་པོ་གཟུངས་དྲུག་སྐབས་སུ་ཡང་གནས་མཇལ་ཆོས་མཇལ་དང་སྦྲགས་སྤྲོ་སྐྱིད་གཏོང་ལམ་མཆིས།[4]
ལུང་ཁུངས་དཔྱད་གཞིའི་ཡིག་ཆ།
[1] གངས་ལྗོངས་རིག་གནས། ཕྱི་ལོ་ ༢༠༠༤།༤ ཤོག ༧།
[2] རྩེ་དྲུང་ཡེ་ཤེས་ཐུབ་བསྟན། མི་ཚེའི་མྱོང་ཚོར་གསལ་བར་བཤད་པ། ངག་རྒྱུན་ལོ་རྒྱུས་དེབ་ཕྲེང་། ༡༥། བོད་ཀྱི་དཔེ་མཛོད་ཁང་། ཕྱི་ལོ་ ༢༠༠༢། ཤོག ༣།
[3] རྩེ་དྲུང་ཡེ་ཤེས་ཐུབ་བསྟན། མི་ཚེའི་མྱོང་ཚོར་གསལ་བར་བཤད་པ། ངག་རྒྱུན་ལོ་རྒྱུས་དེབ་ཕྲེང་། ༡༥། བོད་ཀྱི་དཔེ་མཛོད་ཁང་། ཕྱི་ལོ་ ༢༠༠༢། ཤོག ༦།
[4] དགུང་ལོ་ ༨༢ དྭགས་པོ་ཚུལ་ཁྲིམས་ལགས་སུ་བཅར་འདྲི་ཞུས། རྡ་རམ་ས་ལ། ཕྱི་ལོ་ ༢༠༡༦།༡༢།༡༡ ཉིན།
དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།