༄༅། །དེ་ལྟར་ཤེས་བྱ་སྤྱི་དང་བྱེ་༼མཱ༡༡༠བ༽བྲག་ཟབ་པ་དང་རྒྱ་ཆེ་བའི་གནས་ཇི་ལྟར་ཐོས་པ་དེ་དག་གི་དོན་བསམ་པའི་རྟོག་དཔྱོད་ཀྱིས་རྣམ་པར་ངེས་པར་བྱ་དགོས་པས་གནས་བདུན་པ་བསམ་པའི་རིམ་པར་ཕྱེ་བ་ལ་སྐབས་བཞི། འཇལ་བྱེད་ལྡེའུ་མིག་རྣམ་པར་ངེས་པ། འཁོར་ལོ་གསུམ་གྱི་དྲང་ངེས་དང་བདེན་གཉིས་རྟེན་འབྲེལ་རྣམ་པར་ངེས་པ། གཙོ་བོ་ལྟ་བ་རྣམ་པར་ངེས་པ། བློ་ལྡོག་རྣམ་བཞི་རྣམ་པར་ངེས་པའོ། །དང་པོ་ལ་གཉིས། སྤྱིར་བསམ་བྱུང་གི་ཤེས་རབ་སྐྱེད་ཚུལ། བྱེ་བྲག་འཇལ་བྱེད་ཀྱི་ལྡེའུ་མིག་བཤད་པའོ། །དང་པོ་ནི།
ཐོས་དོན་བསམ་པས་རྣམ་པར་ངེས་བྱ་སྟེ། །དེ་ཡང་རྟོག་དཔྱོད་ཡིད་ཀྱིས་བརྗོད་པས་སོ། །
དེ་ལྟར་ཐོས་པའི་དོན་ཉིད་བསམ་བྱུང་གི་ཤེས་རབ་ཀྱིས་རྣམ་པར་ངེས་པ་བྱ་དགོས་ཏེ། གནས་སྐབས་སུ་ཐ་སྙད་ཀྱི་ཚིག་དོན་རྣམས་ལའང་ལེགས་པར་བསམ་ཞིང་བརྟག་དཔྱད་ཞིབ་མོས་ཐེ་ཚོམ་གྱི་སྒྲོ་འདོགས་བཅད་དེ། ལན་ཅིག་ཐོས་པའི་སྐབས་སུ་དོན་རགས་པར་གོ་བ་ལྟར་སྣང་ཡང་ཇི་བཞིན་གཏན་ལ་ཕེབ་པའི་ངེས་པ་མེད་པས། ཚིག་དོན་རེ་རེའི་སྟེང་དུའང་ལུང་རིགས་དུ་མ་སྤུངས་ནས་དཔྱད་པས་གདོང་ངེས་པའི་ཤེས་པ་ཡང་དག་པར་སྐྱེ་བར་འགྱུར་རོ། །བསམ་པའི་ཚུལ་ཇི་ལྟར་ན་རགས་པར་རྟོགས་པ་དང་ཞིབ་མོར་དཔྱོད་པ་སྟེ་གཉིས་ཀ་ཡིད་ཀྱི་བརྗོད་པ་ཞེས་བྱ་ལ། དེ་དག་གིས་ཤེས་བྱའི་གནས་འཇལ་བའོ། །
སེམས་པ་དང་འགྲོགས་འཇིག་རྟེན་རྟོག་པ་སྟེ། །ཤེས་རབ་དང་འགྲོགས་འཇིག་རྟེན་འདས་པའོ། །༼མཱ༡༡༡ན༽
དཔྱོད་པ་ཞིབ་མོར་སོ་སོར་རྟོག་པའི་སེམས། །
དེ་ལ་དང་པོ་ཀུན་ཏུ་ཚོར་བའི་ཡིད་ཀྱི་བརྗོད་པ་ཞེས་བྱ་བ་རྟོག་པ་ནི། ཤེས་བྱའི་གནས་ལ་སེམས་པ་དང་ཤེས་རབ་ཀྱི་བྱེ་བྲག་གང་ཞིག །བུམ་པའོ། །སྣམ་བུའོ་ཞེས་འོལ་སྤྱི་ཙམ་དུ་ཤེས་པའི་སེམས་རྩིང་བ་སྟེ། དེ་ལ་དབྱེ་ན། རྣམ་པར་རྟོག་པའམ་སེམས་ཙམ་དང་འགྲོགས་པ་འཇིག་རྟེན་པའི་རྟོག་པ་དང༌། གནས་ལུགས་དོན་ལ་བློ་གྲོས་ཞུགས་པའི་ཤེས་རབ་དང་འགྲོགས་པ་འཇིག་རྟེན་ལས་འདས་པའི་རྟོག་པ་གཉིས་སོ། །གཉིས་པ་སོ་སོར་རྟོག་པའི་ཡིད་ཀྱི་བརྗོད་པ་ཞེས་བྱ་བ་དཔྱོད་པ་ནི། ཤེས་བྱའི་གནས་ལ་སེམས་པ་དང་ཤེས་རབ་ཀྱི་བྱེ་བྲག་གང་ཞིག །བུམ་པ་བཟང་པོའོ། །བུམ་པ་ངན་པའོ། སྣམ་བུའི་ཁ་དོག་བཟང་ངོ༌། །ངན་ནོ་སོགས་ཚུལ་ཇི་བཞིན་པར་ཞིབ་མོར་སོ་སོར་རྟོག་ཅིང་གཏན་ལ་ཕེབ་པའི་སེམས་ཞིབ་པ་སྟེ། དབྱེ་བ་སྔ་མ་དང་མཚུངས་སོ། །དེ་ལྟར་ན་བསམ་བྱུང་གི་ཤེས་རབ་ནི་ཐོས་པའི་གནས་ལ་རྟོག་དཔྱོད་ཀྱིས་བསྐྱེད་པ་ཡིན་ནོ། །
གཉིས་པ་བྱེ་བྲག་འཇལ་བྱེད་ལྡེའུ་མིག་བཤད་པ་ལ་གཉིས། མཚམས་སྦྱོར་གྱི་ཚུལ་གྱིས་རྣམ་གྲངས་མདོར་བསྟན། དེའི་དོན་རྒྱས་པར་བཤད་པའོ། །དང་པོ་ནི།
དེ་ལ་འཇལ་བྱེད་གཅེས་པའི་ལྡེའུ་མིག་དང༌། །གཞལ་བྱའི་དམ་ཆོས་རིན་ཆེན་མཛོད་ཁང་གཉིས། །
འཇལ་བྱེད་ཐུན་མོང་དྲང་ངེས་དགོངས་ལྡེམ་དགོངས། །རྟོན་དང་རིགས་པ་བཞི་རྣམས་༼མཱ༡༡༡བ༽གཙོ་བོར་གྱུར། །
དེ་ལ་བསམ་པ་བྱ་བའི་ཚུལ་མདོར་བསྡུ་ན། གང་གིས་འཇལ་བྱེད་གཅེས་པའི་ལྡེའུ་མིག་ལྟ་བུ་དང༌། གང་ཞིག་གཞལ་བར་བྱ་བ་དམ་ཆོས་རིན་པོ་ཆེའི་མཛོད་ཁང་ལྟ་བུ་གཉིས་སུ་ངེས་པ་ལས། དང་པོ་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་སུ་ཡོད་པའི། འཇལ་བྱེད་ཐུན་མོང་བ་ནི་དྲང་ངེས་དང་དགོངས་ལྡེམ་དགོངས་བཞི་དང༌། རྟོན་པ་བཞི་དང༌། རིགས་པ་བཞི་རྣམས་གཙོ་བོར་གྱུར་པ་ཡིན་ནོ། །
གཉིས་པར་རྒྱས་པར་བཤད་པ་ལ་གཉིས། ཐུན་མོང་དང༌། ཐུན་མོང་མ་ཡིན་པའོ། །དང་པོ་ལ་བཞི། དྲང་ངེས་གཉིས། དགོངས་ལྡེམ་དགོངས་བཞི། རྟོན་པ་བཞི། རིགས་པ་བཞི་བཤད་པའོ། །དང་པོ་ནི།
ཆོས་ཅན་གང་ཟག་སེམས་ཅན་སྐྱེ་འགག་དང༌། །ཕུང་ཁམས་ལ་སོགས་གཤིས་ལ་འཇུག་པའི་ཐབས། །
རྗོད་བྱེད་དང་བཅས་ཀུན་རྫོབ་དྲང་བའི་དོན། །
དེ་ལ་ཆོས་ཅན་སྣང་ཚོད་ཐུན་མོང་དུ་གྲགས་པ་གཙོར་བྱས་པ། གང་ཟག་དང་སེམས་ཅན་དང༌། ཕུང་ཁམས་སྐྱེ་མཆེད་ལ་སོགས་པ་དང༌། དེ་དག་གི་སྐྱེ་འགག་འགྲོ་འོང་ལ་སོགས་པ་གཤིས་ལ་འཇུག་པའི་ཐབས་སུ་སྨྲ་བསམ་བརྗོད་པའི་རིམ་པས་གཞལ་ཞིང་སྒྲོ་བཏགས་ནས་བསྟན་པ་དང༌། དེ་རྗོད་བྱེད་ཀྱི་གསུང་རབ་དགོངས་འགྲེལ་དང་བཅས་པའང་ཀུན་རྫོབ་དྲང་བའི་དོན་ཅེས་བྱ་སྟེ། འཕགས་པ་ཏིང་ངེ་འཛིན་རྒྱལ་པོ་ལས། སྟོན་པ་བདེ་བར་གཤེགས་པས་གསུངས་པ་ལྟར། །ངེས་དོན་མདོ་སྟེ་དག་གི་བྱེ་བྲག་ཤེས། །གང་ལ་༼མཱ༡༡༢ན༽སེམས་ཅན་གང་ཟག་སྐྱེས་བུ་བསྟན། །ཆོས་དེ་ཐམས་ཅད་དྲང་བའི་དོན་དུ་ཤེས། །ཞེས་པ་དང༌། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས། ངེས་པའི་དོན་གྱི་མདོ་སྡེ་ནི་གང༌། དྲང་བའི་དོན་གྱི་མདོ་སྡེ་ནི་གང་ཞེ་ན། མདོ་སྡེ་གང་དག་ལམ་ལ་འཇུག་པའི་ཕྱིར་བསྟན་པ་དེ་དག་ནི་དྲང་བའི་དོན་ཅེས་བྱའོ། །ཞེས་དང༌། མདོ་སྡེ་གང་དག་བདག་དང༌། སེམས་ཅན་དང༌། སྲོག་དང༌། སྐྱེས་བུ་དང༌། གང་ཟག་དང༌། ཤེས་ལས་སྐྱེས་པ་དང༌། ཤེད་བདག་དང༌། བྱེད་པ་པོ་དང༌། ཚོར་བ་པོ་དང༌། སྒྲ་རྣམ་པ་སྣ་ཚོགས་སུ་བཤད་པ་དང༌། བདག་པོ་མེད་པ་ལ་བདག་པོ་དང་བཅས་པར་བསྟན་པ་དེ་དག་ནི་དྲང་བའི་དོན་ཅེས་བྱའོ། །ཞེས་དང༌། དབུ་མ་བསམ་གྱིས་མི་ཁྱབ་པར་བསྟོད་པ་ལས། གང་ལ་སྐྱེ་དང་འགག་ལ་སོགས། །སེམས་ཅན་སྲོག་ལ་སོགས་བསྟན་པ། །དེ་ནི་དྲང་དོན་དེ་ཀུན་རྫོབ། །ཅེས་གསུངས་སོ། །
ཆོས་ཉིད་སྤྲོས་བྲལ་རྣམ་པར་དག་པའི་སྒོ། །དངོས་པོའི་གནས་ལུགས་སྟོན་རྣམས་ངེས་དོན་ནོ། །
ཆོས་དེ་གསུངས་པའི་དགོས་པ་བསྟན་པ་རྣམས། །དྲང་དོན་འདོད་པར་མཆིས་མོད་ངེས་པ་མེད། །
ཆོས་ཐམས་ཅད་ཀྱི་ཆོས་ཉིད་སྐྱེ་འགག་སོགས་སྤྲོས་པ་དང་བྲལ་བའི་དོན་ཟབ་མོ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་སྟེ་རྣམ་པར་ཐར་པའི་སྒོ་གསུམ་མམ། མངོན་པར་འདུ་མི་བྱེད་པ་དང་བཅས་པའི་སྒོ་བཞིས་བསྡུས་པ་ཐམས་ཅད་དང༌། དངོས་པོ་གཤིས་ཀྱི་གནས་ལུགས་རང་བཞིན་གྱིས་འོད་གསལ་ཞིང་སྨྲ་བསམ་བརྗོད་པ་ཐམས་༼མཱ༡༡༢བ༽ཅད་ལས་འདས་པའི་དོན་སྟོན་པ་རྣམས་དང༌། དེ་སྟོན་བྱེད་གསུང་རབ་དགོངས་འགྲེལ་དང་བཅས་པའང་དོན་དམ་པ་དང་ངེས་པའི་དོན་ཅེས་བྱ་སྟེ། བློ་གྲོས་མི་ཟད་པས་ཞུས་པ་ལས། མདོ་སྡེ་གང་དག་འབྲས་བུ་ལ་འཇུག་པའི་ཕྱིར་བསྟན་པ་དེ་དག་ནི་ངེས་པའི་དོན་ཅེས་བྱའོ། །ཞེས་དང༌། མདོ་སྡེ་གང་དག་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་འདུ་མི་བྱེད་པ་དང༌། མ་སྐྱེས་པ་དང༌། མ་བྱུང་བ་དང༌། དངོས་པོ་མེད་པ་དང༌། བདག་མེད་པ་དང༌། སེམས་ཅན་མེད་པ་དང༌། སྲོག་མེད་པ་དང༌། གང་ཟག་མེད་པ་དང༌། བདག་པོ་མེད་པ་དང༌། རྣམ་པར་ཐར་པའི་སྒོ་ཡི་བར་དུ་མེད་པར་བསྟན་པ་དེ་དག་ནི་ངེས་པའི་དོན་ཅེས་བྱའོ། །ཞེས་སོགས་དང༌། བསམ་གྱིས་མི་ཁྱབ་པར་བསྟོད་པ་ལས། ཆོས་རྣམས་ཀྱི་ནི་སྟོང་པ་ཉིད། །ངེས་པའི་དོན་ཏོ་ཞེས་ཀྱང་བསྟན། །ཅེས་སོ། །ཁ་ཅིག་གིས། རྒྱུད་བླ་མར། སེམས་ཞུམ་སེམས་ཅན་དམན་ལ་བརྙས་པ་དང༌། །ཡང་དག་མིན་འཛིན་ཡང་དག་ཆོས་ལ་སྐུར། །བདག་ལ་ལྷག་པའི་སྐྱོན་ལྔ་དེ་དག་ལ། །ཡོད་པ་དེ་དག་དེ་སྤོང་དོན་དུ་གསུངས། །ཞེས་པ་ལྟ་བུ་ཆོས་དེ་ཉིད་གསུངས་པའི་དགོས་པ་བསྟན་པ་རྣམས་ནི་དྲང་དོན་ཡིན་ཅེས་འདོད་པར་མཆིས་མོད། དེ་ལ་ནི་ངེས་པ་མེད་དེ་ཆོས་ཐམས་ཅད་གདུལ་བྱ་འདུལ་བའི་དགོས་པ་འབའ་ཞིག་དང་ལྡན་པས་ཐམས་ཅད་ཀྱང་དྲང་དོན་དུ་ཐལ་བར་འགྱུར་བ་དང༌། རང་ཉིད་ཀྱིས་ངེས་དོན་དུ་འདོད་པ་རྣམས་ལའང་གསུངས་པའི་དགོས་པ་བསྟན་པ་ནི་ཡོད་པས་སོ། །སྤྱིར་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས། མདོ་སྡེ་གང་དག་འབྲས་བུ་ལ་འཇུག་པ་དང༌། དོན་དམ་པ་དང༌། རྣམ་བྱང་ཡོངས་དག་དང༌། ལས་དང་ཉོན་མོངས་ཟད་པ། འཁོར་འདས་གཉིས་མེད་དང༌། ཟབ་མོ་མཐོང་བ་ཁོང་དུ་ཆུད་པར་དཀའ་བ་དང༌། སེམས་ངེས་པར་སེམས་པར་བྱེད་པ་སྟེ་བདུན་དང༌། ༼མཱ༡༡༣ན༽བརྒྱད་པ་རྣམ་ཐར་སྒོ་གསུམ་དང༌། འདུ་མི་བྱེད་པ་དང༌། མ་སྐྱེས་པ་དང༌། མ་བྱུང་བ་དང༌། དངོས་པོ་མེད་པ་དང༌། བདག་མེད་པར་བསྟན་པ་སོགས་ངེས་དོན་ལ། དེ་ལས་ཟློག་པ་དྲང་དོན་དུ་བཟུང་བར་གསུངས་ཤིང༌། བརྒྱད་པ་འདི་དང་མཐུན་པར་ཏིང་འཛིན་རྒྱལ་པོའི་མདོ་ལས་ཀྱང་གསུངས་སོ། །དྲང་ངེས་འབྱེད་ཚུལ་འདི་ཇི་ལྟ་བར་རྒྱུད་སྡེ་ལའང་ཤེས་པར་བྱ་སྟེ། གསང་བདག་ཕྱག་ན་རྡོ་རྗེས། དྲང་བའི་དོན་གྱིས་ལས་ཀྱི་ཕྱག་རྒྱ་བྷ་ག་ལ་བརྗོད་དོ། །ངེས་པའི་དོན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དོ། །ཞེས་དང༌། འཇིག་རྟེན་པའི་ཀུན་རྫོབ་ཏུ་མཁའ་འགྲོ་མའི་འཁོར་ལོ་སྡོམ་པའོ། །ངེས་པའི་དོན་གྱིས། མཁའ་འགྲོ་མ་ཡི་འཁོར་ལོ་སྡོམ། །ཞེས་མཁའ་འགྲོ་མ་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་པོ་རྣམས་སོ། །དེ་རྣམས་ཀྱི་ཚོགས་པ་ནི་འཁོར་ལོ་སྟེ། ཆོས་ཀྱི་སྐུའི་མཚན་ཉིད་ཀྱི་སྟོང་པ་ཉིད་ཀྱི་བདག་ཉིད་ཅན་ནོ། །ཞེས་སོགས་གསུངས་ཏེ་འདིའི་ཚུལ་འོག་ནས་འབྱུང་ངོ༌། །
གཉིས་པ་དགོངས་ལྡེམ་དགོངས་བཞི་བཤད་པ་ལ་གསུམ། དགོངས་པ་བཞི། ལྡེམ་དགོངས་བཞི། གཉིས་ཀྱི་ཁྱད་པར་བཤད་པའོ། །དང་པོ་ནི།
ཚིག་དོན་ཐ་དད་སྦྱོར་ཚུལ་འགལ་མེད་སྟོན། །ཐབས་དེས་དེར་ལྟོས་གདུལ་བྱ་འདུལ་བའི་ཕྱིར། །
དགོངས་གཞི་དགོས་པ་དངོས་ལ་གནོད་བྱེད་ཅན། །མཉམ་པ་ཉིད་དང་དོན་དང་དུས་གཞན་དང༌། །
གང་ཟག་བསམ་པར་དགོངས་པ་རྣམ་པ་བཞི། །
ཚིག་དང་དོན་གྱི་གོ་བ་དངོས་སུ་བཤད་པ་དེ་ལས་ཐ་དད་གཞན་བླང་དུ་ཡོད་ཅིང༌། དངོས་བསྟན་དང་སྦས་དོན་དེ་གཉིས་ཚིག་གི་སྦྱོར་བའི་ཚུལ་གཅིག་གིས་འགལ་བ་མེད་པར་སྟོན་པ་དངོས་བསྟན་གྱི་ཐབས་དེས་ཀྱང་དེ་ལ་ལྟོས་པའི་གདུལ་བྱ་མང་པོ་འདུལ་བའི་ཕྱིར་དུ། དགོངས་གཞི་དོན་གཞན། དགོས་པ་ཚུལ་དེས་གདུལ་བྱ་འདུལ་བ། ༼མཱ༡༡༣བ༽དངོས་བསྟན་ཙམ་དེ་ཇི་བཞིན་མ་ཡིན་པའི་ལུང་རིགས་ཀྱི་གནོད་བྱེད་ཅན། མཚན་ཉིད་གསུམ་ལྡན་དེ་ནི་དགོངས་པ་ཅན་ཅེས་བྱ་སྟེ། དེ་ལ་བཞི། མཉམ་པ་ཉིད་ལ་དགོངས་པ་ནི། ཆོས་སྐུ་མཉམ་པ་ལ་དགོངས་ནས་ང་དེའི་ཚེ་དེ་བཞིན་གཤེགས་པ་རྣམ་པར་གཟིགས་སུ་གྱུར་ཏོ་ཞེས་པ་ལྟ་བུའོ། །དོན་གཞན་ལ་དགོངས་པ་ནི། ངོ་བོ་ཉིད་མེད་པ་གསུམ་ལ་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་དོ་ཞེས་གསུངས་པ་ལྟ་བུའོ། །དེའང་ཀུན་བརྟགས་ལ་མཚན་ཉིད་ངོ་བོ་ཉིད་མེད་དེ་དོན་དུ་ངེས་པར་མ་གྲུབ་པའི་ཕྱིར་རོ། །གཞན་དབང་ལ་སྐྱེ་བ་ངོ་བོ་ཉིད་མེད་དེ་མུ་བཞི་ལས་སྐྱེ་བ་མ་གྲུབ་པའི་ཕྱིར་རོ། །རང་ལས་སྐྱེ་བ་མེད་དེ་སྐྱེས་པ་དང་སྐྱེ་བ་སྐད་ཅིག་མ་རྫས་འགལ་བའི་ཕྱིར་རོ། །གཞན་ལས་སྐྱེ་བ་མེད་དེ། གཞན་རང་མཚན་པ་དཔྱད་ན་མ་གྲུབ་པའི་ཕྱིར་རོ། །གཉིས་ཀ་ལས་སྐྱེ་བ་རྫས་འགལ་བས་མ་གྲུབ་ལ། རྒྱུ་མེད་པས་སྐྱེ་བ་མི་སྲིད་པའི་ཕྱིར་རོ། །ཇི་ལྟར་སྣང་ཚོད་པའི་སྐྱེ་སོགས་ཙམ་ནི་རྨི་ལམ་སྒྱུ་མ་ཙམ་དུ་རྟེན་འབྲེལ་ཡིན་པའི་ཕྱིར་མེད་བཞིན་དུ་སྣང་བ་སྟེ། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། འཇམ་དཔལ། རྨི་ལམ་ནི་སྣང་ལ་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་སྣང་ལ་ཡོད་པ་མ་ཡིན་ནོ། །ཞེས་པ་ནས། སྒྱུ་མ་དང༌། སྨིག་རྒྱུ་དང༌། དྲི་ཟའི་གྲོང་ཁྱེར་དང༌། ཆུ་ཟླ་དང༌། གཟུགས་བརྙན་དང༌། སྤྲུལ་པའི་བར་དུ་གསུངས་སོ། །ཡོངས་གྲུབ་ལ་དོན་དམ་པའི་ངོ་བོ་ཉིད་མེད་དེ། དོན་དམ་པ་ཡིན་ཞིང་བདག་ཉིད་ལ་དག་པ་དང་མ་དག་པ་ལ་སོགས་པ་སྤྲོས་པའི་ངོ་བོ་མེད་པའི་ཕྱིར་རོ། །དེ་སྐད་དུ། མདོ་སྡེ་དགོངས་པ་ངེས་པར་འགྲེལ་བ་ལས། མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་དང༌། སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དང༌། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ལ་དགོངས་ནས་ངས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའོ་ཞེས་བསྟན་ཏོ་ཞེས་སོ། །དུས་གཞན་ལ་དགོངས་པ་ནི་དེ༼མཱ༡༡༤ན༽བཞིན་གཤེགས་པ་དྲི་མེད་ཟླ་འོད་ཀྱི་མཚན་གཟུང་བ་ཙམ་གྱིས་སངས་རྒྱས་འཐོབ་བོ་ཞེས་པ་ལྟ་བུའོ། །དེའང་དེ་གཅིག་པུས་མི་ཐོབ་ཀྱང༌། དེ་སྔོན་དུ་སོང་བའི་ཚོགས་མང་དུ་བསགས་པས་ནམ་ཞིག་ན་འཚང་རྒྱ་བ་ཡིན་ནོ། །གང་ཟག་གི་བསམ་པ་ལ་དགོངས་པ་ནི་ཁ་ཅིག་ཚུལ་ཁྲིམས་མཆོག་འཛིན་གྱི་ལྟ་བར་ཞེན་པ་རྣམས་ལ། ཚུལ་ཁྲིམས་ལ་སྨད་ནས་སྦྱིན་པ་ལ་བསྟོད་པ་ལྟ་བུའོ། །
གཉིས་པ་ལྡེམ་དགོངས་བཞི་ནི།
ངེས་མེད་དྲང་རུང་གཞན་དག་དཀྲི་བའི་ཐབས། །ཉན་ཐོས་ངོ་བོ་ཉིད་གསུམ་ཉེས་པ་འདུལ། །
བརྗོད་པ་ཟབ་ཕྱིར་གཞུག་དང་མཚན་ཉིད་དང༌། །གཉེན་པོར་བསྒྱུར་བ་ལྡེམ་པོར་དགོངས་པ་བཞི། །
རྗོད་བྱེད་ཀྱི་ཚིག་དེའང་ངེས་པ་མ་ཡིན་ཀྱང་དྲང་དུ་རུང་བ་ཙམ་ལ་དགོངས་ནས་གདུལ་བྱ་དཀྲི་བའི་ཐབས་སུ་མིང་ངམ་ཆ་ཅུང་ཟད་ཡོད་པ་ལ་བརྟེན་ནས་གསུངས་པ་ནི་ལྡེམ་པོར་དགོངས་པ་ཞེས་བྱ་སྟེ། དེའང་ཉན་ཐོས་ཀྱི་རིགས་ཅན་དང༌། ངོ་བོ་ཉིད་གསུམ་དང༌། ཉེས་པ་འདུལ་བ་དང༌། བརྗོད་པ་ཟབ་པའི་ཕྱིར་རིམ་བཞིན་གཞུག་ལྡེམ་སོགས་བཞི་སྟེ། དང་པོ་གཞུག་པ་ལ་ལྡེམ་པོར་དགོངས་པ་ནི། ཉན་ཐོས་ཀྱི་རིགས་ཅན་ཁ་ཅིག་སྟོང་པས་སྐྲག་ནས་ཐེག་ཆེན་དུ་མི་འཇུག་པ་དག་གཞུག་པའི་དོན་དུ། གཟུགས་ཡོད་དོ་ཞེས་སྨོས་པས། ཉན་པ་པོས་དོན་ལ་གྲུབ་པར་གོ་ནས་འཇུག་ལ། འཆད་པ་པོས་སྣང་ཚོད་ལ་རྨི་ལམ་ལྟར་ཡོད་པ་ལ་དགོངས་པ་ཡིན་ནོ། །མཚན་ཉིད་ལ་ལྡེམ་པོར་དགོངས་པ་ནི། ངོ་བོ་ཉིད་མེད་པའི་གནས་ལུགས་ཤེས་པར་བྱ་བའི་དོན་དུ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་ཅེས། མེད་པར་འདོད་པ་ལ་ཀུན་བརྟགས་ལ་དགོངས་ནས་མེད་ཅེས་དང༌། ཡོད་པར་འདོད་པ་ལ་ཡོངས་གྲུབ་ལ་དགོངས་ནས་ཡོད་ཅེས་གསུངས་པ་ལྟ་བུའོ། །གཉེན་པོ་ལྡེམ་པོར་དགོངས་པ་ནི། ཁ་ཅིག་ཤཱཀྱ་ཐུབ་པ་སྐུ་བོང་ཆུང་ཞིང་སྐུ་ཚེ་ཐུང་བ་ལ་སོགས་པས་སྟོན་པ་གཞན་ལས་དམན་༼མཱ༡༡༤བ༽པ་ཞིག་གོ་སྙམ་པ་ལ་དགོངས་ཏེ། ང་དེའི་ཚེ་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དུ་གྱུར་ཏོ་ཞེས་པ་ལྟ་བུའོ། །ཉན་པ་པོས་གཟུགས་སྐུར་མཉམ་པར་གོ་ཞིང༌། འཆད་པ་པོས་ཚོགས་རྫོགས་པར་མཉམ། ཆོས་སྐུ་ཐོབ་པར་མཉམ། འགྲོ་དོན་མཛད་པ་མཉམ་པ་གསུམ་ལ་དགོངས་སོ། །མཛོད་ལས། སངས་རྒྱས་ཐམས་ཅད་ཚོགས་དང་ནི། །ཆོས་སྐུ་འགྲོ་བའི་དོན་སྤྱོད་པ། །མཉམ་པ་ཉིད་དེ་སྐུ་ཚེ་དང༌། །རིགས་དང་སྐུ་བོང་ཚད་ཀྱིས་མིན། །ཞེས་པ་ལྟར་རོ། །བསྒྱུར་བ་ལྡེམ་པོར་དགོངས་པ་ནི། ཆོས་འདི་གོ་སླ་བའི་ཕྱིར་གཞན་ལས་དམན་པ་ཞིག་གོ་སྙམ་པའི་ཉེས་པ་ཞི་བའི་ཕྱིར་ཤིན་ཏུ་རྟོགས་དཀའ་བར་བསྟན་པ་རྣམས་ཏེ། དཔེར་ན། ཆེད་དུ་བརྗོད་པའི་ཚོམ་ལས། ཕ་དང་མ་ནི་བསད་བྱ་ཞིང༌། །རྒྱལ་པོ་གཙང་སྦྲ་ཅན་གཉིས་དང༌། །ཡུལ་འཁོར་སྐོར་བཅས་བཅོམ་པ་ན། །མི་དེ་དག་པ་ཉིད་དུ་འགྱུར། །ཞེས་པ་ལྟ་བུའོ། །དེའང་འཁོར་བར་འདུ་བྱེད་པས་སྲེད་པ་དང་ལེན་པ་གཉིས་ནི་ཕ་མའོ། །ཀུན་གཞི་ནི་བག་ཆགས་སྣ་ཚོགས་པའི་རྟེན་ནམ་གཞིར་གྱུར་པས་རྒྱལ་པོའོ། །བྲམ་ཟེ་འཇིགས་ཚོགས་ལ་ལྟ་བ་དང༌། དགེ་སྦྱོང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་གྱི་ལྟ་བ་སྟེ་གཙང་སྦྲ་ཅན་གཉིས་སོ། །ནང་གི་སྐྱེ་མཆེད་གཟུང་འཛིན་དང་བཅས་པ་རྣམ་ཤེས་ཚོགས་བརྒྱད་ནི་ཡུལ་འཁོར་གྱི་སྐོར་དང་བཅས་པའོ། །དེ་དག་བཅོམ་པ་སྟེ་དག་པ་ན་འཚང་རྒྱ་བ་ཡིན་ནོ། །ཞེས་སོ། །
གསུམ་པ་དེ་གཉིས་ཀྱི་ཁྱད་པར་ནི།
དགོངས་པ་ཡིད་ལ་བཞག་ཙམ་ཕ་རོལ་པོ། །གཟུང་ལ་མི་ལྟོས་ལྡེམ་དགོངས་ལྟོས་པར་བཤད། །
དགོངས་པ་དང་ལྡེམ་དགོངས་གཉིས་ངོ་བོ་གཅིག་ལ་བྱེ་བྲག་ཐ་དད་པའང་ཡོད་ཅིང་སྐབས་རེར་མཚུངས་པ་ཡོད་ལ། བྱེ་བྲག་དབྱེ་ན། ཐེག་བསྡུས་ཀྱི་འགྲེལ་པ་བཤད་སྦྱར་ལས། དགོངས་པ་ནི་ཡིད་ལ་རྣམ་པར་བཞག་པ་ཙམ་༼མཱ༡༡༥ན༽ཡིན་གྱི་ཕ་རོལ་གཟུང་བ་ལ་ལྟོས་པ་ནི་ཁས་མི་ལེན་ཏོ། །ལྡེམ་པོར་དགོངས་པ་ནི་ཕ་རོལ་གཟུང་བ་ལ་ལྟོས་པའོ། །ཞེས་བཤད་དོ། །དེའང་ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་ཞལ་ནས། འགའ་ཞིག་ལ་ལྟོས་ནས་དེའི་ཆ་ལྡན་དུ་བཤད་པ་ནི་ཕ་རོལ་གཟུང་བའམ་གཟུང་བ་ལ་མ་ལྟོས་ཀྱང་དགོངས་པ་ཡིན་ལ། དེ་ཉིད་གཞན་གྱིས་དྲིས་པ་ལ་སོགས་པའི་ཚེ་དོན་མཐའ་དག་མ་རྫོགས་བར་ད་དུང་དགོངས་གཞི་ལ་ལུས་པའི་ཕྱིར་དགོངས་པ་ཞེས་སོ། །གཞན་ལ་ཕན་གདགས་པའི་ཕྱིར་ཟུར་ཅུང་ཟད་ལ་བརྟེན་ནས་ཁོ་ཡི་སྣང་བ་དང་མཐུན་པར་སྟོན་པ་ནི་ལྡེམ་དགོངས་ཞེས་བྱ་སྟེ། སྨྲ་བ་པོས་ཀྱང་སྨྲས། ཕ་རོལ་པོས་ཀྱང་དེ་གོ་ནས་ཞུགས་པས་དེ་གཟོད་དོན་གཞན་རྫོགས་པར་གོ་བའི་རྟེན་བྱེད་ཅིང༌། བརྫུན་དུའང་མ་གྱུར་ཙམ་དུ་གནས་པའི་ཕྱིར་རོ། །ཞེས་གསུངས་སོ། །གསུམ་པ་རྟོན་པ་བཞི་བཤད་པ་ནི། དེའང་རྟོན་པ་ཞེས་བྱ་བ་ནི་ཡུལ་དེ་ལ་ཡིད་ཆེས་ཤིང་བློ་གཏོད་པར་བྱེད་པའི་དོན་ཏེ། དེའང་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། དགེ་སློང་རྣམས་ནི་ཆོས་རྣམ་པར་བཞི་པོ་ལ་གནས་པར་བགྱིའོ། །བཞི་གང་ཞེ་ན། ཆོས་ལ་གནས་ཀྱི་གང་ཟག་ལ་མི་གནས་པ་དང༌། དོན་ལ་གནས་ཀྱི་ཚིག་ལ་མི་གནས་པ་དང༌། ཡེ་ཤེས་ལ་གནས་ཀྱི་རྣམ་ཤེས་ལ་མི་གནས་པ་དང༌། ངེས་པའི་དོན་ལ་གནས་ཀྱི་དཀྲི་བའི་དོན་ལ་མི་གནས་པ་སྟེ། ཆོས་རྣམ་པ་བཞི་པོ་འདི་ནི་རྟོགས་པར་བགྱི་བ་ལགས་ཀྱི་སྐྱེས་བུ་རྣམ་པ་བཞི་ནི་མ་ལགས་སོ། །ཞེས་སོགས་དང༌། དེའི་དོན་ཤིན་ཏུ་རྒྱས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས་འབྱུང་སྟེ། དེ་ལ་རྣམ་གྲངས་བཞིར་གསུངས་པའི་དང་པོ་ནི།
ཀུན་མཁྱེན་ཡེ་ཤེས་མངོན་བྱེད་དོན་ལ་རྟོན། །ཐ་སྙད་སྒྲ་ཚིག་ཡི་གེ་ལ་མི་རྟོན། །
སྤྱིར་འཇིག་རྟེན་ལས་འདས་པའི་ཚུལ་བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་སྟོན་པ་དང༌། ཁྱད་པར་འཁོར་གསུམ་རྣམ་༼མཱ༡༡༥བ༽པར་མི་རྟོག་པའི་ལས་དང་འབྲས་བུར་བཅས་པ། མདོར་ན་རྣམ་པ་ཀུན་མཁྱེན་པའི་ཡེ་ཤེས་མངོན་དུ་བྱེད་པའི་ཐབས་ཀྱི་ཚུལ་ཐུན་མོང་མ་ཡིན་པ་རྣམས་ནི་དོན་ཏེ། དེ་ལ་རྟོན་པར་བྱ་ཡི། འཇིག་རྟེན་པའི་བརྡ་དང་ཐ་སྙད་ཐུན་མོང་རིག་པའི་གནས་ལ་སོགས་པ་དང༌། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གི་བར་དུའང་སྒྲ་ཚིག་དང་ཡི་གེ་ཙམ་གྱི་རྗེས་སུ་འབྲང་བ་ནི་དོན་ཆུང་ངུ་ཡིན་པས་དེ་ལ་རྟེན་པར་མི་བྱའོ། །
གཉིས་པ་ནི།
ཕྱིན་ཅི་མ་ལོག་ལྟ་སྤྱོད་ཆོས་ལ་རྟོན། །རིགས་རུས་གྲགས་འབྱོར་གང་ཟག་ལ་མི་རྟོན། །
རྣམ་པར་བྱང་བ་དང༌། ཀུན་ནས་ཉོན་མོངས་པའི་ཆོས་རྒྱུ་དང་འབྲས་བུའི་ཚུལ་ལ་ཕྱིན་ཅི་མ་ལོག་པའི་ལྟ་སྤྱོད་དང་ལྡན་པ་དང༌། ཁྱད་པར་ཐེག་པ་ཆེན་པོ་དབུ་མའི་ཚུལ་ལེགས་པར་ཁོང་དུ་ཆུད་ནས་གཞན་ལ་སྟོན་ནུས་པའི་གང་ཟག་ཆོས་ཀྱི་གཞུང་ལུགས་དང་མི་འགལ་བ་ལ་རྟོན་པར་བྱ་ཡི། རྒྱལ་པོ་སོགས་རིགས་ཀྱིས་ཆེ་བ་དང༌། གདུང་བརྒྱུད་བཟང་པོ་སོགས་རུས་ཀྱིས་ཆེ་བ་དང༌། སྐྱེ་བ་སྤྲུལ་སྐུ་དང་མཁས་པ་དང་གྲུབ་པ་ཐོབ་པ་སོགས་སྙན་གྲགས་ཆེ་བ་དང༌། འཁོར་སློབ་ཟང་ཟིང་སྡེ་རིགས་ཀྱི་འབྱོར་པ་ཆེན་པོ་ཅན་ཡིན་ཀྱང་ལྟ་བ་དང་སྤྱོད་པ་སྤྱིར་ཆོས་དང་འགལ་ཞིང་ཁྱད་པར་ཐེག་པ་ཆེན་པོའི་ཚུལ་དང་མི་མཐུན་ན། གང་ཟག་ལྟར་སྣང་མཛེས་པ་ཙམ་ལ་རྟོན་པར་མི་བྱའོ། །
གསུམ་པ་ནི།
སྤྲོས་བྲལ་བདག་མེད་སྙིང་པོའི་ཡེ་ཤེས་རྟོན། །མཚན་རྟོག་འཛིན་བློའི་རྣམ་ཤེས་ལ་མི་རྟོན། །
ཆོས་ཐམས་ཅད་ཀྱི་གནས་ལུགས་དོན་དམ་པར་སྐྱེ་འགག་ལ་སོགས་པ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བར་ཤེས་པ་དང༌། བདག་མེད་པ་གཉིས་རྟོགས་པ་དང༌། བདེ་གཤེགས་སྙིང་པོ་འོད་གསལ་བའི་གནས་ལུགས་ཕྱིན་ཅི་མ་ལོག་པ་སྒྲོ་སྐུར་གྱི་ཡུལ་ལས་འདས་པར་མཁྱེན་པའི་ཡེ་ཤེས་ལ་རྟོན་པར་བྱ་ཡི། ཚུ་རོལ་བདེན་པར་ལྟ་བ་དང༌། བདག་དང་ཕུང་པོ་ལ་སོགས་པ་མཚན་མར་རྟོགས་པ་དང༌། འདོད་པའི་ཡོན་ཏན་ལྔའི་བདེ༼མཱ༡༡༦ན༽བ་ལ་དེར་འཛིན་གྱི་བློའི་གཞན་དབང་གྱུར་པ་ལ་སོགས་པ་ནི་རྣམ་པར་ཤེས་པ་སྟེ་དེ་ལ་རྟོན་པར་མི་བྱའོ། །
བཞི་པ་ནི།
ཟབ་ཅིང་རྒྱ་ཆེ་ངེས་པའི་དོན་ལ་རྟོན། །གནས་སྐབས་དྲང་བའི་དོན་ལ་རྟོན་མི་བྱ། །
ཆོས་གང་ཞིག་ཚུར་མཐོང་རྟོག་གེ་བ་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་སྤྱོད་ཡུལ་ལས་ཤིན་ཏུ་འདས་ཤིང༌། ཟབ་ཅིང་རྒྱ་ཆེ་བའི་དོན་དབང་པོ་རབ་ཀྱི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པའི་གནས་རྣམས་ནི་ངེས་པའི་དོན་ཏེ་དེ་ལ་རྟོན་པར་བྱ་ཡི། འཁོར་བ་ལ་སྐྱོ་བ་སྐྱེ་བ་དང༌། ཐེག་པ་སོ་སོར་ངེས་པར་འབྱུང་བ་དང༌། རྫས་ཡོད་དང་བཏགས་ཡོད་དང་སེམས་ཙམ་དང་ཅིའང་མེད་པའི་སྟོང་པ་ཙམ་དུ་སྟོན་པ་ལ་སོགས་པ་གནས་སྐབས་དྲང་བའི་དོན་དུ་བསྟན་པ་རྣམས་ལ་རྟོན་པར་མི་བྱའོ། །
བཞི་པ་རིགས་པ་བཞི་བཤད་པ་ནི།
འཇིག་རྟེན་ལྟོས་གྲུབ་དབང་ཡུལ་རྣམ་ཤེས་སོགས། །རང་ཡུལ་ལས་བྱེད་དོན་གཞན་མི་བྱེད་དང༌། །
མངོན་སུམ་རྗེས་དཔག་ལུང་གི་ཚད་མ་ཉིད། །ཆོས་ཀུན་རང་དང་སྤྱི་མཚན་གདོད་ནས་གྲུབ། །
རིམ་བཞིན་ལྟོས་དང་བྱ་བ་བྱེད་པ་དང༌། །འཐད་གྲུབ་ཆོས་ཉིད་རིགས་པ་ཞེས་སུ་གྲགས། །
དེ་ལ་འཇིག་རྟེན་ན་གྲགས་ཤིང་ཀུན་རྫོབ་ཙམ་དུ་ཚད་མས་གྲུབ་པ་དཔྱད་ན་འཐད་ཅིང་འོས་པ་ནི་རིགས་པ་ཞེས་བྱ་སྟེ། དེ་ལ་བཞི། དང་པོ་ནི། ལྟོས་ནས་གྲུབ་པ་སྟེ། ས་བོན་ལ་ལྟོས་ནས་མྱུ་གུ་འབྱུང་བར་རིགས་པ་དང༌། མ་རིག་པ་ལ་ལྟོས་ནས་འདུ་བྱེད་སོགས་རྟེན་འབྲེལ་འབྱུང་བ་རིགས་པ་དང༌། མིག་གི་རྣམ་པར་ཤེས་པ་རང་བཞིན་མི་འབྱུང་གི །མིག་གི་དབང་པོ་དང་ཡུལ་གཟུགས་གཉིས་ལ་ལྟོས་ནས་དེ་འབྱུང་བར་རིགས་པ་ལྟ་བའི་ལྟོས་པའི་རིགས་པ་ཞེས་བྱའོ། །གཉིས་པ་ནི། དབང་པོ་ཡུལ་དང་རྣམ་ཤེས་ལ་སོགས་པར་རང་རང་གི་ཡུལ་འཛིན་པའི་ལས་བྱེད་ཀྱི་དོན་གཞན་ལ་མི་བྱེད་པ་སྟེ། མིག་གི་རྣམ་པར་ཤེས་པ་བྱུང་བ་ན་གཟུགས་༼མཱ༡༡༦བ༽ལ་ལྟ་བའི་བྱ་བ་བྱེད་རིགས་ཀྱི་སྒྲ་མཉན་དུ་མི་འོས་པ་དང༌། མིག་གི་དབང་པོས་ཀྱང་མིག་ཤེས་སྐྱེད་པའི་བྱ་བ་བྱེད་རུང་གི་རྣ་བ་སོགས་གཞན་གྱི་ཤེས་པ་བསྐྱེད་མི་རུང་བ་དང༌། ནས་ཀྱི་ས་བོན་གྱིས་ནས་ཉིད་སྐྱེད་རིགས་ཀྱི་བྲ་སྲན་སོགས་སྐྱེ་མི་རིགས་པ་ནི་བྱ་བ་བྱེད་པའི་རིགས་པའོ། །གསུམ་པ་ནི། དུ་བ་ལས་མེར་ཤེས་པ་དང༌། ཆུ་སྐྱར་ལས་ཆུ་ཡོད་པར་རྟོགས་པ་ལྟ་བུ་རྗེས་སུ་དཔག་པའི་ཚད་མ། རྣམ་པར་ཤེས་པ་དྲུག་དང་རྣལ་འབྱོར་པའི་སེམས་ཀྱིས་མཐོང་བ་མངོན་སུམ་ཚད་མ། སངས་རྒྱས་ཀྱི་ཞལ་ནས་གསུངས་པ་མི་བསླུ་བའི་ཚིག་ནི་ལུང་སྟེ་དེ་དག་ནི་ཚད་མའི་རིགས་པའམ་འཐད་པ་སྒྲུབ་པའི་རིགས་པའོ། །བཞི་པ་ནི། ཆུ་བོ་ཐུར་དུ་འབབ་པར་རིགས་ཀྱི་གྱེན་དུ་འབབ་པར་མི་རིགས་པ་དང༌། ཉི་མ་ཤར་ཕྱོགས་ནས་འཆར་བ་དང༌། ས་སྲ་བ། ཆུ་གཤེར་བ། མེ་ཚ་བ། རླུང་གཡོ་བ་ལ་སོགས་པ་དང༌། སྟོང་པ་དང་བདག་མེད་པ་སོགས་ཆོས་སྤྱི་དང་རང་གི་མཚན་ཉིད་རང་གི་རང་བཞིན་གྱིས་གདོད་མ་ནས་དེ་ལྟར་གནས་པར་གྲགས་པ་རྣམས་ནི་ཆོས་ཉིད་ཀྱི་རིགས་པ་ཞེས་བྱ་བ་སྟེ་དོན་དེ་དག་ལ་རིགས་པ་བཞིར་རིམ་བཞིན་གྲགས་སོ། །ཞེས་ཚིགས་བཅད་ཀྱི་དབང་ལས་བསྡུས་པའོ། །
གཉིས་པ་ཐུན་མིན་སྔགས་ཀྱི་ཟབ་དོན་འཇལ་བྱེད་བཤད་པ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི།
ཐུན་མིན་གསང་སྔགས་མཐའ་དྲུག་ཚུལ་བཞིས་གཞལ། །
ཐུན་མོང་མ་ཡིན་པ་གསང་སྔགས་རྡོ་རྗེ་ཐེག་པའི་ངེས་གསང་རྣམས་ནི་ལྟར་སྣང་རྟོག་གེའི་ལུང་དང་རིགས་པས་ནམ་ཡང་གཏན་ལ་མི་ཕེབ་པས་མཐའ་དྲུག་ཚུལ་བཞིས་རྟོགས་པར་བྱའོ། །ཞེས་པའོ། །
གཉིས་པ་ལ་གཉིས། མཐའ་དྲུག །ཚུལ་བཞི་བཤད་པའོ། །དང་པོ་ནི།
ཡང་དག་སྐལ་བ་མེད་དང་ཡོད་པ་ལ། །རྡོ་རྗེའི་ཚིག་གཅིག་ཐ་དད་དོན་སྟོན་ཕྱིར། །༼མཱ༡༡༧ན༽
དྲང་དོན་བསྐྱེད་རིམ་ཡན་ལག་བཅས་པ་སྟེ། །ངེས་དོན་རྒྱུ་རྒྱུད་རྫོགས་པའི་རིམ་པ་གཉིས། །
དེའང་དུས་འཁོར་རྩ་རྒྱུད་ལས། དགོངས་པའི་སྐད་དང་དེ་བཞིན་མིན། །ཇི་བཞིན་སྒྲ་དང་དེ་བཞིན་མིན། །དྲང་བའི་དོན་དང་ངེས་དོན་ཏེ། །རྒྱུད་ནི་མཐའ་དྲུག་མཚན་ཉིད་དོ། །ཞེས་གསུངས་པ་ལྟར། རྒྱུད་ཀྱི་རྡོ་རྗེའི་ཚིག་ཤིན་ཏུ་བརླིང་བར་གནས་པ་རྣམས་མཐའ་དྲུག་གིས་བཅིངས་པ་སྟེ། དེའི་དང་པོ་དྲང་ངེས་གཉིས་ནི། ཡང་དག་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པའི་སྐལ་བ་མེད་པ་དང་ཡོད་པ་ལ་དགོངས་ནས་རྡོ་རྗེའི་ཚིག་གི་རྒྱུད་གཅིག་གིས་ཐ་དད་པའི་དོན་སྟོན་པར་བྱེད་པ་སྟེ། དེ་ལ་དྲང་དོན་ནི། རྡུལ་ཚོན་དཀྱིལ་འཁོར་དང་མཆོད་པ་དང་བརྡ་དང་ལག་པའི་ཕྱག་རྒྱ་དང་སྦྱིན་སྲེག་དང་བསྐྱེད་རིམ་དང་ལས་ཚོགས་བསྒྲུབ་པ་ལ་སོགས་པ་ནང་གི་ཚུལ་ལ་འཇུག་པའི་ཐབས་ཡན་ལག་དང་བཅས་པ་རྣམས་སོ། །ངེས་དོན་ནི་རྒྱུ་རྒྱུད་ཀྱི་གནས་ལུགས་དང༌། རྫོགས་པའི་རིམ་པ་སྟོན་པ་རྣམས་ཏེ། རྩ་རླུང་བྱང་ཆུབ་ཀྱི་སེམས་བཅིང་བ་དང༌། རང་བཞིན་གྱི་འོད་གསལ་བའི་སེམས་ཀྱི་གནས་ལུགས་ཀུན་གཞི་དང་དེ་བཞིན་གཤེགས་པའི་སྙིང་པོ་དང་ཕྱག་རྒྱ་ཆེན་པོ་མཆོག་ཏུ་མི་འགྱུར་བ་སྟོན་པའི་གཞུང་རྣམས་ཏེ། ཧེ་བཛྲ་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་གནས་ལུས་ལས་མ་སྐྱེས་པའོ། །ཞེས་གསུངས་པ་ལྟ་བུའོ། །
དོན་གཅིག་ཐ་དད་འགལ་བའི་ཚིག་སྦྱོར་གྱིས། །བརྗོད་དོན་དགོངས་གཞི་ལ་ལྟོས་དགོངས་བཤད་དང༌། །
མི་ལྟོས་དངོས་བསྟན་གོ་བ་དགོངས་མིན་གཉིས། །
བསྐྱེད་རྫོགས་ཀྱི་དོན་གཅིག་ལ་རྡོ་རྗེའི་ཚིག་ཐ་དད་པས། དེ་དང་འགལ་བའི་ཚིག་གི་སྦྱོར་བས་བཅིངས་ཏེ་བརྗོད་དོན་དགོངས་གཞི་ལ་ལྟོས་ནས་གོ་དགོས་པ་ནི་དགོངས་བཤད་དོ། །ཡང་ན་རྡོ་རྗེའི་༼མཱ༡༡༧བ༽ཚིག་གཅིག་ལ་དོན་ཐ་དད་པའི་དགོངས་པ་གནས་པ་སྟེ། དེའི་དབང་དུ་བྱས་ན། དུས་ལ་དགོངས་པ། དོན་ལ་དགོངས་པ། བསམ་པ་ལ་དགོངས་པའོ། །དང་པོ་ནི་མ་འོངས་པའི་དུས་ན་འབྱུང་བ་ལ་དགོངས་ནས། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་གསུངས་པ་ལྟ་བུའོ། །གཉིས་པ་ནི། སངས་རྒྱས་ཐམས་ཅད་ཀྱི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་པྲ་ཕབ་ཀྱི་རང་བཞིན་ལྟ་བུ་ལ་དུས་རྟག་ཏུ་ལོངས་སྤྱོད་དགོས་པར་དགོངས་ནས། སངས་རྒྱས་ཀུན་ལས་ཕྲོགས་ནས་ནི། །ལྷ་མཆོག་ལས་སྐྱེས་བུ་མོ་སྤྱོད། །ཅེས་མ་ཧཱ་མཱ་ཡཱ་ལས་གསུངས་པ་ལྟ་བུ་དང༌། གསུམ་པ་ནི། སྲོག་ཆེན་པོའི་རླུང་གི་མིང་དུ་བསྟན་པ་བདག་འཛིན་གསོད་དགོས་པ་ལ་དགོངས་ནས། ཧེ་བཛྲ་ལས། ཁྱོད་ཀྱིས་སྲོག་ཆགས་བསད་པར་བྱ། །ཞེས་གསུངས་པ་ལྟ་བུའོ། །བརྗོད་དོན་དགོངས་གཞི་ལ་མི་ལྟོས་པར་རྗོད་བྱེད་དངོས་བསྟན་ཙམ་གྱིས་གསལ་བར་གོ་བ་ནི་དགོངས་པ་ཅན་མ་ཡིན་པ་སྟེ། ཁྱོད་ཀྱིས་སྲོག་ཆགས་བསད་མི་བྱ། །བརྫུན་གྱི་ཚིག་ཀྱང་སྨྲ་མི་བྱ། །ཞེས་གསུངས་པ་ལྟ་བུའོ། །
ཡོངས་གྲགས་དཀྱིལ་འཁོར་ལ་སོགས་སྒྲ་ཇི་བཞིན། །མ་གྲགས་བརྡ་ཡིས་བཅིངས་པ་ཇི་བཞིན་མིན། །
ཚིག་དོན་འདི་ལས་མི་འདའ་མཐའ་དྲུག་གོ །
དོན་དང་མིང་འཇིག་རྟེན་པའི་བསྟན་བཅོས་སོགས་ལ་ཡོངས་སུ་གྲགས་པའི་ཚིག་གིས་གསུངས་པ་དཀྱིལ་འཁོར་དང་སྦྱིན་སྲེག་དང་གཏོར་མ་ལ་སོགས་པའི་ཆོ་ག་རྣམས་ནི་སྒྲ་ཇི་བཞིན་པ་ཡིན་ལ། འཇིག་རྟེན་པའི་བསྟན་བཅོས་ལ་མ་གྲགས་ཤིང་དེ་བཞིན་གཤེགས་པའི་གསང་བའི་སྐད་ཀྱི་བརྡ་ཡིས་བཅིངས་པ། རླུང་བཅུའི་མིང་ལ། ཀོ་ཊཱ་ཁྱཱཿལ་སོགས་པ་དང༌། རྒྱུད་གསང་བ་སྙིང་པོར་སྦྱོར་སྒྲོལ་ལ་ཨཱ་ལི་ཀཱ་ལི་ཞེས་པ་ལྟ་བུ་ནི་སྒྲ་ཇི་བཞིན་མ་ཡིན་པ་སྟེ་གསང་བའི་ཚིག་དང་དོན་ཐམས་ཅད་༼མཱ༡༡༨ན༽འདི་ལས་མི་འདའ་བས་མཐའ་དྲུག་ཅེས་བྱའོ། །
གཉིས་པ་ཚུལ་བཞི་ནི། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས། བཤད་པ་བཞི་ནི། ཡི་གེ་དང་སྤྱི་དང་སྦས་པ་དང་མཐར་ཐུག་གོ །ཞེས་པ་ལྟར་ལས། དང་པོ་ནི།
ཚིག་གི་འབྲུ་དོན་ཙམ་ནི་ཡི་གེའི་དོན། །
ཚིག་གི་འབྲུ་དོན་ཙམ་ལ་གཞོལ་བའི་བཤད་པ་སྒྲ་ཚད་ཀྱི་གཞུང་དང་མཐུན་པར་བཀོད་པ་ནི་ཡི་གེའམ་གལྤོ་ལས་ཚིག་གི་དོན་ཅེས་གསུངས་སོ། །
གཉིས་པ་ནི།
མདོ་སོགས་འགྱོད་ཟློག་བསྐྱེད་རིམ་སྤྱི་ཡི་དོན། །
སྤྱི་དོན་ལ་གསུམ། དང་པོ་མདོ་སོགས་ལ་ཞུགས་པའི་འགྱོད་པ་ཟློག་པ་ནི། སྔགས་ནང་པའི་ལམ་བདེ་ཞིང་མྱུར་བ་འདི་ལྟ་བུ་ལ་མ་ཞུགས་པར་སྔར་མདོའམ་བྱ་སྤྱོད་སོགས་ལ་ཞུགས་པ་ནི་མ་ལེགས་སོ་སྙམ་དུ་འགྱོད་ན། དེ་དག་འདིའི་ལམ་སྟེགས་ཡིན་པ་དང༌། མདོ་ལས་ཀྱང༌། ཐབས་ཆེན་རྣམས་དང་ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །ཞེས་པས་དབང་རྣོན་ཐབས་ཤེས་ཁྱད་པར་ཅན་དང་ལྡན་ན་ཚོགས་ཀྱི་བྱ་བ་རླབས་ཆེན་གཅིག་གིས་བསྐལ་པ་མང་པོའི་ཚོགས་བཟླུམ་པ་སོགས་བདེ་མྱུར་གྱི་ལམ་མདོ་སོགས་ཀྱང་བཞེད་པས་སྤྱིའི་དོན་ཞེས་བྱའོ། །གཉིས་པ་སྔགས་ནང་པ་ལ་ཞུགས་པའི་འགྱོད་ཟློག་ནི། འདིར་ཁྲུས་དང་གཙང་སྦྲ་ལ་སོགས་གཙང་དམེ་མེད་པར་སྤྱོད་པ་ཁྱི་ཕག་ལྟ་བུ་དང༌། སྦྱོར་སྒྲོལ་སོགས་འཚེ་བ་ཆོས་སུ་སྨྲ་བས་མུ་སྟེགས་ཀྱི་ཆོས་སོ་སྙམ་དུ་འགྱོད་ན། གཙང་དམེའི་ཞེན་པ་མ་སྤངས་ན་ཆོས་ཉིད་ཀྱི་དོན་མི་རྟོགས་པས་ཞེན་པ་སྤང་ཕྱིར་རོ་སྙོམ་དུ་སྤྱོད་པ་ནི་མདོ་སོགས་ཀྱང་བཞེད་ཅིང༌། མི་ནག་མདུང་ཐུང་ཅན་བསད་པ་དང༌། དེད་དཔོན་གྱི་བུ་མོ་ལ་སྤྱོད་པ་སོགས་སེམས་དགེ་བས་སྦྱོར་སྒྲོལ་ལ་སྤྱད་ཀྱང་ཉེས་པས་མི་གོས་ཤིང་བསོད་ནམས་དཔག་མེད་འཕེལ་བར་མདོ་སོགས་ཀྱང་བཞེད་པས་བསླབ་བྱ་ཐུན་མོང་བའི་ཕྱིར་སྤྱི་དོན་ཞེས་བྱའོ། །གསུམ་པ་བསྐྱེད་རིམ་པའི་༼མཱ༡༡༨བ༽སྤྱི་དོན་ནི། རྟེན་གཞལ་ཡས་ཁང་དང་བརྟེན་པ་ལྷ་བསྒོམ་པ་སོགས་བསྐྱེད་རིམ་དང་འབྲེལ་བ་རྣམས་ཏེ། བསྐྱེད་རྫོགས་གཉིས་ཀའི་ཐུན་མོང་གི་བསླབ་བྱ་ཡིན་པའི་ཕྱིར་སྤྱི་དོན་ནོ། །
གསུམ་པ་ནི།
འདོད་ཆགས་ཆོས་སྦས་ཀུན་རྫོབ་བདེན་སྦས་ནི། །སྙིང་པོ་རབ་འབྲིང་ཐ་མ་སྦས་པའི་དོན། །
ལས་རྒྱ་དང་སྙོམས་པར་འཇུག་པའི་ཆོ་ག་སྟོན་པ་སོགས་ཚོགས་སུ་དབྱུང་བར་མི་འོས་པའི་ཕྱིར་འདོད་ཆགས་ཆོས་སྦས་དང༌། རང་བྱིན་གྱིས་རློབ་པ་རྩ་རླུང་ཐིག་ལེའི་རྫོགས་རིམ་སོགས་ཀུན་རྫོབ་བདེན་པའི་སྦས་པ་སྟེ། སྤྱིར་མཐའ་གཉིས་ཀྱི་དབུས་སུ་ཆུད་པས་སྙིང་པོ་ལྟ་བུར་གྱུར་པའི་ཕྱིར་སྦས་པའོ། །འདིར་སྙིང་པོ་རབ་འབྲིང་ཐ་མའི་དོན་ནི་གོང་དུ་སྨོས་པ་ལྟར་རོ། །
བཞི་པ་ནི།
འོད་གསལ་ལམ་དང་ཟུང་འཇུག་འབྲས་བུ་ཡི། །མཐར་ཐུག་དོན་ཏེ་ཚུལ་བཞི་རྡོ་རྗེའི་ཚིག །
གཅིག་ཉིད་དབང་པོའི་རིམ་དང་མཐུན་པར་དབྱེ། །
དེ་དག་གི་རྒྱས་གདབ་ཏུ་གྱུར་པ་དོན་དམ་འོད་གསལ་གྱི་རྫོགས་རིམ་ནི་ལམ་གྱི་མཐར་ཐུག་དང༌། བདེན་གཉིས་ཟུང་འཇུག་ཏུ་རྟོགས་པ་ནི་འབྲས་བུའི་མཐར་ཐུག་སྟེ། ཚུལ་བཞི་ཀ་རྡོ་རྗེའི་ཚིག་གཅིག་ཉིད་དབང་པོ་དམན་མཆོག་གི་རིམ་པ་དང་མཐུན་པར་ཐ་དད་པར་དབྱེ་དགོས་པས་བཤད་པའི་ཚུལ་བཞི་ཞེས་བྱའོ། །མན་ངག་འདི་དག་དང་མི་ལྡན་པར་བསམ་པའི་རྟོག་དཔྱོད་ཇི་ཙམ་ཞིབ་ཀྱང་ཡང་དག་པའི་ཤེས་རབ་བསྐྱེད་པར་མི་ནུས་ལ། འདི་དག་དང་ལྡན་པས་མདོ་སྔགས་ཀྱི་ཚུལ་ལ་གཞལ་ན་བསམ་པ་ལས་བྱུང་བའི་ཤེས་རབ་དྲི་མ་མེད་པ་སྐྱེ་བར་འགྱུར་རོ། །འཇལ་བྱེད་ལྡེའུ་མིག་རྣམ་པར་ངེས་པའི་སྐབས་དང་པོའི་འགྲེལ་པའོ།། །།
༈ སྐབས་གཉིས་པ་ལ་གསུམ། འཁོར་ལོ་གསུམ་གྱི་དྲང་ངེས་ལ་དཔྱད་པ། བདེན་པ་གཉིས་ལ་དཔྱད་པ། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་དཔྱད་པའོ། །དང་པོ་ལ་གཉིས། སྤྱིར་བསྟན་པ་དང༌། བྱེ་བྲག་རྣམ་པར་དབྱེ་བའོ། །དང་པོ་ནི།
གཞལ་བྱ༼མཱ༡༡༩ན༽གཙོ་བོ་དམ་ཆོས་འཁོར་ལོ་གསུམ། །
འཇལ་བྱེད་དེ་དག་གིས་གཞལ་བར་བྱ་བ་གཙོ་བོར་གྱུར་པ་དམ་ཆོས་རིན་པོ་ཆེའི་མཛོད་ཁང་སྤྱིར་བཀའ་འཁོར་ལོ་རྣམ་པ་གསུམ་ཞེས་ཐེག་ཆེན་རྣམས་ལ་གྲགས་པ་ཉིད་ཡིན་ཏེ། དེའང་འཁོར་ལོ་གསུམ་གྱི་རྣམ་གཞག་གསལ་ཁ་ཅན་ནི་བཀའ་རྣམས་ཀྱི་ནང་ནས་མདོ་སྡེ་དགོངས་པ་ངེས་འགྲེལ་ལས་འབྱུང་སྟེ། དང་པོ་བདེན་བཞི། བར་པ་མཚན་ཉིད་མེད་པ། ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་འཁོར་ལོ་ཞེས་གསུངས་ཤིང༌། ནོར་བུ་རྒྱས་པ་ལས་ཀྱང་མིང་ཙམ་ཞིག་འབྱུང་ངོ༌། །གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོར། བདེན་པ་བཞིའི་ཚུལ། སྟོང་པ་ཉིད་ཀྱི་ཚུལ། དེ་བཞིན་གཤེགས་པའི་སྙིང་པོའི་ཚུལ་ཞེས་གསུངས། རྗེ་བཙུན་བྱམས་པས་རྒྱུད་བླ་མར། འཇིག་རྟེན་ཞི་བའི་ལམ་ལ་འཇུག་པ་དང༌། རབ་ཏུ་སྨིན་པ་དང༌། ལུང་སྟོན་པའི་འཁོར་ལོ་ཞེས་དང༌། འཕགས་པ་ཀླུ་སྒྲུབ་ཀྱིས། དང་པོར་བདག་སྟོན་པའི། བར་དུ་བདག་མེད་པར་སྟོན་པའི། ཐ་མ་ལྟ་གཞི་ཀུན་ཟློག་གི་འཁོར་ལོ་ཞེས་གསུངས་པའི་དོན་སློབ་དཔོན་ཨཱརྻ་དེ་བས་འགྲེལ་པ་ན། དང་པོར་བསོད་ནམས་མ་ཡིན་པ་ཟློག་པའི་དང༌། བར་དུ་བདག་ཟློག་པའི། ཐ་མ་ལྟ་བ་ཀུན་ཟློག་གི་འཁོར་ལོ་ཞེས་གསུངས་སོ། །དེ་དག་དྲང་ངེས་སུ་དབྱེ་བའི་ཚུལ་ཡང༌། སྤྱིར་དྲང་ངེས་ཀྱི་མདོའི་མཚན་ཉིད་ནི། ཐེག་པ་གསུམ་གའི་གདུལ་བྱའི་རིགས་ལ་ངེས་པར་ལེགས་པའི་ལམ་རྒྱུད་ལ་སྐྱེ་རུང་གི་ཐབས་སུ་གྱུར་པ་ཀུན་རྫོབ་བདེན་པ་གཙོ་བོར་སྟོན་པའི་མདོ་ནི་དྲང་དོན་གྱི་མདོའི་མཚན་ཉིད། ཟབ་མོའི་དོན་ལ་བཟོད་པའི་གདུལ་བྱ་འགའ་ཞིག་གི་ངོར་ངེས་པར་ལེགས་པའི་ལམ་བསྒོམ་པ་ལས་མི་གནས་པའི་མྱང་འདས་ཐོབ་པའི་དོན་དམ་བདེན་པ་གཙོ་བོར་སྟོན་པའི་མདོ་དེ་དོན་དམ་གྱི་མདོའི་མཚན་ཉིད་དོ། །དེ་དག་འཁོར་ལོ་གསུམ་ལ་སོ་སོར་རྣམ་པར་གཞག་པ་བཀའ་ལས་ཇི་ལྟར་བྱུང་བ་དང༌། དགོངས་༼མཱ༡༡༩བ༽འགྲེལ་ལས་ཇི་ལྟར་བྱུང་བ་གཉིས་ཀྱི་དང་པོ་ནི། འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས། བཅོམ་ལྡན་འདས་ཀྱིས་དང་པོར་ཡུལ་ཝཱ་ར་ཎཱ་སི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ་འཕགས་པའི་བདེན་པ་བཞི་རྣམ་པར་བསྟན་པས་ཆོས་ཀྱི་འཁོར་ལོ་ངོ་མཚར་རྨད་དུ་བྱུང་བ་སྔོན་ལྷར་གྱུར་པའམ་མིར་གྱུར་བ་སུས་ཀྱང་ཆོས་དང་མཐུན་པར་འཇིག་རྟེན་དུ་མ་བསྐོར་བ་གཅིག་རབ་ཏུ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེའང་བླ་ན་མཆིས་པ་སྐབས་མཆིས་པ་དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ལ། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། སྐྱེ་བ་མ་མཆིས་པ་དང་འགག་པ་ལ་མ་མཆིས་པ་དང་གཟོད་མ་ནས་ཞི་བ་དང༌། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ་སྟོང་ཉིད་སྨོས་པའི་རྣམ་པས་ཆེས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་བ་དེའང་བླ་ན་མཆིས་པ་སྐབས་མཆིས་པ་དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ཀྱི། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ལས་བརྩམས། སྐྱེ་བ་མ་མཆིས་པ་ཉིད་ནས་འགག་པ་མ་མཆིས་པ་ཉིད་དང་གཟོད་མ་ནས་ཞི་བ་ཉིད་དང་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལེགས་པ་རྣམ་པར་ཕྱེ་བ་དང་ལྡན་པ་ཤིན་ཏུ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི་བླ་ན་མ་མཆིས་པ་སྐབས་མ་མཆིས་པ་ངེས་པའི་དོན་ལགས་ཏེ་རྩོད་པའི་གཞིའི༼མཱ༡༢༠ན༽གནས་སུ་གྱུར་པ་མ་ལགས་སོ། །ཞེས་འབྱུང༌། གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པ་ལས། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་ནོར་བུ་མཁན་མཁས་པ་ནོར་བུ་སྦྱོང་བའི་ཚུལ་ལེགས་པར་ཤེས་པ་དེས་ནོར་བུ་རིན་པོ་ཆེའི་རིགས་ནས་ཡོངས་སུ་མ་དག་པའི་ནོར་བུ་རིན་པོ་ཆེ་བླངས་ཏེ་ལན་ཚྭའི་ཆུ་རྣོན་པོས་སྦང་ནས་སྐྲའི་རེ་བའི་ཡོངས་སུ་སྦྱོང་བས་ཡོངས་སུ་སྦྱོང་བར་བྱེད་དོ། །དེ་ཙམ་གྱིས་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་ཟས་ཀྱི་ཁུ་བ་རྣོན་པོས་སྤང་ནས་བལ་གྱི་ལྭ་བའི་ཡོངས་སུ་སྦྱོང་བས་ཡོངས་སུ་སྦྱོང་བར་བྱེད་དོ། །དེ་ཙམ་གྱིས་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་སྨན་ཆེན་པོའི་ཁུ་བ་ལ་ཡང་སྤང་ནས་རས་སྲབ་མོའི་ཡོངས་སུ་སྦྱོང་བས་སྦྱོང་བར་བྱེད་དོ། །ཡོངས་སུ་སྦྱངས་ཏེ་དྲི་མ་དང་བྲལ་བ་ནི་བཻཌཱུརྻའི་རིགས་ཆེན་པོ་ཞེས་བརྗོད་དོ། །རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡོངས་སུ་མ་དག་པའི་སེམས་ཅན་གྱི་ཁམས་མཁྱེན་ནས་མི་རྟག་པ་དང་སྡུག་བསྔལ་བ་དང་བདག་མེད་པ་དང་མི་གཙང་བ་ཡིད་འབྱུང་བའི་གཏམ་གྱིས་འཁོར་བ་ལ་དགའ་བའི་སེམས་ཅན་རྣམས་སྐྱོ་བ་སྐྱེད་པར་མཛད་དེ་འཕགས་པའི་ཆོས་འདུལ་བ་ལ་འཛུད་པར་མཛད་དོ། །དེ་ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་གཏམ་གྱིས་དེ་བཞིན་གཤེགས་པའི་ཚུལ་རྟོགས་པར་མཛད་དོ། །དེ་ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་ཕྱིར་མི་ལྡོག་པར་འཁོར་ལོའི་གཏམ་དང་འཁོར་གསུམ་ཡོངས་སུ་དག་པའི་གཏམ་གྱིས་རང་བཞིན་སྣ་ཚོགས་ཀྱི་རྒྱུ་ཅན་གྱི་སེམས་ཅན་དེ་དག་དེ་བཞིན་གཤེགས་པའི་ཡུལ་ལ་འཇུག་པར་མཛད་དོ། །ཞེས་གསུངས་སོ། །
གཉིས་པ་ནི། དགོངས་འགྲེལ་མཁན་པོ་རྩ་བ་རྒྱལ་ཚབ་བྱམས་པས། མདོ་ལུང་ཕྱི་མའི་དོན་འགྲེལ་བར་མཛད་༼མཱ༡༢༠བ༽དེ། དང་པོ་གདུལ་བྱ་འཁོར་བ་ལ་ཆགས་པ་རྣམས་ཡིད་འབྱུང་བའི་གཏམ་གྱིས་བསྐུལ་ནས་ཞི་བའི་ལམ་ལ་འཇུག་པ་དང༌། དེ་ནས་སྟོང་པ་ཉིད་ཀྱི་གཏམ་གྱིས་ཐེག་པ་ཆེན་པོར་ཡོངས་སུ་སྨིན་པ་དང༌། ཐ་མ་ཕྱིར་མི་སྡོག་པའི་འཁོར་ལོའི་གཏམ་གྱིས་དེ་བཞིན་གཤེགས་པའི་ཡུལ་ལ་འཇུག་ཅིང་ལུང་སྟོན་པ་ཆེན་པོ་ཐོབ་པར་བྱེད་པའི་ཕྱིར་རོ། །འཕགས་པ་ཐོགས་མེད་ཀྱིས་བསྡུ་བར་དགོངས་པ་ངེས་འགྲེལ་གྱི་ལུང་དྲངས་ནས་འཁོར་ལོ་ཐ་མ་མཐར་ཐུག་གི་ངེས་དོན་དུ་མཛད་ཅིང་དབྱིག་གཉེན་སོགས་ཀྱང་དེའི་རྗེས་སུ་འབྲང་ངོ༌། །འོན་ཀྱང་ཐོགས་མེད་སྐུ་མཆེད་ཀྱིས་བར་པ་དྲང་དོན་ཡིན་པར་ནི་མ་གསུངས་ཤིང༌། རྣམ་བཤད་རིགས་པ་རྩ་འགྲེལ་དུ་ངེས་དོན་ཡིན་པར་དམིགས་སུ་གསུངས་ཤིང༌། ཤིང་རྟ་ཆེན་པོ་དཔལ་ལྡན་ཆོས་སྐྱོང་གི་རྣམ་པར་རིག་པར་གྲུབ་པ་ལས་འཁོར་ལོ་གཉིས་ཀ་ངེས་དོན་དུའང་བཤད་དོ། །འཕགས་པ་ཀླུ་སྒྲུབ་ཀྱིས་གཟུངས་དབང་གི་མདོའི་སྤྱོད་པ་གསུམ་པོ་ངེས་དོན་དུ་མཛད་ཅིང་འཕགས་པ་ལྷས་ཀྱང་དེ་བཞིན་དུ་མཛད་པ་ལ། དེ་ཉིད་དགོངས་འགྲེལ་གྱི་ཐོག་མཐའ་བར་གསུམ་དང་མཐུན་པར་བོད་སྟོན་རྣམས་ཀྱང་མི་འདོད་ཀ་མེད་བྱུང་སྟེ་དངོས་སུ་དེ་ལྟར་གནས་པའི་ཕྱིར་རོ། །ཕྱིས་ཀྱི་འགྲེལ་བྱེད་བྱམས་པའི་བརྒྱུད་པ་རྣལ་མ་འཛིན་པ་དག་ནི་ལུགས་དེ་ལས་འདའ་བར་མི་བྱེད་ལ། ཀླུ་སྒྲུབ་ཀྱི་གཞུང་འགྲེལ་པའི་ཟླ་བས་ནི། ཐོག་མཐའ་བར་གསུམ་གྱི་རྣམ་གཞག་མ་བྱས་པར་བློ་གྲོས་མི་ཟད་པས་བསྟན་པའི་མདོ་དོན་གྱི་དྲང་ངེས་ཙམ་ཞིག་དབྱེ་བར་མཛད་དོ། །འདིའི་དགོངས་དོན་ཇི་བཞིན་མ་བརྟགས་པའི་དབང་གིས་འཁོར་ལོ་བར་ཐ་གཉིས་པ་ལ་དྲང་ངེས་དང་མཆོག་དམན་དུ་རྣམ་པར་བརྟགས་པའི་ཅལ་ཅོལ་མང་པོ་བོད་སྟོན་རྣམས་ལ་བྱུང་བར་སྣང་སྟེ། དེའང་གོང་དུ་སྨོས་པ་ལྟར་མདོ་འདི་ལ་དྲང་ངེས་རྣམ་འབྱེད་བརྒྱད་དུ་གསུངས་པའི་གཞན་རྣམས་འཁོར་ལོ་བར་ཐ་གཉིས་ཀར་ངེས་དོན་གྱི་ཕྱོགས་༼མཱ༡༢༡ན༽འཇུག་མཉམ་ཡིན་ཀྱང༌། བརྒྱད་པ་བདག་མེད་པ་ལ་ཟླ་བས་བདག་གཉིས་ཀྱིས་སྟོང་པ་ཙམ་ལ་ངེས་དོན་དུ་བཞག་པ་དེ། ཐོགས་མེད་སྐུ་མཆེད་རྗེས་འབྲངས་དང་བཅས་པས་ལེགས་པར་རྣམ་པར་ཕྱེས་ནས། དེའི་དོན་གྱིས་པ་རྣམས་ཀྱིས་བརྟགས་པའི་བདག་མེད་པ་སྟེ། དགོངས་པ་ངེས་འགྲེལ་ལས། བདག་ཏུ་རྟོགས་པར་གྱུར་ན་མི་རུང་སྟེ། །འདི་ནི་བྱིས་པ་རྣམས་ལ་ངས་མ་བསྟན། །ཞེས་དང༌། སོར་ཕྲེང་ལས། བཅོམ་ལྡན་འདས་རྣམས་ཀྱིས་ཆོས་ཐམས་ཅད་ལ་ནན་ཏན་དུ་བཙལ་ཡང་འཇིག་རྟེན་པའི་བདག་དེ་ནི་མཐེ་བོ་ཙམ་དང༌། ཞེས་སོགས་ནས། བདག་དེ་ནི་འདི་འདྲའོ་ཞེས་བྱ་བ་སངས་རྒྱས་ཐམས་ཅད་དང་ཉན་ཐོས་ཐམས་ཅད་ཀྱིས་མ་བརྙེས་ཏེ་མངོན་པར་སངས་རྒྱས་ནས་སྲོག་ཆགས་རྣམས་ལ་བཤད་དོ། །ཞེས་སོགས་དང༌། ལངྐར་གཤེགས་པ་ལས། དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ནི་མུ་སྟེགས་ཅན་གྱི་བདག་ཏུ་སྨྲ་བ་དང་མཚུངས་པ་མ་ཡིན་ཏེ། ཞེས་སོགས་དང༌། བདག་ཏུ་མངོན་པར་ཞེན་པར་མི་བྱའོ། །ཞེས་གསུངས་པ་སོགས་ཀྱི་དོན་གཏན་ལ་ཕབ་སྟེ་འཁོར་ལོ་བར་ཐ་ངེས་དོན་ཡིན་མཉམ་ལ། གནས་སྐབས་སྤྲོས་པ་གཅོད་པ་དང༌། མཐར་ཐུག་གནས་ལུགས་སྟོན་པའི་ངེས་དོན་གྱི་ཁྱད་པར་དུ་བཞེད་དོ། །
གཉིས་པ་བྱེ་བྲག་རྣམ་པར་དབྱེ་བ་ལ་ལྔ། ཐུན་མོང་དུ་བཞེད་པའི་ལུགས། ངོ་བོ་ཉིད་མེད་པར་སྨྲ་བའི་ལུགས། རྣལ་འབྱོར་སྤྱོད་པའི་ལུགས། འཕགས་པའི་བཞེད་པ་དང་སྦྲེལ་བ། དྲང་དོན་ལ་ལོག་པར་རྟོག་པ་ཟློག་ཅིང་དགོངས་པ་གཅིག་ཏུ་སྒྲུབ་པའོ། །དང་པོ་ནི།
དང་པོ་དྲང་དོན་ཉིད་དུ་ཐམས་ཅད་མཐུན། །
འཁོར་ལོ་དང་པོ་ནི་ཀུན་རྫོབ་ཀྱི་བདེན་པ་གཙོ་ཆེ་བའི་ངོས་ནས་བཞག་པས་དྲང་བའི་དོན་དུ་ཤས་ཆེར་བསྟན་པ་ཐེག་ཆེན་སྨྲ་བ་ཐམས་ཅད་མཐུན་པར་སྨྲའོ། །
གཉིས་པ་ནི།
བར་པ་ངེས་དོན་ཐ་མ་དྲང་བའི་དོན། །གཙོ་ཞེས་ངོ་བོ་ཉིད་མེད་སྨྲ་རྣམས་༼མཱ༡༢༡བ༽བཞེད། །
ལུང་ཁུངས་དངོས་མེད་རིགས་པས་འཐད་པ་སྒྲུབ། །
འཁོར་ལོ་བར་པ་ངེས་དོན་མཐར་ཐུག་དང༌། ཐ་མ་དྲང་བའི་དོན་གཙོ་ཆེར་བསྟན་པ་ཡིན་ཅེས་ངོ་བོ་ཉིད་མེད་པར་སྨྲ་བ་རྣམས་བཞེད་ལ། མདོ་སྡེ་ནས་དེ་ལྟར་གསལ་བར་ཕྱེས་པའི་ལུང་ཁུངས་དངོས་ནི་མེད་ལ། དྲང་ངེས་འབྱེད་པའི་ལུང་སྤྱི་ཙམ་ལ་བརྟེན་ནས་རིགས་པས་འཐད་པ་སྒྲུབ་པ་ཡིན་ནོ། །
གསུམ་པ་ནི།
བར་པ་སྤྲོས་གཅོད་གནས་སྐབས་ངེས་པའི་དོན། །ཐ་མ་དོན་དམ་གཏན་འབེབས་མཐར་ཐུག་གི །
ངེས་དོན་ཡིན་ཅེས་རྣལ་འབྱོར་སྤྱོད་པའི་ལུགས། །ལུང་ཁུངས་རྒྱལ་བ་ཉིད་ཀྱིས་ཕྱེས་པ་དང༌། །
འབྱོར་པར་ལུང་བསྟན་ས་གསུམ་འཕགས་པའི་ལུགས། །རིགས་པ་ནོར་བུ་སྦྱོང་སོགས་དཔེ་དོན་སྦྱར། །
རང་བྱུང་དོལ་པོ་དྲི་མེད་འོད་ཟེར་སོགས། །ཕྱི་མ་གཙོར་བཞེད་གཞན་དག་སྔ་མའོ། །
འཁོར་ལོ་བར་པ་ལྟ་བའི་ཕྱོགས་ལ་མཐར་འཛིན་གྱི་སྤྲོས་པ་གཅོད་པའི་ཕྱིར་གནས་སྐབས་ཀྱི་ངེས་དོན་ཡིན་ལ། ཐ་མ་དོན་དམ་པའི་གནས་ལུགས་སོ་སོ་རང་རིག་པའི་ཡེ་ཤེས་ཉིད་གསལ་བར་གཏན་ལ་འབེབས་པར་བྱེད་པས་མཐར་ཐུག་གི་ངེས་དོན་ཡིན་ཅེས་རྣལ་འབྱོར་སྤྱོད་པ་རྣམས་ཀྱི་གཞུང་ལུགས་སུ་འབྱུང་ཞིང༌། ལུང་གི་ཁུངས་གོང་དུ་དྲངས་པ་ལྟར་རྒྱལ་བ་ཉིད་ཀྱི་རྗེས་སུ་གནང་སྟེ་མདོ་སྡེ་ལས་དངོས་སུ་ཕྱེས་པ་དང༌། གཞན་ཡང་རྔ་བོ་ཆེའི་མདོ་ལས། སྟོང་པ་ཉིད་སྟོན་པ་གང་ཅི་ཡང་རུང་བ་དེ་ཐམས་ཅད་ནི་དགོངས་པ་ཅན་དུ་རིག་པར་བྱ་ལ། བླ་ན་མེད་པའི་མདོ་འདི་ལྟ་བུ་འདི་དག་ནི་དགོངས་པ་ཅན་མ་ཡིན་པར་རིག་པར་བྱའོ། །ཞེས་གསུངས་པས་མཚོན་སྙིང་པོའི་མདོ་རྣམས་ལས་དྲང་ངེས་ཀྱི་ཚུལ་ཤིན་ཏུ་གསལ་བ་ཡང་དང་ཡང་དུ་དབྱེ་བར་མཛད་པར་མ་ཟད། དྲང་ངེས་འབྱེད་པ་པོ་ལུང་བསྟན་པ་ས་གསུམ་བརྙེས་པའི་འཕགས་པ་ཐོགས་མེད་སྐུ་མཆེད་ཀྱི་ལུགས་ཏེ། རིགས་པ་གཟུངས་དབང་གི་མདོ་ལས་༼མཱ༡༢༢ན༽གསུངས་པ་ལྟར་ནོར་བུའི་དྲི་མ་རིམ་སྦྱོང་གི་དཔེ་དོན་སོགས་སྦྱོར་བར་སྣང་ངོ༌། །བོད་ཀྱི་སློབ་དཔོན་རྣམས་ལས་ཐམས་ཅད་མཁྱེན་པ་རང་བྱུང་རྒྱལ་བ་དང༌། ཀུན་མཁྱེན་ཆེན་པོ་དོལ་པོ་པ་དང༌། ཀུན་མཁྱེན་དྲི་མེད་འོད་ཟེར་ལ་སོགས་པ་རྗེས་འབྲངས་དང་བཅས་པ་རྣམས་ནི་ལུགས་ཕྱི་མ་གཙོ་བོར་བཞེད་པར་སྣང་ལ། བོད་སྟོན་ཡོངས་སུ་གྲགས་པ་གཞན་ཕལ་མོ་ཆེ་ནི་ལུགས་སྔ་མ་ཉིད་བཞེད་པ་ཡིན་ནོ། །
བཞི་པ་འཕགས་པའི་བཞེད་པ་དང་འབྲེལ་བ་ནི།
ཁྱད་པར་མི་དགེ་བདག་ལྟ་ལྟ་གཞི་ཀུན། །དང་པོ་བར་དང་ཐ་མར་ཟློག་པ་ཡང༌། །
ཆོས་འཁོར་རྣམ་པ་གསུམ་ལ་སྦྱོར་བར་བཞེད། །
ཁྱད་པར་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱིས། བསོད་ནམས་མིན་པ་དང་པོར་ཟློག །བར་དུ་བདག་ནི་ཟློག་པ་དང༌། །ཐ་མར་ལྟ་གཞི་ཀུན་ཟློག་པ། །གང་གིས་ཤེས་དེ་མཁས་པ་ཡིན། །ཅེས་མི་དགེ་བ་དང་བདག་ཏུ་ལྟ་བ་དང་ལྟ་བར་གྱུར་པའི་གཞི་ཀུན་དང་པོ་བར་དང་ཐ་མར་ཟློག་པ་གསུངས་པའང་ཆོས་འཁོར་རྣམ་པ་གསུམ་ལ་རིམ་པ་སྦྱོར་བ་བོད་སྟོན་རྣམས་བཞེད་ཅིང༌། དེའང་ཀུན་རྫོབ་ཀྱི་བདེན་པ་ལ་བླང་དོར་ཕྱིན་ཅི་མ་ལོག་པར་ཞུགས་ནས་དོན་དམ་བདེན་པ་མཐོང་རུང་དུ་སྒྲུབ་པའི་ཕྱིར་དང་པོ། བདག་འཛིན་ཟློག་པའི་ཆེད་དུ་སྤྲོས་པའི་ཕྱོགས་གཅིག་འགོག་པའི་རྣམ་གྲངས་པའི་དོན་དམ་བདེན་པ་བསྟན་པས་གཉིས་པ། ཡོད་མེད་ལ་སོགས་པ་ལྟ་བའི་གཞི་ཐམས་ཅད་ཟློག་པའི་ཕྱིར་སྤྲོས་པ་ཐམས་ཅད་ལས་འདས་པའི་དོན་དམ་བདེན་པ་དངོས་སྟོན་པ་གསུམ་པ་སྟེ། འདི་ལྟར་ན་སྔར་བཤད་པའི་འཁོར་ལོ་བར་པ་དེ་ཉིད་ཐ་མར་བཞག་པ་ཡིན་ཅེས་རང་སྟོང་པ་རྣམས་དང༌། གཞན་སྟོང་པའང་ཁ་ཅིག་གིས་བཞེད་ལ། གཞན་སྟོང་སྨྲ་བ་བྱིངས་རྣམས་ནི། བདག་ཟློག་པ་ནི་སྤྲོས་པ་དང་བྲལ་བའི་བདག་མེད་སྒྲུབ་པ་དང༌། ལྟ་གཞི་ཀུན་ཟློག་ནི་རྣམ་པར་དཔྱད་པའི་སྟོང་པ་ཉིད་༼མཱ༡༢༢བ༽ལས་འདས་པའི་དོན་དང་སྦྱར་ཏེ། གོང་དུ་དྲངས་པའི་མདོ་ལུང་གཉིས་དང་གོ་རིམ་ལྟར་དགོངས་པ་མཐུན་པར་བཤད་དོ། །དེ་ལའང་ཀུན་མཁྱེན་རང་བྱུང་གི་ཞལ་སྔ་ནས། འཕགས་པའི་ལྟ་བ་ཀུན་ཟློག་གི་འཁོར་ལོ་དང༌། རྗེ་བཙུན་བྱམས་པའི་ལུང་བསྟན་པའི་འཁོར་ལོ་གཉིས་སྤྱི་ཙམ་ནས་གནད་གཅིག་ཏུ་འབབས་ཏེ། འཁོར་ལོ་ཐ་མ་དེ་ཡིན་ན་སྤྲོས་བྲལ་སྟོན་པའི་འཁོར་ལོ་ཡིན་པས་ཁྱབ་པའི་གནད་ཀྱིས་སོ། །ཁྱད་པར་གྱི་བྱེ་བྲག་འགའ་ཞིག་གི་སྒོ་ནས་མི་གཅིག་སྟེ། སྔ་མ་དེ་ལ་སྤྲོས་བྲལ་ཙམ་ལས་མ་གསུངས་ཤིང༌། ཕྱི་མ་ནི་སྤྲོས་བྲལ་གྱི་ཡེ་ཤེས་དེ་སོ་སོ་རང་རིག་གི་ཡེ་ཤེས་ཀྱིས་མྱོང་བྱའི་ཁྱད་པར་དུ་བཤད་པས་སོ། །འོ་ན་ཀླུ་སྒྲུབ་ཡབ་སྲས་ཀྱིས་སྤྲོས་བྲལ་གྱི་ཡེ་ཤེས་མི་བཞེད་དམ་ཞེ་ན། མ་ཡིན་ཏེ། བསྟོད་ཚོགས་དང་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་སོགས་ནས་དངོས་སུ་བསྟན་པའི་ཕྱིར་རོ། །ཞེས་བཞེད་དོ། །
ལྔ་པ་དྲང་དོན་གྱི་ལོག་རྟོག་བསལ་ཞིང་དགོངས་པ་གཅིག་ཏུ་བཤད་པ་ནི།
ཁ་ཅིག་དྲང་དོན་མི་བདེན་རྫུན་པར་རྟོག །ལོག་ལྟ་ཉིད་དེ་བཀའ་ལ་རྫུན་མི་མངའ། །
དྲི་མ་མེད་པའི་ཤེས་རབ་ཀྱི་མིག་དང་མི་ལྡན་པ་ཁ་ཅིག་གིས་དྲང་བའི་དོན་དུ་གསུངས་པ་ཐམས་ཅད་དོན་དམ་པར་མི་བདེན་པས་ཡིད་རྟོན་མེད་པའི་རྫུན་པར་རྟོག་པ་དེ་ནི་རང་བློ་འཁྲུལ་པ་བརྒྱ་ཕྲག་གིས་དཀྲིས་པའི་ལོག་རྟོག་ཉིད་དེ་སངས་རྒྱས་ཀྱི་བཀའ་ལ་ནམ་ཡང་རྫུན་དང་བསླུ་བ་མི་མངའ་སྟེ་དྲང་དོན་ཉིད་ཀྱང་དྲང་བའི་དོན་དུ་བདེན་པས་དེས་གནས་ལུགས་ཟབ་མོ་ལ་ཡང་དག་པར་དཀྲི་བའི་ཕྱིར་རོ། །དེས་ན་ཁོ་བོ་ཅག་དབུ་མ་པ་ཡིན་ནོ། །ཞེས་གསུང་རབ་གཞན་ལ་ཟུར་གྱིས་སྨོད་པ་དང༌། བདག་ནི་གསང་སྔགས་པའོ། །ཞེས་ཉན་ཐོས་ཀྱི་སྡེ་སྣོད་སོགས་རྩྭ་ལྟར་དུ་དོར་བ་དང༌། ཁྱད་པར་རྗེ་མི་བསྐྱོད་རྡོ་རྗེའི་ཞལ་ནས། དེང་སང་གི་རྙིང་མ་པར་གྲགས་པ་སངས་རྒྱས་ཤཱཀྱ་ཐུབ་པ་ལ་སྟོན་པར་མི་འཛིན་ཅིང་བྱང་ཆུབ་ཕྱོགས་ཀྱི་ཆོས་རྣ་བར་ཐོས་མ་མྱོང་བ་༼མཱ༡༢༣ན༽འདི་དག་ནི་ནང་པའི་གྲལ་དུའང་མི་གཏོགས་སོ། །ཞེས་གསུངས་པའི་ཕྱིར་ན། དེ་ལྟ་བུའི་ཆོས་སྤོང་གི་གནས་ལ་བརྟགས་ཤིང་དཔྱད་ནས་བག་ཡོད་པར་བྱའོ། །
སྣང་ཚུལ་སྤྲོས་གཅོད་གནས་ལུགས་དངོས་བསྟན་ཕྱིར། །ཆོས་ཀུན་དགོངས་གཅིག་ཤིང་རྟ་ཆེ་སོགས་བཞེད། །
སྣང་ཚུལ་ཀུན་རྫོབ་ཀྱི་སྤྲོས་པ་གཅོད་པ་དང༌། དོན་དམ་གནས་ལུགས་དངོས་སུ་བསྟན་པ་ལ་སྟོན་ཚུལ་དབང་པོའི་བྱེ་བྲག་གིས་རགས་ཞི་འབྱུང་བའི་ཕྱིར། རྒྱལ་བས་གསུངས་པའི་ཆོས་སྒོ་ཀུན་དགོངས་པ་གཅིག་པ་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཞབས་སོགས་བཞེད་དོ། །དེའང་རྩ་ཤེ་ལས། བཅོམ་ལྡན་དངོས་དང་དངོས་མེད་པ། །མཁྱེན་པས་ཀ་ཏྱཱ་ཡ་ན་ཡི། །གདམས་ངག་ལས་ནི་ཡོད་པ་དང༌། །མེད་པ་གཉིས་ཀ་དགག་པར་མཛད། །ཅེས་འཁོར་ལོ་དང་པོར་ཡོད་མེད་ཀྱི་མཐའ་དང་བྲལ་བའི་གདམས་ངག་ཡོད་པས། སྐྱེ་མཆེད་ཡོད་པར་གསུངས་པ་ཐམས་ཅད་སྣང་ཙམ་ལ་དགོངས་པ་དང༌། མྱ་ངན་འདས་པ་བདེན་གཅིག་པུ། །རྒྱལ་བ་རྣམས་ཀྱིས་གང་གསུངས་པ། །དེ་ཚེ་ལྷག་མ་ལོག་པ་ཞེས། །མཁས་པ་སུ་ཞིག་རྟོགས་མི་བྱེད། །ཅེས་འཁོར་ལོ་བར་པར་གཟུགས་ནས་རྣམ་མཁྱེན་གྱི་བར་ཀུན་རྫོབ་འདུས་བྱས་ཀྱི་ལྷག་མ་ལོག་པ་སྟེ་སྤྲོས་པས་སྟོང་པའི་ངོ་བོ་མྱང་འདས་དུས་མ་བྱས་བདེན་གཅིག་ཏུ་གསུངས་པ་དང༌། དབུ་མ་སྒོམ་རིམ་ལས། དེ་ལྟར་ཤེས་རབ་དག་པ་ཡིས། །རང་གི་ངོ་བོ་དོན་དམ་འདི། །ཤིན་ཏུ་ཡང་ནི་གྲུབ་པས་ན། །བརྟགས་པས་གཞན་དངོས་འགྱུར་མ་ཡིན། །ཅེས་སྒོམ་དོན་དུ་གསལ་བར་གསུངས་པ་རྣམས་འཁོར་ལོ་ཐ་མ་དང་མཐུན་ཅིང༌། ཁྱད་པར་བསྟོད་ཚོགས་ལས་འཁོར་ལོ་ཐ་མའི་དོན་རྩལ་དུ་བཏོན་ཅིང༌། བྱང་ཆུབ་སེམས་འགྲེལ་ལས་ཀྱང་དེ་དང་སྔགས་ཀྱི་ཟབ་དོན་ཟུང་དུ་འཇུག་པར་སྦྲེལ་པ་ལས་གཅིག་གིས་གཅིག་འགོག་པར་མཛད་ཅིང༌། འཕགས་པ་ཐོགས་མེད་༼མཱ༡༢༣བ༽ཞབས་ཀྱིས་ཀྱང༌། མདོ་སྡེ་དང་མདོ་སྡེ་འགལ་བར་སྨྲ་བ་ནི་དམ་པའི་ཆོས་སྤོང་བའོ། །ཞེས་གསལ་བར་གསུངས་པས་མཚོན་ནོ། །དེས་ན་རྗེ་བཙུན་བྱམས་པས། སངས་རྒྱས་ཉིད་ཀྱིས་བཞག་པའི་ཐུབ་ཚུལ་གང་ཡིན་དེ་མི་དཀྲུགས་པར་ནན་ཏན་དུ་གདམས་པར་མཛད་པ་འདི་རས་སུ་མི་བོར་བར་ཐལ་མོ་སྦྱོར་བ་ལགས་སོ། །
གཉིས་པ་བདེན་གཉིས་ཀྱི་རྣམ་པར་གཞག་པ་ལ་གཉིས། བཤད་པ་མཚམས་སྦྱར་བ་དང༌། རྣམ་གཞག་དངོས་སོ། །དང་པོ་ནི།
དམ་ཆོས་བདེན་པ་གཉིས་ལ་བརྟེན་ནས་གསུངས། །
དེ་བཞིན་གཤེགས་པས་དམ་པའི་ཆོས་ཀྱི་སྒོ་མོ་ཇི་སྙེད་ཅིག་བསྟན་པ་ཐམས་ཅད་བདེན་པ་གཉིས་ལ་ཡང་དག་པར་བརྟེན་ནས་གསུངས་ཏེ། ཡབ་སྲས་མཇལ་བ་ལས། འཇིག་རྟེན་མཁྱེན་པས་གཞན་ལ་མ་གསན་པར། །བདེན་པ་འདི་གཉིས་ཉིད་ཀྱིས་སྟོན་པར་མཛད། །གང་ཞིག་ཀུན་རྫོབ་དེ་བཞིན་དོན་དམ་སྟེ། །བདེན་པ་གསུམ་པ་གང་ཡང་མ་མཆིས་སོ། །ཞེས་གསུངས་པའི་རྗེས་སུ་འབྲངས་ནས། ཀླུ་སྒྲུབ་ཞབས་ཀྱིས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བསྟན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང༌། །དམ་པའི་དོན་གྱི་བདེན་པའོ། །ཞེས་གསུངས་ལྟར་རོ། །
གཉིས་པ་རྣམ་གཞག་དངོས་ལ་ལྔ། ངོ་བོ། ངེས་ཚིག །མཚན་ཉིད་རྣམ་གྲངས་དང་བཅས་པ། རབ་ཏུ་དབྱེ་བ། ཤེས་པའི་དགོས་པའོ། །དང་པོ་ནི།
དེ་དག་ངོ་བོ་སྤྱིར་ནི་བཅོས་མ་བཅོས། །ཕལ་པའི་བློས་བཏགས་འཕགས་པའི་མཉམ་གཞག་དོན། །
བདེན་པ་དེ་དག་ལ་གྲུབ་མཐའ་སོ་སོའི་འདོད་ཚུལ་ངོ་བོ་ངོས་འཛིན་མི་འདྲ་བ་མང་ཡང༌། སྤྱིར་ཐེག་ཆེན་པ་རྣམས་ཀྱིས་བཞེད་པས་ཀུན་རྫོབ་བདེན་པ་བཅོས་ཤིང་སྒྲོ་བཏགས་པ་དང༌། དོན་དམ་བདེན་པ་མ་བཅོས་ཤིང་སྒྲོ་མ་བཏགས་པ་ཡིན་ལ། བྱེ་བྲག་གྲུབ་མཐའ་སྨྲ་བ་རྣམས་ཀྱི་རྩེ་མོ་ཐལ་འགྱུར་བའི་ལུགས་ལྟར་ན། འཇུག་པ་ལས། དངོས་ཀུན་ཡང་དག་རྫུན་པར་༼མཱ༡༢༤ན༽མཐོང་བ་ཡིས། །དངོས་སྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། །ཡང་དག་མཐོང་ཡུལ་གང་དེ་དོན་དམ་སྟེ། །མཐོང་བ་རྫུན་པ་ཀུན་རྫོབ་བདེན་པར་གསུངས། །ཞེས་པས། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་འདི་རྣམས་རེ་རེའང་རང་བཞིན་ནམ་ངོ་བོ་གཉིས་གཉིས་འཛིན་པར་དམིགས་ཏེ། འདི་ལྟར་བྱིས་པ་རྣམས་ཀྱིས་མ་བརྟགས་མ་དཔྱད་པར་རང་གར་འཇུག་པའི་བློས་རྙེད་པའི་ངོ་བོ་གང་ཡིན་པ་དང༌། འཕགས་པ་རྣམས་ཀྱི་མཉམ་གཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་རྙེད་པའི་ངོ་བོ་གང་ཡིན་པའོ། །དེ་གཉིས་ཀྱི་སྔ་མ་ནི་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱ་སྟེ། མ་རིག་པ་ནི་དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་པས་ན་ཀུན་རྫོབ་ཅེས་བྱ་ལ། དེ་བདེན་པར་བཟུང་ཞིང་དེ་ཁོ་ན་ཉིད་ཀྱི་དོན་མ་རྟོགས་བར་དུ་གཟུང་བ་ལྟར་དོན་བྱེད་ཅིང་བྱིས་པ་རྣམས་མི་བསླུ་བའི་ཕྱིར་བདེན་པ་ཞེས་བྱའོ། །ཇི་སྐད་དུ། དེ་ཉིད་ལས། མ་རིག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །དེས་གང་བཅོས་མ་བདེན་པར་སྣང་དེ་ནི། །ཀུན་རྫོབ་བདེན་ཞེས་ཐུབ་པ་དེས་གསུངས་ཏེ། །བཅོས་མར་གྱུར་པའི་དངོས་ནི་ཀུན་རྫོབ་ཏུའོ། །ཞེས་གསུངས་པས་སོ། །ཕྱི་མ་ནི་དོན་དམ་པའི་བདེན་པ་ཞེས་བྱ་སྟེ། འཕགས་པའི་མཉམ་གཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་གནས་ལུགས་ཇི་ལྟ་བར་འཇུག་པས་ན་དམ་པ་ཞེས་བྱ་ལ། དེའི་སྤྱོད་ཡུལ་དུ་གྱུར་པས་ན་དོན་དང་རྣམ་པ་ཐམས་ཅད་མི་བསླུ་བས་བདེན་པ་ཡིན་པའི་ཕྱིར་རོ། །
གཉིས་པ་ངེས་ཚིག་ནི།
ངེས་ཚིག་འདུས་བྱས་ཀུན་རྫོབ་ཉིད་དུ་བདེན། །གཅིག་ནི་དམ་པའི་དོན་དུ་བདེན་པའོ། །
བདེན་པ་གཉིས་ཀྱི་སྒྲ་དོན་ངེས་ཚིག་ནི། ལེགས་སྦྱར་གྱི་སྐད་ལ་ཕྱིས་བསྣན་གྱི་ངེས་པས་ཀུན་རྫོབ་ཅེས་བྱ་བའི་སྒྲ། ཡང་དག་སྒྲིབ་པ་དང༌། ཚོགས་པའམ་འདུས་པ་དང༌། བརྡའམ་ཐ་སྙད་དང༌། ཀུན་འབྱེད་པ་དང༌། རྫུ་བག་རྣམས་ལ་འཇུག་པར་བཤད་པའི་དང་པོ་ལྟར་ན། ཡང་དག་པའི་རང་བཞིན་༼མཱ༡༢༤བ༽དོན་དམ་བདེན་པ་སྒྲིབ་པར་བྱེད་པ་ཉོན་མོངས་ཅན་གྱི་མ་རིག་པ་ནི་ཀུན་རྫོབ་ཅེས་བྱ་ཞིང༌། དེས་གང་ཟག་དེའི་རྒྱུད་དབང་བྱས་པས་དེའི་དབང་དུ་སོང་བའི་ཚད་མ་གང་ལ་འདུས་བྱས་ཀྱི་ཆོས་སྣང་བ་དེ་ནི་ཀུན་རྫོབ་ཏུ་བདེན་པས་དེར་བཏགས་པ་སྟེ། འཇུག་པ་ལས། མ་རིག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །ཞེས་སོགས་བཤད་དོ། །གཉིས་པ་ནི། ཚོགས་པ་དེ་དག་ཕན་ཚུན་མདུང་ཁྱིམ་ལྟར་གཅིག་ལ་གཅིག་ལྟོས་ནས་གྲུབ་པ་ཡིན་གྱི། ངོ་བོ་ཉིད་ཀྱིས་མ་ཡིན་པས་ཀུན་རྫོབ་ཅེས་བྱ། གསུམ་པ་ནི། ཚིག་གསལ་ལས། ཡང་ན་ཀུན་རྫོབ་ནི་བརྡ་སྟེ་འཇིག་རྟེན་གྱི་ཐ་སྙད་ཅེས་བྱ་བའི་ཐ་ཚིག་གོ །ཡང་ན་རྗོད་པ་དང་བརྗོད་བྱ་དང་ཤེས་པ་དང་ཤེས་བྱ་ལ་སོགས་པའི་མཚན་ཉིད་ཅན་ནོ། །ཞེས་སོ། །བཞི་པ་ནི། རྟོག་གེ་འབར་བ་ལས། གཟུགས་ལ་སོགས་པའི་དངོས་པོ་ཀུན་རྣམ་པར་འབྱེད་པའི་དོན་གྱིས་ན་ཀུན་རྫོབ་སྟེ། ཞེས་སོ། །ལྔ་པ་ནི། དཔྱད་མི་བཟོད་པའི་དོན་གྱིས་ཀུན་རྫོབ་སྟེ། སློབ་དཔོན་སེང་གེ་བཟང་པོས། རྣམ་པར་དཔྱད་པའི་དཔུང་མི་བཟོད་པས་ན་ཀུན་རྫོབ། ཅེས་གསུངས་པ་ལྟར་རོ། །ཅིག་ཤོས་དོན་དམ་བདེན་པ་ཞེས་པའི་དམ་པ་དངོས་ནི་འཕགས་རྒྱུད་ཀྱི་མཉམ་གཞག་ཡེ་ཤེས་ཡིན་ལ། དོན་ནི་དེའི་སྤྱོད་ཡུལ་དུ་གྱུར་པའི་སྟོང་པ་ཉིད་དང༌། བདེན་པ་ཞེས་པ་དེ་ཉིད་རྣམ་པ་ཐམས་ཅད་དུ་མི་བསླུ་བས་དེ་སྐད་དུ་བཞག་གོ །དམ་པ་དེའི་རྗེས་མཐུན་པ་ནི་རིགས་ཤེས་རྗེས་དཔག་དོན་ནི་དེའི་སྤྱོད་ཡུལ་དུ་གྱུར་པའི་མེད་དགག་གི་མཚན་ཉིད་ཅན་གྱི་སྟོང་པ་ཉིད། བདེན་པ་ཞེས་པ་བརྟགས་ཤིང་དཔྱད་པའི་རིགས་པའི་ངོར་མི་བསླུ་བས་དེ་སྐད་དུ་བཞག་པར་འདོད་དེ་ཕྱི་མ་འདི་ལ་རྗེས་ཐུན་པའམ་རྣམ་གྲངས་པའི་དོན་དམ་བདེན་པ་ཟེར་ཏེ། དབུ་མའི་བསྟན་བཅོས་རྣམས་སུ་བདེན་གཉིས་ཀྱི་དཔྱད་པ་འཇུག་པ་ཐམས་ཅད་འདི་ཁོ་ན་ལས་བརྩད་པ་ཡིན་གྱི། དོན་དམ་པའི་བདེན་པ་དངོས་ལ་ནི་ཀུན་རྟོག་གི་དཔྱད་པ༼མཱ༡༢༥ན༽བྱར་མེད་དོ། །ཐ་སྙད་དུ་དོན་དམ་པ་གཉིས་ཡོད་པ་དང་དེ་གཉིས་ཀྱི་མཚན་ཉིད་ཀྱང་གསལ་བར་རྟོག་གེ་འབར་བ་ལས་གསུངས་སོ། །
གསུམ་པ་མཚན་ཉིད་རྣམ་གྲངས་དང་བཅས་པ་ནི།
མཚན་ཉིད་མ་དཔྱད་འཁྲུལ་པའི་ཤེས་ཡུལ་དང༌། །མ་འཁྲུལ་འཕགས་པའི་ཡུལ་ཏེ་སླུ་མི་སླུ། །
ཡུལ་ཅན་འཛིན་སྟངས་འཁྲུལ་དང་མ་འཁྲུལ་ལོ། །དེ་དག་མིང་གི་རྣམ་གྲངས་མང་པོར་བསྟན། །
དེ་གཉིས་སོ་སོའི་མཚན་ཉིད་ནི། སྒྲོ་བཏགས་པའམ་བཅོས་པའི་ངོ་བོ་མཐོང་བ་རྫུན་པ་མ་དཔྱད་བྱིས་པའི་ཤེས་ངོར་རྙེད་པའི་རྙེད་དོན་ཀུན་རྫོབ་བདེན་པའི་མཚན་ཉིད་དང༌། སྒྲོ་མ་བཏགས་པའམ་མ་བཅོས་པའི་ངོ་བོ་མཐོང་བ་ཡང་དག་པ་འཕགས་པའི་རིགས་ངོར་རྙེད་པའི་རྙེད་དོན་དོན་དམ་བདེན་པའི་མཚན་ཉིད་དེ། ཕ་ཚབ་ཀྱི་སྲས་ཀྱི་ཐུ་བོ་རྨ་བྱ་བྱང་བརྩོན་གྱིས། མ་དཔྱད་འཁྲུལ་པའི་ཤེས་ཡུལ་ཀུན་རྫོབ་སྟེ། །མ་འཁྲུལ་འཕགས་པའི་ཤེས་ཡུལ་དོན་དམ་ཡིན། །ཞེས་གང་བཤད་པ་བཞིན་ཏེ། སྣང་ཡུལ་ལ་འཁྲུལ་པ་ཙམ་གྱིས་ཀྱང་འཁྲུལ་ཤེས་སུ་འཇོག་པ་མང་ཞིང་དེ་ལྟ་ན་རིགས་ཤེས་རྗེས་དཔག་ཀྱང་དེ་ཡིན་མོད། དེ་ནི་དཔྱད་ཤེས་ཡིན་པས་དེ་བཅད་ཕྱིར་མ་དཔྱད་ཅེས་པའི་སྒྲ་སྦྱར་རོ། །འོན་ཀྱང་སྐབས་འདིར་ཡུལ་གྱི་བདེན་རྫུན་ནི་མི་སླུ་བ་དང་སླུ་བ་ལ་བྱེད་ཅིང༌། ཡུལ་ཅན་གྱི་བདེན་རྫུན་ནི་འཛིན་སྟངས་མ་འཁྲུལ་པ་དང་འཁྲུལ་པ་ལ་བྱེད་པའོ། །དེ་དག་གི་མིང་གི་རྣམ་གྲངས་ནི་གྲུབ་མཐའ་སོ་སོའི་བཞེད་པས་ཤིན་ཏུ་མང་ཞིང༌། དབུ་མའི་ལུགས་ལྟར་ན། དབུས་མཐའ་ལས། སྟོང་པ་ཉིད་ནི་མདོར་བསྡུ་ན། །དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་དང༌། །ཆོས་ཀྱི་དབྱིངས་ཀྱི་རྣམ་གྲངས་སོ། །གཞན་མིང་ཕྱིན་ཅི་མ་ལོག་ཡིན། །ཅེས་དང༌། འཕགས་པ་གྲོལ་སྡེས་མདོའི་རྗེས་སུ་འབྲང་ནས་རྣམ་གྲངས་བཅུ་གཅིག་ཏུ་བཤད་པ་དང༌། སློབ་དཔོན་ཟླ་བས་ཀྱང་༼མཱ༡༢༥བ༽རྣམ་གྲངས་མང་དུ་བཤད་ཅིང༌། དེ་ལས་ལྡོག་པ་ནི་ཀུན་རྫོབ་བདེན་པའི་མིང་གི་རྣམ་གྲངས་སུ་འགྱུར་ལ། གཞན་ཡང་འདི་ལ་བརྡ་ཙམ་དང༌། མིང་ཙམ་དང༌། བཏགས་པ་ཙམ་དང༌། ཐ་སྙད་ཙམ་ཞེས་བྱ་བ་སོགས་ཀྱང་བརྗོད་དོ། །
བཞི་པ་རབ་ཏུ་དབྱེ་བ་ལ་ལྔ། དབྱེ་བ་དངོས། འབྱེད་པའི་རྒྱུ་མཚན། གཉིས་ཀྱི་གྲངས་ངེས། གཅིག་གམ་ཐ་དད། གྲུབ་མཐའ་སོ་སོའི་འདོད་ཚུལ་ལོ། །དང་པོ་ལ་གཉིས། སྤྱིར་དབྱེ་བ་དང༌། བྱེ་བྲག་སོ་སོའི་དབྱེ་བའོ། །དང་པོ་ནི།
དབྱེ་གཞི་མ་དཔྱད་ཤེས་བྱ་ཙམ་གྱི་སྟེང༌། །སྣང་ལུགས་གནས་ལུགས་ཀུན་རྫོབ་དོན་དམ་དབྱེ། །
སྤྱིར་ཀུན་རྫོབ་རིག་ངོའི་ཤེས་བྱ་དང་དོན་དམ་འཁྲུལ་ངོའི་ཤེས་བྱ་མིན་ཡང་མ་ཕྱེ་བར་མ་བརྟགས་མ་དཔྱད་པའི་ངོར་ཤེས་བྱ་ཙམ་འདི་བདེན་གཉིས་ཀྱི་དབྱེ་གཞི་ཉིད་དུ་མདོ་ལས་གསུངས་ཏེ། ཇི་སྐད་དུ། ཤེས་པར་བྱ་བ་ལ་བདེན་པ་གཉིས་པོ་འདི་ཙམ་དུ་ཟད་དོ། །ཞེས་གསུངས་པས་སོ། །དེ་ལ། རྩ་ཤེ་ལས། འཇིག་རྟེན་ཀུན་རྫོབ་བདེན་པ་དང༌། །དམ་པའི་དོན་གྱི་བདེན་པའོ། །ཞེས་པ་ལྟར་སླུ་ཆོས་ཀུན་རྫོབ་ཀྱི་བདེན་པ་དང༌། སླུ་མེད་དོན་དམ་གྱི་བདེན་པ་གཉིས་སམ། སྣང་ལུགས་དང༌། གནས་ལུགས་ཀྱི་སྒོ་ནས་ཀུན་རྫོབ་དང་དོན་དམ་གྱི་བདེན་པ་གཉིས་སུ་དབྱེའོ། །
གཉིས་པ་སོ་སོའི་དབྱེ་བ་ནི།
སྣང་ལུགས་འཁྲུལ་པ་འགྲོ་བློའི་སྣང་བ་སྟེ། །མ་འཁྲུལ་ལམ་དང་འབྲས་བུར་ཕལ་ཆེར་བཞེད། །
སྐྱེ་འཕགས་འཇིག་རྟེན་རྣལ་འབྱོར་ཀུན་རྫོབ་དང༌། །དོན་དམ་ངོ་བོ་དབྱེར་མེད་མཚན་ཉིད་གསུམ། །
ཆོས་ཅན་སྒོ་ནས་བཅུ་དྲུག་སོགས་སུ་དབྱེ། །
སྣང་ལུགས་ལའང་འཁྲུལ་པ་དང་མ་འཁྲུལ་པའི་སྣང་ལུགས་གཉིས་ལས། དང་པོ་སྣང་ལུགས་འཁྲུལ་པ་ནི། འགྲོ་བློར་འཁྲུལ་སྣང་འཁྲུལ་འཛིན་འཁྲུལ་ཤེས་སུ་ཤར་བ་ཇི་སྙེད་པ་སྟེ། སླུ་བ་དང་མི་བདེན་པས་དམྱལ་བ་ནས་སངས་རྒྱས་ཀྱི་བར་བསམ་བརྗོད་དུ་སྣང་ཚད་༼མཱ༡༢༦ན༽བློའི་རི་མོས་བཏགས་པ་ཡིན་པས་དོན་ལ་མ་རེག་པའི་ཕྱིར་འཁྲུལ་པར་བཤད་དོ། །དེའང་འབྱུང་བ་བཞི་སོགས་སྣང་ལ་དོན་བྱེད་ནུས་པ་ཡང་དག་པའི་ཀུན་རྫོབ། ཟླ་བ་གཉིས་སྣང་ལྟ་བུ་སྣང་ལ་དོན་བྱེད་མི་ནུས་པ་ལོག་པའི་ཀུན་རྫོབ་ཏུ་འཇོག །མ་འཁྲུལ་པའི་ཀུན་རྫོབ་ལ་གཉིས། འབྲས་བུ་ལས་མ་འཁྲུལ་པ་ལམ་གྱི་ཡེ་ཤེས་ཡོན་ཏན་དང་བཅས་པ་གོང་དུ་འགྱུར་བས་མི་རྟག་ཀྱང་གཤིས་ཀྱི་སར་བགྲོད་པ་ལ་ལྟོས་ནས་མ་འཁྲུལ་པ་དང༌། འབྲས་བུ་ཐོབ་པས་མ་འཁྲུལ་པ་སངས་རྒྱས་ཀྱི་ཡེ་ཤེས་གཟུགས་སྐུ་དང་བཅས་པ་འོག་མིན་ན་བཞུགས་པ་སྟེ། དེ་དག་ཕལ་ཆེར་རང་རྒྱུད་པས་བཞེད་ཅིང༌། དེའང་ལུགས་འདིའི་ཡང་དག་ཀུན་རྫོབ་བཞེད་པ་ནི་ཚུར་མཐོང་གི་རྒྱུད་ཀྱི་གཟུགས་སྒྲ་སོགས་འཛིན་པའི་དབང་པོའི་མངོན་སུམ་རྣམས་རང་གི་སྣང་ཡུལ་ལ་མ་འཁྲུལ་པར་འདོད་པའི་དབང་གིས་ཡིན་ལ། ཐལ་འགྱུར་བས་ནི་ཤེས་པ་དེ་རྣམས་རང་གི་སྣང་ཡུལ་ལའང་འཁྲུལ་པར་འདོད་པའི་ཕྱིར་ཡང་དག་ཀུན་རྫོབ་མི་བཞེད་ཅིང༌། ཀུན་རྫོབ་ཡིན་ན་ལོག་པར་ཁས་ལེན་ཅིང༌། རང་གིས་མཚན་ཉིད་ཀྱིས་གྲུབ་པར་འདོད་མི་འདོད་ཀྱང་དེ་ལ་ཐུག་པ་ཡིན་པས་ཕྲ་བའི་གནས་ཡིན་ཅེས་མཚན་ཉིད་པ་ཕྱི་མ་རྣམས་གསུངས་སོ། །ཡང་ན་སྐྱེ་འཕགས་ཀྱི་ཀུན་རྫོབ་གཉིས་སུ་འགྱུར་ཏེ། དང་པོ་ནི། ཆུ་ཟླ་དང་སྒྲ་བརྙན་ལ་སོགས་པ་སྟེ་དེ་དག་ནི་རྫུན་པ་དང་བསླུ་བའི་ཆོས་ཅན་དུ་བྱིས་པ་རྣམས་ཀྱིས་ཀྱང་ཡོངས་སུ་གཅོད་པར་བྱེད་པའི་ཕྱིར་རོ། །གཉིས་པ་ནི། བྱིས་པ་རྣམས་ཀྱིས་མངོན་པར་ཞེན་པའི་གཟུགས་སྒྲ་ལ་སོགས་པ་སྟེ། དེ་དག་ནི་འཕགས་པའི་ཆོས་མཐོང་བ་རྣམས་ཀྱིས་སྒྱུ་མ་བཞིན་དུ་གསོག་དང་གསོབ་དང་སྙིང་པོ་མེད་པར་ཁོང་དུ་ཆུད་པའི་ཕྱིར་རོ། །ཡང་ན་འཇིག་རྟེན་པའི་ཀུན་རྫོབ་དང་རྣལ་འབྱོར་གྱི་ཀུན་རྫོབ་གཉིས་སུའང་དབྱེ་བར་གསུངས་ཏེ། ཞི་བ་ལྷས། རྣལ་འབྱོར་ཀུན་རྫོབ་༼མཱ༡༢༦བ༽ཉེས་མེད་དེ། །ཞེས་དང༌། ཟླ་བས། རྣམ་བདུན་གྱིས་མེད་གང་དུ་ཇི་ལྟ་བུ། །ཡོད་ཅེས་རྣལ་འབྱོར་པས་དེའི་ཡོད་མི་རྙེད། །ཅེས་སོགས་གསུངས་སོ། །མཚན་གཞི་ནི་མ་བརྟགས་མ་དཔྱད་པའི་འཁྲུལ་ངོའི་ཆོས་ཅན་རགས་པ་རྣམས་ནི་འཇིག་རྟེན་པའི་ཀུན་རྫོབ། ཅུང་ཟད་དཔྱད་ངོའི་ཐ་སྙད་པའི་བློའི་རྙེད་དོན་ཕྲ་བའི་མི་རྟག་པ་དང༌། ཉན་རང་མི་སློབ་པ་ནས་བྱང་འཕགས་མན་ཆད་ཀྱི་འཕགས་པའི་རྗེས་ཐོབ་ཀྱི་སྣང་བ་རྣམས་ནི་རྣལ་འབྱོར་པའི་ཀུན་རྫོབ་བོ། །མིང་གི་རྣམ་གྲངས་ཀྱང་སྔ་མ་ལ་མ་བརྟགས་པའི་དང་བྱིས་པའི་དང་རིགས་ཤེས་དང་མ་འབྲེལ་བའི་ཀུན་རྫོབ་ཅེས་བྱ་ལ། ཕྱི་མ་ལ་ཡང་དཔྱད་པའི་དང་འཕགས་པའི་རིགས་ཤེས་དང་འབྲེལ་བའི་དང་དབུ་མ་པའི་ཀུན་རྫོབ་ཅེས་བྱའོ། །སྐབས་འདིའི་ལོག་པ་དང་ཡང་དག་ཀུན་རྫོབ་གཉིས་ནི་འཇིག་རྟེན་པ་རང་སའི་བདེན་པ་གཉིས་སུ་འཇོག་པའང་ཡིན་ནོ། །དོན་དམ་པའི་བདེན་པ་ལ་ནི་ངོ་བོའི་སྒོ་ནས་དབྱེ་བ་བགྱིར་མེད་དེ། ནམ་མཁའ་ལྟར་ཀུན་ཏུ་རོ་གཅིག་པའི་ཕྱིར་དང༌། ཐ་སྙད་ཀྱི་ཡུལ་ལས་འདས་པའི་ཕྱིར་ཏེ། དཀོན་བརྩེགས་ལས། དགེ་སློང་དག་བདེན་པ་དམ་པ་འདི་ནི་གཅིག་སྟེ། འདི་ལྟ་སྟེ། མི་སླུ་བའི་ཆོས་ཅན་གྱི་མྱ་ངན་ལས་འདས་པའོ། །ཞེས་སོ། །སྒྲས་བརྗོད་ཙམ་དུ་དབྱེ་ན་བདེན་ཆུང་ལས་རྣམ་གྲངས་པ་དང་རྣམ་གྲངས་མ་ཡིན་པའི་དོན་དམ་བདེན་པ་གཉིས་སུ་གསུངས་ཏེ། དང་པོ་ནི་སྤྲོས་པ་ཕྱོགས་རེ་ཙམ་དང་བྲལ་བ་སྟེ་སྐྱེ་བ་བཀག་པའི་སྐྱེ་མེད་ལྟ་བུའོ། །ཕྱི་མ་ནི་སྤྲོས་པ་མཐའ་དག་དང་བྲལ་བའོ། །རྣམ་གྲངས་པའི་དོན་དམ་བདེན་པ་དེ་ལ་དགག་བྱའི་སྒོ་ནས་དབྱེ་ན་གང་ཟག་དང་ཆོས་ཀྱི་བདག་མེད་གཉིས་སོ། །མཚན་ཉིད་ཀྱི་སྒོ་ནས་དབྱེ་ན་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་སྟེ་རྣམ་ཐར་གསུམ་མམ་མངོན་པར་འདུས་མ་བྱས་དང་བཞིའོ། །ཆོས་ཅན་གྱི་སྒོ་ནས་དབྱེ་ན་སྟོང་པ་ཉིད་བཅུ་དྲུག་དང༌། སོགས་ཁོངས་ནས་བཅོ་བརྒྱད་དང་ཉི་ཤུ་༼མཱ༡༢༧ན༽རྣམས་སུ་དབྱེ་བ་ཡིན་ནོ། །
གཉིས་པ་དབྱེ་བའི་རྒྱུ་མཚན་ནི།
འཕགས་དང་བྱིས་བློའི་འཛིན་སྟངས་ཁྱད་པར་དང༌། །ལྟོས་བཞག་ལ་བརྟེན།
ཅེས་པ་སྟེ། འདི་ལྟར་བདེན་པ་གཉིས་སུ་དབྱེ་བའི་རྒྱུ་མཚན་ཡང་འཕགས་པ་དང་བྱིས་པའི་གང་ཟག་གཉིས་ཀྱིས་བློའི་འཛིན་སྟངས་མི་འདྲ་བ་ལས་ཡིན་ལ། དེའི་ཕྱིར་ཡུལ་ཅན་གྱི་སྒོ་ནས་བདེན་པ་གཉིས་སུ་འབྱེད་པ་ཡིན་གྱི། དོན་ལ་གཉིས་སུ་གནས་པ་མིན་ཏེ་ཀུན་རྫོབ་དོན་ལ་གནས་ན་ཀུན་རྫོབ་ཏུ་མི་འགྱུར་ཞིང༌། གཞན་དུ་ན་དོན་དམ་པའི་བདེན་པ་གཉིས་སུ་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་ཀུན་རྫོབ་དོན་ལ་མི་གནས་པ་ལ་དོན་དམ་པའོ་ཞེས་འགའ་ཡང་ཡོད་པ་མིན་ཏེ། བདེན་འཛིན་གྱི་རྣམ་གཞག་ཕན་ཚུན་ལྟོས་ནས་བཞག་པའི་ཕྱིར་རོ། །དེས་ན་མཐའ་བྲལ་གྱི་དོན་ནི་དོན་དམ་པའི་བདེན་པ་དང༌། གཞན་ནི་ཀུན་རྫོབ་ཀྱི་བདེན་པའོ། །ཞེས་པའང་མངོན་ཞེན་ཅན་དག་གི་ངག་བརྡར་སྦྱར་བ་ལས་དབུ་མ་རང་ལུགས་ལ་ཀུན་རྫོབ་དོན་དམ་གྱི་ཕྱོགས་གང་ཡང་བཞག་ཏུ་ཡོད་པ་མ་ཡིན་ཏེ། ཇི་སྲིད་བརྗོད་བྲལ་གྱི་དོན་མ་རྟོགས་པ་དེ་སྲིད་དུ་དབུ་མ་པའང་མིན་ཏེ་དབུ་མའི་དོན་མ་རྟོགས་པའི་ཕྱིར་རོ། །
གསུམ་པ་གྲངས་ངེས་ནི།
བདེན་པ་གཉིས་སུ་ངེས། །
ཞེས་པ་སྟེ། བདེན་པ་ནི་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་སུ་གྲངས་ངེས་པ་ཡིན་ཏེ། ལང་གཤེགས་ལས། ཀུན་རྫོབ་དང་ནི་དོན་དམ་སྟེ། །རྒྱུ་ལས་སྐྱེས་པ་གསུམ་པ་མེད། །ཀུན་རྫོབ་རྟོག་པས་བརྟགས་པ་སྟེ། །དེ་ཟད་འཕགས་པའི་སྤྱོད་ཡུལ་ལོ། །ཞེས་དང༌། ཡབ་སྲས་མཇལ་བ་ལས། དེ་ལྟར་དེ་བཞིན་གཤེགས་པས་ཀུན་རྫོབ་དང་དོན་དམ་པ་གཉིས་ཐུགས་སུ་ཆུད་དེ། ཤེས་པར་བྱ་བའང་ཀུན་རྫོབ་དང་དོན་དམ་པའི་བདེན་པ་འདིར་ཟད་དོ། །ཞེས་སོ། །རིགས་པའང་ཐབས་ཕྱོགས་གཙོ་བོར་བྱས་པའི་བླང་དོར་ལ་ཀུན་རྫོབ་མེད་དུ་མི་རུང་ཞིང༌། བླང་བྱའི་གཙོ་བོ་རྣམ་དག་མི་དམིགས་པ་༼མཱ༡༢༧བ༽ལ་དོན་དམ་པ་མེད་དུ་མི་རུང་བས་ཉུང་ན་མི་འདུ་ཞིང་དེ་ཙམ་གྱིས་སྐྱེས་བུའི་དོན་ཐམས་ཅད་འགྲུབ་པས་མང་མི་དགོས་པའི་ཕྱིར་རོ། །ཡང་ན་ཡུལ་ཅན་གྱི་བློ་ནི་འཁྲུལ་པ་དང་མ་འཁྲུལ་པ་གཉིས་སུ་ངེས་ཤིང་དེའི་སྔ་མ་ལ་ལྟོས་ཏེ་ཀུན་རྫོབ་དང༌། ཕྱི་མ་ལ་ལྟོས་ཏེ་དོན་དམ་གྱི་རྣམ་གཞག་མེད་མི་རུང་བས་ན་བདེན་པ་གཉིས་སུ་ངེས་སོ། །
བཞི་པ་གཅིག་གམ་ཐ་དད་ནི།
ཐ་སྙད་རང་བཞིན་གཅིག་ལ་ལྡོག་ཐ་དད། །དོན་དམ་གཅིག་དང་ཐ་དད་བརྗོད་དུ་མེད། །
བདེན་པ་གཅིག་དང་ཐ་དད་པའི་ཚུལ་ལ་གྲུབ་མཐའ་རྣམས་བཞེད་པ་མི་མཐུན་པ་སོ་སོར་མཆིས་ཀྱང༌། དཔལ་རང་བྱུང་གི་ཞལ་སྔ་ནས། དེ་ལྟར་བཤད་པའི་བདེན་པ་གཉིས་པོ་འདིའང་ཆོས་རྣམས་དང་ཆོས་ཉིད་ཇི་ལྟ་བ་བཞིན་དུ་དེ་ཉིད་དང་གཞན་ལས་རྣམ་པར་གྲོལ་བ་ཡིན་པས་གཅིག་པ་དང་ཐ་དད་པ་གང་དུའང་བརྗོད་དུ་མེད་དོ། །ཞེས་གསུངས་པ་ལྟར་མ་དཔྱད་པའི་ངོར་ཐ་སྙད་ཙམ་དུ་བདེན་པ་གཉིས་རང་བཞིན་གཅིག་ལ་ལྡོག་པ་ཐ་དད་པ་དང༌། དོན་དམ་པར་ངོ་བོ་གཅིག་པ་དང་ཐ་དད་གང་དུའང་བརྗོད་དུ་མེད་པར་བཞེད་དེ། དེའང་གཅིག་ཡིན་ན་བྱིས་པ་རྣམས་ཀྱིས་ཀུན་རྫོབ་ཀྱི་བདེན་པ་ལྟར་དོན་དམ་པའི་བདེན་པའང་རྟོགས་པས་འབད་པ་མེད་པར་གྲོལ་བར་ཐལ་བའི་ཕྱིར་དང༌། དོན་དམ་བཞིན་དུ་ཀུན་རྫོབ་ཀྱང་དབྱེ་བ་མེད་ཅིང་རྣམ་པར་དག་པའི་རྒྱུར་རམ། ཀུན་རྫོབ་བཞིན་དུ་དོན་དམ་ཡང་དབྱེ་བ་སྣ་ཚོགས་པ་དང་ཀུན་ནས་ཉོན་མོངས་པ་འཕེལ་བའི་དམིགས་པར་ཐལ་བའི་ཕྱིར་སོགས་སྐྱོན་མང་དུ་འཇུག་ལ། ཐ་དད་ན་རྣལ་འབྱོར་པ་རྣམས་ཀྱིས་དོན་དམ་རྟོགས་ཀྱང་ཀུན་རྫོབ་ལ་མངོན་ཞེན་སྤང་མི་ནུས་པའམ། དོན་དམ་པ་དེ་ཀུན་རྫོབ་ཀྱི་ཆོས་ཉིད་མ་ཡིན་པར་ཐལ་བ་སོགས་གནོད་བྱེད་མང་དུ་འཇུག་གོ །དེའི་ཕྱིར་དགོངས་འགྲེལ་ལས་ཀྱང༌། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །གཅིག་དང་ཐ་༼མཱ༡༢༨ན༽དད་ཉིད་དུ་གང་རྟོགས་པ། དེ་དག་ཚུལ་བཞིན་མ་ཡིན་ཞུགས་པ་ཡིན། །ཅེས་གསུངས་སོ། །
ལྔ་པ་གྲུབ་མཐའ་སོ་སོའི་འདོད་ཚུལ་ནི།
བཅོམ་དང་བསལ་ན་དེར་འཛིན་འདོར་རུང་དང༌། །མི་འདོར་རགས་དངོས་ཤེས་རྒྱུན་ཀུན་རྫོབ་སྟེ། །
ཆ་མེད་དོན་དམ་བདེན་པ་བྱེ་སྨྲའི་ལུགས། །
སྤྱིར་བདེན་པ་གཉིས་ཀྱི་རྣམ་གཞག་ཙམ་ནི་གྲུབ་མཐའ་སྨྲ་བ་ཐམས་ཅད་ཀྱིས་ཁས་ལེན་ཏེ། དེའང་ཉན་ཐོས་པ་ནི། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་འཇོམས་བྱེད་ཐོ་བ་ལ་སོགས་པས་བཅོམ་པ་དང་རྫས་ཀྱི་ཆོས་བློས་སོ་སོར་བསལ་བ་ན་དེའི་བློ་མི་འཇུག་པས་འདོར་དུ་རུང་བ་བུམ་པ་དང༌། དེའི་ནང་གི་ཆུ་ལ་སོགས་པ་ནི་ཀུན་རྫོབ་དང༌། བཅོམ་གཞིག་གིས་དེའི་བློ་མི་འདོར་བར་ཤེས་པ་རང་དབང་དུ་བསྐྱེད་པ་གཟུགས་སྒྲ་འཛིན་པ་ལ་སོགས་པ་ནི་དོན་དམ་དང༌། དེ་གཉིས་ཀའང་དེ་དང་དེའི་ངོ་བོར་ཡོད་པ་ལ་བདེན་པར་འཇོག་གོ །མདོར་ན་རགས་པའི་དངོས་པོ་དང་ཤེས་པའི་རྒྱུན་ནི་ཀུན་རྫོབ་ཡིན་ལ། ཤེས་པའི་སྐད་ཅིག་ཆ་མེད་དང༌། དངོས་པོའི་རྡུལ་ཕྲན་ཆ་མེད་དོན་དམ་བདེན་པར་བྱེ་བྲག་སྨྲ་བ་རྣམས་འདོད་དོ། །
དོན་དམ་དོན་བྱེད་ནུས་དང་མི་ནུས་ཀྱི། །རང་དང་སྤྱི་མཚན་མདོ་སྡེ་པ་ཡི་ལུགས། །
རྣམ་འགྲེལ་ལས། དོན་དམ་དོན་བྱེད་ནུས་པ་གང༌། །དེ་འདིར་དོན་དམ་ཡོད་པ་ཡིན། །གཞན་ནི་ཀུན་རྫོབ་ཡོད་པ་སྟེ། །དེ་དག་རང་སྤྱིའི་མཚན་ཉིད་འདོད། །ཅེས་པ་ལྟར་དོན་དམ་པར་དོན་བྱེད་ནུས་པ་བུམ་པའམ་ཀ་བ་ལྟ་བུ་དོན་དམ་བདེན་པ། དོན་དམ་པར་དོན་བྱེད་མི་ནུས་པ་ནམ་མཁའ་དང་བུམ་པའི་སྤྱི་དང་ཀ་བའི་སྤྱི་ལྟ་བུ་ཀུན་རྫོབ་བདེན་པ་སྟེ། མདོར་ན་རང་མཚན་དུ་ཡོད་པ་དང་སྤྱི་མཚན་དུ་ཡོད་པ་གཉིས་ལ་དེར་འདོད་ཅིང༌། ཡོད་པ་ནི་༼མཱ༡༢༨བ༽བདེན་པའི་དོན་དུ་འདོད་པ་མདོ་སྡེ་པ་ཡི་ལུགས་སོ། །འདིར་དོན་དམ་བདེན་པ། མི་རྟག་པ། དངོས་པོ། འདུས་བྱས། རང་མཚན་རྣམས་དོན་གཅིག་ཅིང༌། ཀུན་རྫོབ་བདེན་པ། རྟག་པ། དངོས་མེད་ཀྱི་ཆོས། འདུས་མ་བྱས། སྤྱི་མཚན་རྣམས་དོན་གཅིག་ཅེས་མཁས་པ་ཕྱི་མ་འགའ་ཞིག་གིས་བཤད་དོ། །
གཟུང་འཛིན་གཉིས་སྣང་ཡུལ་དང་ཡུལ་ཅན་དང༌། །གཉིས་མེད་ཤེས་པར་འཇོག་པ་སེམས་ཙམ་ལུགས། །
གཟུང་འཛིན་གཉིས་སུ་སྣང་བའི་ཡུལ་དང་ཡུལ་ཅན་ནི་ཀུན་རྫོབ་ཀྱི་བདེན་པ། གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་ཙམ་ནི་དོན་དམ་བདེན་པར་འཇོག་པ་ནི་སེམས་ཙམ་པའི་ལུགས་ཏེ། ཡེ་ཤེས་སྙིང་པོ་ཀུན་བཏུས་ལས། ཆ་ཤས་ཅན་ཞེས་བྱ་བ་མེད། །ཕྲ་རབ་རྡུལ་ཡང་ཡོད་པ་མིན། །སོ་སོར་སྣང་བའང་དམིགས་མེད་ལ། །ཉམས་སུ་མྱོང་བ་རྨི་ལམ་འདྲ། །གཟུང་དང་འཛིན་པ་ལས་གྲོལ་བའི། །རྣམ་ཤེས་དམ་པའི་དོན་དུ་ཡོད། །རྣལ་འབྱོར་སྤྱོད་གཞུང་རྒྱ་མཚོ་ཡི། །ཕ་རོལ་ཕྱིན་རྣམས་དེ་སྐད་བསྒྲགས། །ཞེས་སོ། །དེའང་མཚན་ཉིད་གསུམ་ལ་སྦྱོར་ན། ཀུན་བརྟགས་ནི་ཀུན་རྫོབ་མཚན་ཉིད་པ་ཡིན་ཏེ་རྫས་སུ་མེད་ཅིང་ཐ་སྙད་ཙམ་དུ་གྲུབ་པའི་ཕྱིར་རོ། །གཞན་དབང་ནི་རྣམ་གྲངས་པའི་དོན་དམ་མཚན་ཉིད་པ་དང་ཀུན་རྫོབ་རྣམ་གྲངས་པ་ཡིན་ཏེ། རིགས་པས་དཔྱད་ན་བདེན་པར་གྲུབ་པའི་ཕྱིར་དང༌། དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་པའི་ཕྱིར་རོ། །ཡོངས་གྲུབ་ནི་དོན་དམ་མཚན་ཉིད་པ་ཡིན་ཏེ། འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་ཕྱིར་རོ། །
སྣང་བ་ཀུན་རྫོབ་ཏུ་གྲུབ་སྒྱུ་མ་བཞིན། །དོན་དམ་མ་གྲུབ་མཁའ་འདྲ་རང་རྒྱུད་ལུགས། །
ཇི་ལྟར་སྣང་བ་ཐམས་ཅད་ཀུན་རྫོབ་ཏུ་གྲུབ་པ་སྒྱུ་མའི་རྟ་གླང་ལ་སོགས་པ་བཞིན་ཀུན་རྫོབ་ཀྱི་བདེན་པ་དང༌། དོན་དམ་པ་ཅིའང་མ་གྲུབ་པ་ནམ་མཁའ་ལྟ་བུ་ནི་དོན་དམ་བདེན་པར་བཞེད་པ་རང་རྒྱུད་པའི་ལུགས་ཏེ། འཁྲུལ་༼མཱ༡༢༩ན༽འཇོམས་ལས། དམིགས་བཅས་ཀུན་རྫོབ་དོན་དམ་དུ། །དམིགས་བྱ་དམིགས་བྱེད་ཀུན་ལས་གྲོལ། །ཞེས་སོ། །ལུགས་འདིའི་ཀུན་རྫོབ་ཀྱི་དབྱེ་བ་ནི་གོང་དུ་སྨོས་པ་ལྟར་རོ། །
བློས་བཏགས་ཀུན་རྫོབ་འཇིག་རྟེན་རྗེས་བརྗོད་དང༌། །སྤྲོས་བྲལ་བསམ་བརྗོད་ལས་འདས་ཐལ་འགྱུར་ལུགས། །
བློས་སྨྲ་བསམ་བརྗོད་པར་བཏགས་པ་རྣམས་ནི་ཀུན་རྫོབ་ཀྱི་བདེན་པ་སྟེ། འཇིག་རྟེན་ན་ཇི་ལྟར་གྲགས་པའི་རྗེས་སུ་བརྗོད་ཅིང༌། གཤིས་སྤྲོས་བྲལ་བསམ་བརྗོད་ཐམས་ཅད་ལས་འདས་པ་ནི་དོན་དམ་བདེན་པ་ཞེས་ཐལ་འགྱུར་བའི་ལུགས་ཏེ། རྣམ་པ་བཞག་བྱ་འཇོག་བྱེད། ངོ་བོ་རྟོགས་བྱ་རྟོགས་བྱེད་ལས་འདས་པས་རྟོགས་པར་བཞག་ཏུ་མེད་ཀྱང་དོན་དམ་དང་མཐུན་པའི་བློ་སྐྱེས་པ་ལ་དེ་སྐད་དུ་བཏགས་ཏེ། ཟླ་བ་གྲགས་པས། སྟོང་པ་ཉིད་དང་རྗེས་སུ་མཐུན་པའི་བློ་སྐྱེས་པ་ལ་ནི་སྟོང་པ་ཉིད་རྟོགས་སོ་ཞེས་བརྗོད་ཀྱི། སྟོང་པ་ཉིད་ནི་རྟོགས་པ་མ་ཡིན་ནོ། །ཞེས་གསུངས་ཏེ། དཔེར་ན་ནམ་མཁའི་རང་བཞིན་གོ་འབྱེད་པར་རྟོགས་པ་ནམ་མཁའ་ཉིད་བློ་དང་དབྱེར་མེད་དུ་གྱུར་པ་བཞིན་ནོ། །སྐབས་འདིར་ཀུན་མཁྱེན་དྲི་མེད་འོད་ཟེར་གྱིས་སེམས་ཉིད་ངལ་གསོའི་འགྲེལ་པར། འདིར་མན་ངག་དང་མཐུན་པར་གསལ་བར་དབྱེ་ན་ཡུལ་ཆོས་དབྱིངས་ཙམ་ཞིག་དབྱེ་བའི་གཞི་ལས། སྣང་བའི་ཆ་འདི་དག་སྒྱུ་མ་དང༌། སྨིག་རྒྱུ་དང༌། ཆུ་ཟླ་ལ་སོགས་པ་དང་འདྲ་སྟེ་སྣང་ལ་མེད་པའི་རང་བཞིན་ཡིན་པས་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱ་སྟེ། ལྗོན་པས་ཞུས་པའི་མདོ་ལས། མེ་ལོང་དཀྱིལ་འཁོར་ཡང་དག་ལ། །བཞིན་གྱི་ཟླ་བ་སྣང་བ་ལྟར། །དེ་ལྟར་རང་བཞིན་མ་གྲུབ་པར། ལྗོན་པས་ཆོས་རྣམས་ཤེས་པར་གྱིས། །ཞེས་པ་ལ་སོགས་པ་གསུངས་པས་ན། ཐ་མལ་པས་སྣང་བ་བདེན་བདེན་ལྟར་མཐོང་ཡང༌། རྣལ་འབྱོར་པས་རྨི་ལམ་ཙམ་ལས་ངེས་པ་མ་མཐོང་༼མཱ༡༢༩བ༽བས་འལ་འོལ་སང་སེང་ཙམ་ལ་མ་བརྟགས་པ་ན་སྣང་ཡང༌། བརྟགས་ན་མེད་པ་གཅིག་ཏུ་ཤེས་པས་ཀུན་རྫོབ་ཀྱི་བདེན་པ་རྟོགས་པ་ཞེས་བྱ་སྟེ་སྣང་བའི་རྐྱེན་གྱིས་མི་གནོད་པ་ཡིན་ནོ། །དེ་འབྱོངས་པ་ན་སྣང་བ་འདི་དག་ལ་ཐོགས་པ་མེད་པར་འགྲོ་བ་ལ་སོགས་པའི་རྫུ་འཕྲུལ་གྲུབ་ཅིང༌། གང་གི་ཡང་ཁས་ལེན་མེད་པར་ཇི་ལྟར་སྣང་བ་དེ་ཉིད་རང་བཞིན་མེད་པས་ཐ་དད་པའི་བདེན་པ་མེད་པར་བློ་འབྱོངས་ཏེ་འཕགས་པའི་ཡེ་ཤེས་ཐོབ་པ་ན་ཞིང་ཁམས་ལ་སོགས་པ་སྣང་བར་གྱུར་ཀྱང་བདེན་ཞེན་མེད་པས་ཡང་དག་ཀུན་རྫོབ་ཅེས་བྱའོ། །བློ་བདེན་ཞེན་དང་བཅས་པའི་སེམས་རྟོག་དང་སྣང་བ་ཐམས་ཅད་ལོག་པའི་ཀུན་རྫོབ། བདེན་ཞེན་མེད་པའི་འཆར་སྒོ་དང་སྣང་བ་ཐམས་ཅད་ཡང་དག་ཀུན་རྫོབ་ཅེས་འདོད་དོ། །དོན་དམ་པ་ཡང༌། སེམས་ཉིད་རང་བཞིན་མེད་པའི་གནས་ལུགས་དང༌། ཆོས་ཐམས་ཅད་བདེན་ཞེན་མེད་པ་ཆུ་ཟླའི་རང་བཞིན་ཁོང་དུ་ཆུད་ནས། འཁྲུལ་པའི་སྣང་བ་གཞི་མེད་དུ་སྣང་བ་ཙམ་ལས་རང་བཞིན་མེད་པའི་ངོ་བོར་ཤེས་ཏེ། ཡོད་པ་དང་མེད་པ་ལ་སོགས་པའི་བློ་རྟོག་དབྱིངས་སུ་གྲོལ་བ་ན་དོན་དམ་པའི་གནས་ལུགས་རྟོགས་པ་ཞེས་བྱའོ། །གཤིས་དེ་ལྟར་གནས་པའི་དོན་དམ་དེ་ཉིད་རྟོགས་པས་དོན་དམ་རྟོགས་པའི་བློ་ཞེས་བྱའོ། །སྒྲ་གཅན་འཛིན་གྱིས་ཡུམ་ལ་བསྟོད་པ་ལས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར་སོ་སོ་རང་གིས་རིག་པའི་ཡེ་ཤེས་ལ་དོན་དམ། དེ་རྟོགས་པས་དོན་དམ་བདེན་པ་རྟོགས་པར་བཞེད་དོ། །དེའང་བདེན་པ་གཉིས་རྭ་ལྟར་ཐ་དད་མེད་དེ། ཀུན་རྫོབ་ཀྱི་གནས་ལུགས་ཆུའི་ཟླ་བ་ལྟར་མཐོང་དུས་ཟླ་གཟུགས་སྣང་བའི་ཆ་ནས་ཀུན་རྫོབ། ཟླ་བ་བདེན་པར་མེད་༼མཱ༡༣༠ན༽པའི་ཆ་ནས་དོན་དམ། དེ་གཉིས་རྫིང་བུའི་ཆུ་དེར་མེད་ལ་སྣང་བར་ངོ་བོ་གཅིག་པ་བཞིན་དུ་བདེན་པ་དབྱེར་མེད་དོན་དམ་ཟུང་འཇུག །དེ་ལྟར་མ་རྟོགས་པའི་བློ་དེ་ལ་བདེན་པ་གཉིས་རྟོགས་པ་ཞེས་བྱའོ། །ཞེས་སོགས་གསུངས་སོ། །
ཀུན་བརྟགས་གཞན་དབང་ཀུན་རྫོབ་དོན་དམ་ནི། །ཡོངས་གྲུབ་རང་རིག་ཡེ་ཤེས་གཞན་སྟོང་ལུགས། །
ཀུན་བརྟགས་དང་གཞན་དབང་ནི་ཀུན་རྫོབ་ཀྱི་བདེན་པ་དང༌། དོན་དམ་ནི་ཡོངས་གྲུབ་རང་རིག་ཡེ་ཤེས་ལ་བྱེད་པ་དབུ་མ་གཞན་སྟོང་སྨྲ་བ་རྣམས་ཀྱི་ལུགས་ཏེ། དེའང་ཀུན་མཁྱེན་དོལ་པོ་པ་ནི་ཀུན་བརྟགས་ཀུན་རྫོབ་ཏུའང་མི་བདེན་པ་རྨི་ལམ་དང་མཚུངས་ཤིང་གཞན་དབང་ཐ་སྙད་ཙམ་དུ་བདེན་པ་དང༌། ཡོངས་གྲུབ་རྟག་བརྟན་བདེན་གྲུབ་ཏུ་བཞེད། གསེར་མདོག་པཎ་ཆེན་ནི་སྔ་མ་གཉིས་སེམས་ཙམ་པའི་སྐབས་སུ་སྨོས་པ་དང་མཚུངས་ཤིང༌། ཕྱི་མ་དོལ་པོ་དང་དོན་མཚུངས་སོ། །རྒྱལ་བའི་དབང་པོ་རང་བྱུང་ཞབས་ཀྱི་བཞེད་པ་འཆད་པར་འགྱུར་ལ། ཇོ་ནང་རྗེ་བཙུན་ཆེན་པོས། དངོས་པོ་དངོས་མེད་གཟུང་འཛིན་སོགས་གཉིས་སྣང་གིས་བསྡུས་པའི་ཆོས་ཐམས་ཅད་ནི་ཀུན་རྫོབ་ཡིན་ལ། དོན་དམ་པའི་དབྱིངས་གཉིས་སྟོང་གི་ཡེ་ཤེས་རང་རིག་པ་ནི་དོན་དམ་ཏུ་འཇོག་པས། དོན་དམ་སྤྲོས་པ་དང་བྲལ་ཙམ་ལ་མི་འཇོག་པར་གཟུང་འཛིན་གཉིས་ཀྱི་སྤྲོས་པས་དབེན་པའི་རིག་པ་ལ་འཇོག །དེས་ན་མཚན་ཉིད་གསུམ་ལས། གཞན་དབང་ནི་འཁྲུལ་སྣང་ཅན་གྱི་ཤེས་པ་ཡིན་ལ། ཀུན་བརྟགས་དེ་ལ་སྣང་བའི་འཁྲུལ་པ་ཡིན་ཞིང༌། ཡོངས་གྲུབ་ནི་ཤེས་པ་དེ་གཟུང་འཛིན་གཉིས་ཀྱི་འཁྲུལ་པས་སྟོང་ཞིང་རང་རིག་གི་ངོ་བོས་མི་སྟོང་པ་འདི་ཡིན་པས། ཀུན་བརྟགས་བརྡ་དང་ཐ་སྙད་ཀྱིས་བཞག་པ་ཙམ་མ་གཏོགས་གཏན་ནས་མེད་པ་དང༌། གཞན་དབང་ཀུན་རྫོབ་ཏུ་ཡོད་ལ་དོན་དམ་ཏུ་མེད་པ་དང༌། ཡོངས་གྲུབ་དོན་དམ་ཏུ་ཡོད་པའོ། །༼མཱ༡༣༠བ༽ཞེས་གསུངས་པ་སྟེ་དོལ་པོ་པའི་དགོངས་པའི་ཕྱོགས་སུ་བསླན་པའོ། །
སྔགས་སུ་ཁྱད་ཆོས་ལྷག་པོ་དག་གིས་བརྒྱན། །ཁྱད་པར་ཀུན་རྫོབ་གཟུང་འཛིན་སྣང་བ་སྟེ། །
བདེན་པོ་མེད་སྣང་ཆུ་ཟླ་ལྟ་བུར་བརྗོད། །དོན་དམ་ངོ་བོ་སྟོང་ཉིད་བཅོ་བརྒྱད་དེ། །
དེ་ཡི་བདེན་པ་གཉིས་མེད་ཡེ་ཤེས་སོ། །
སྔགས་སུ་བདེན་པ་གཉིས་ཀྱི་བཞེད་ཚུལ་དབུ་མའི་ལྟ་བ་སོ་སོའི་སྟེང་དུ་ཁྱད་ཆོས་ལྷག་པོ་ཡུལ་ཡུལ་ཅན་དཀྱིལ་འཁོར་འཁོར་ལོ་དང་བདེ་བ་ཆེན་པོར་ལྟ་བ་དག་གིས་བརྒྱན་པར་བཤད་ལ། སློབ་དཔོན་ཡེ་ཤེས་ཞབས་ཀྱིས། ཟབ་གསལ་གཉིས་མེད་ཀྱི་ལྟ་བ་ཞེས་བྱ་བར་གསུངས་ཏེ། དེའང་ཀུན་རྫོབ་འཁོར་བ་ནི་ཐག་ཁྲ་ལ་སྦྲུལ་དུ་སྣང་བ་ལྟར་མེད་སྣང་གློ་བུར་བ། །དོན་དམ་སེམས་ཟབ་གསལ་གཉིས་སུ་མེད་པ་ནི་ཐག་པ་དངོས་དང་འདྲ་བ། འཁྲུལ་པ་ཅན་ལ་འཁོར་བ་ནི་གློ་བུར་བའི་ཤེས་པས་ཐག་ཁྲར་སྦྲུལ་འཛིན་དང་འདྲ་བ། མྱང་འདས་མངོན་དུ་བྱས་པ་ནི་གློ་བུར་གྱི་ཤེས་པ་སངས་པས་སྦྲུལ་འཛིན་ལོག་ནས་ཐག་པའི་རང་བཞིན་མཐོང་བ། འཁོར་བའི་སེམས་རང་བཞིན་གྱིས་མྱ་ངན་ལས་འདས་པ་ནི་ཐག་པ་རང་བཞིན་གྱིས་སྦྲུལ་མིན་པར་རང་གི་ཆོས་སུ་གནས་པ་ལྟ་བུ་སྟེ། འཁོར་བ་རང་བཞིན་མེད་པ་ཉིད་རང་བཞིན་གྱིས་མྱ་ངན་ལས་འདས་པའི་དོན་ནི་འཁོར་བའི་རང་བཞིན་ཟབ་པ་དང་འཁོར་བར་སྣང་བ་ཙམ་གྱི་གསལ་ལ་མ་འགག་པ་དེའི་རང་བཞིན་ཀྱང་རྟེན་བརྟེན་པའི་དཀྱིལ་འཁོར་ཡིན་པ་དང༌། གསལ་བར་སྣང་མཁན་གྱི་ཤེས་པ་ཡང་བདེ་བ་ཆེན་པོ་རྒྱུན་ཆད་མེད་པའི་རང་བཞིན་ཡིན་ལ། གསལ་བའི་རང་བཞིན་སྤྲུལ་སྐུ། བདེ་བའི་རང་བཞིན་ལོངས་སྐུ་སྟེ། དེ་དག་ནི་གསལ་བ་ཡིན་ལ་དེ་གཉིས་ཀྱང་མེ་ལོང་དང་མེ་ལོང་གི་གསལ་བ་ལྟར་ཟུང་འཇུག་ཏུ་གནས་པར་བཞེད་དོ། །ཁྱད་པར་ཀུན་མཁྱེན་རང་བྱུང་ཞབས་ནི། ཀུན་རྫོབ་ནི་གཟུང་འཛིན་གྱི༼མཱ༡༣༡ན༽སྣང་བ་སྟེ་དོན་ལ་མེད་བཞིན་དུ་རྟོག་པས་ཀུན་ཏུ་བརྟགས་པ་སྣོད་བཅུད་ལ་སོགས་པའི་སྣང་བ་དང་བདེན་པ་ནི་སྣང་ཡང་རང་བཞིན་མེད་པ་ཆུ་ནང་གི་ཟླ་བ་ལྟ་བུར་གསུངས་པས་བློ་འཁྲུལ་པའི་ངོར་བདེན་པ་ཙམ་ཡིན་ལ། དོན་དམ་པ་ནི་ནང་སྟོང་པ་ཉིད་ལ་སོགས་པ་སྟོང་ཉིད་བཅོ་བརྒྱད་ཀྱི་རྣམ་པར་བཤད་པའི་རང་བཞིན་སྟོང་པ་ཉིད་དང་བདེན་པ་ནི་གཟུང་འཛིན་གཉིས་སུ་མེད་པའི་རང་བྱུང་གི་ཡེ་ཤེས་ལ་བརྗོད་དེ། དོན་དམ་དུའང་ཡོད་པའོ། །ཞེས་བཞེད་དེ། དེའང་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས། བདེན་པ་རྣམ་པ་གཉིས་ཀྱི་དགོངས་པ་ནི་འདི་ལྟ་སྟེ། ཀུན་རྫོབ་ཀྱི་བདེན་པ་དང་དོན་དམ་པའི་བདེན་པའོ། །རིགས་ཀྱི་བུ་ཀུན་རྫོབ་ནི་བརྟན་པ་དང་གཡོ་བའོ། །དེའི་བདེན་པ་ནི་ཆུ་ཟླ་ལྟ་བུའོ། །དོན་དམ་པའི་བདེན་པ་ནི་སྟོང་པ་ཆེན་པོ་བཅོ་བརྒྱད་དོ། །དེའི་མཐའ་ནི་གནས་པའོ། །ཞེས་གསུངས་པའི་དོན་ཏོ། །
ལྔ་པ་ཤེས་པའི་དགོས་པ་ནི།
འདི་ཤེས་ཐུབ་པའི་བཀའ་ལ་མི་རྨོངས་ཤིང༌། །ཐབས་སུ་གྱུར་པ་བླང་དོར་ཉམས་ལེན་དང༌། །
ཐབས་བྱུང་དོན་མཐོང་འཁོར་བའི་ཕ་རོལ་འགྲོ། །
དེ་ལྟར་བདེན་པ་གཉིས་ཀྱི་གནས་ལུགས་མ་ཤེས་ན་ཟབ་མོའི་དེ་ཁོ་ན་ཉིད་མི་ཤེས་ལ། འདི་དག་ཤེས་པས་སྟོན་པ་ཐུབ་པའི་དབང་པོས་གསུངས་པའི་བཀའི་དོན་ཕྱིན་ཅི་མ་ལོག་པའི་གནས་ལ་མི་རྨོངས་ཤིང༌། ཀུན་རྫོབ་བདེན་པ་ལ་མཁས་པས་ཐབས་བླང་དོར་གྱི་གནས་མཐའ་དག་རིག་ནས་ཉམས་སུ་ལེན་པ་དང༌། དོན་དམ་བདེན་པ་རྟོགས་པས་ཐབས་བྱུང་ཐེག་པ་གསུམ་གྱི་མྱང་འདས་རང་བཞིན་རྣམ་དག་དང་གློ་བུར་དྲི་བྲལ་མཐའ་དག་རིག་ཅིང་འཁོར་བའི་ཕ་རོལ་མི་གནས་པའི་མྱང་འདས་ཆེན་པོའི་ས་ལ་འགྲོ་སྟེ། བདེན་གཉིས་ལས། བདེན་གཉིས་རྣམ་དབྱེ་ཤེས་པ་དག །ཐུབ་པའི་བཀའ་ལ་མི་རྨོངས་ཏེ། །དེ་དག་མ་ལུས་ཚོགས་བསགས་ནས། །ཕུན་ཚོགས་ཕ་རོལ་འགྲོ་བ་ཉིད། །ཅེས་༼མཱ༡༣༡བ༽འབྱུང་ངོ༌། །
གསུམ་པ་རྟེན་ཅིང་འབྲེལ་བར་འབྱུང་བ་དཔྱད་པ་ལ་གསུམ། གཤིས་ཀྱི་རྟེན་འབྲེལ། འཁོར་བའི་རྟེན་འབྲེལ། མྱང་འདས་ཀྱི་རྟེན་འབྲེལ་ལོ། །དང་པོ་ནི།
དེ་དག་རང་བཞིན་རྣམ་པར་དག་པ་ནི། །གཤིས་ལུགས་རྟེན་ཅིང་འབྲེལ་འབྱུང་མཐའ་དང་བྲལ། །
ཀུན་རྫོབ་དང་དོན་དམ་མམ་འཁོར་བ་དང་མྱང་འདས་དེ་དག་གི་རང་བཞིན་རྣམ་པར་དག་པ་ནི་གཤིས་ལུགས་སམ་གཞིའི་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་ཅིང་དེའང་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་སྟེ། སྣང་སྲིད་འཁོར་འདས་ཀྱི་ཆོས་ཉིད་དམ་དེའི་རང་བཞིན་ནི་གང་ནས་ཀྱང་མ་འོངས། གང་དུའང་མ་སོང༌། གང་ནའང་མི་གནས་པ། ཆོས་ཅན་ལ་ཆོས་ཉིད་བརྟེན་པས་ཆོས་ཅན་ཡང་སྐྱེ་འགག་ལྟར་སྣང་དུས་ཉིད་ནས་སྐྱེ་འགག་གནས་གསུམ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བས་དབུ་མའི་རང་བཞིན་དུ་གསུངས་པ་ནི། རྩ་བ་ཤེས་རབ་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་གང༌། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་བརྟེན་ནས་གདགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །ཞེས་སོ། །འོད་གསལ་ཡེ་ཤེས་རྟེན་འབྲེལ་གྱི་ཡུལ་ལས་འདས་པ་དང་མི་འགལ་ཏེ། ཀུན་རྫོབ་ཐ་སྙད་ཀྱི་ཡུལ་ལས་འདས་ཀྱང་དོན་དམ་ཉིད་དེའི་རང་བཞིན་དུ་སྣང་བའི་ཕྱིར་དང༌། སྔ་མ་ངེས་དོན་དང༌། ཕྱི་མ་ཐ་སྙད་ལ་ལྟོས་པའི་རྣམ་གཞག་ཡིན་པའི་ཕྱིར་རོ། །
གཉིས་པ་ནི།
ཕྱི་ནང་ལྟོས་བྱུང་འཁོར་བའི་རྟེན་འབྲེལ་ཏེ། །
ཕྱི་དང་ནང་གི་རྒྱུ་དང་རྐྱེན་ལ་ལྟོས་ཤིང་འབྲེལ་ཏེ་ལུགས་འབྱུང་དུ་ཤར་བ་ནི་འཁོར་བའི་རྟེན་འབྲེལ་ཞེས་བྱ་སྟེ། དེའི་དོན་ཅུང་ཟད་བཤད་ན་གཉིས། རྒྱུ་དང་འབྲེལ་བ་དང་རྐྱེན་དང་འབྲེལ་བའོ། །དང་པོ་ལ་ཕྱི་ནང་གཉིས་ལས། ཕྱིའི་རྟེན་འབྲེལ་རྒྱུ་དང་འབྲེལ་བ་ནི་ས་བོན་ལས་མྱུ་གུ་དང་འབྲས་བུའི་བར་དུ་མེད་ན་མི་འབྱུང་དུ་གནས་ལ་བདག་གིས་འདི་བསྐྱེད་དོ་ཞེའམ་བདག་འདིས་བསྐྱེད་དོ་སྙམ་དུ་མི་སེམས་ཀྱང་རྒྱུ་དེ་དག་ཡོད་ན་འབྲས་བུ་དེ་དག་འབྱུང་བའོ། །༼མཱ༡༣༢ན༽གཉིས་པ་ཕྱིའི་རྟེན་འབྲེལ་རྐྱེན་དང་འབྲེལ་བ་ནི། ས་ཁམས་ཀྱིས་ས་བོན་བརྟེན། ཆུས་བརླན། མེས་སྨིན། རླུང་གིས་ཁ་འབུས། ནམ་མཁས་མི་སྒྲིབ། དུས་ཀྱི་ས་བོན་འགྱུར་བའི་བྱ་བ་བྱེད་དེ་དེ་ལྟར་ཁམས་དྲུག་དང་ས་བོན་ཡང་ཕན་ཚུན་སེམས་པ་མེད་ཀྱང་མེད་ན་མི་འབྱུང་གི་འབྲེལ་བར་གནས་ལ་དེ་ཐམས་ཅད་ཀྱང་བདག་གམ་གཞན་ནམ་དབང་ཕྱུག་གམ་དུས་ཀྱིས་མ་བྱས། རང་བཞིན་གྱིས་མ་བྱུང༌། རྒྱུ་མེད་ཀྱང་མིན་ཏེ་ཁམས་རྣམས་འདུས་པས་ས་བོན་འགག་པ་ན་མྱུ་གུ་འགྲུབ་བོ། །ཕྱིའི་རྟེན་འབྲེལ་དེ་ཡང་རྟག་པ་མིན་ཏེ་ས་མྱུག་གཅིག་པ་ཡང་མ་ཡིན་ས་བོན་འགགས་པ་དང་མ་འགག་པ་ལས་ཀྱང་མྱུ་གུ་མི་སྐྱེ་ས་བོན་འགགས་པ་དང་མྱུ་གུ་འབྱུང་བ་དུས་མཉམ་པའི་ཕྱིར་རོ། །ཆད་པ་མིན་ཏེ་ས་བོན་འགགས་པ་དང་མྱུ་གུ་འབྱུང་བ་ནི་སྲང་མདའི་མཐོ་དམན་ལྟ་བུར་སྐྱེ་བས་སོ། །འཕོ་བའང་མིན་ཏེ་ས་བོན་ཀྱང་གཞན་ལ་མྱུ་གུ་ཡང་གཞན་ཡིན་པའི་ཕྱིར་རོ། །རྒྱུ་ཆུང་ངུས་འབྲས་བུ་ཆེན་པོ་ཡང་འགྲུབ་སྟེ་ནྱ་གྲོ་དྷའི་ས་བོན་དང་སྡོང་པོ་ལྟ་བུའོ། །དེ་དང་འདྲ་བའི་རྒྱུད་དུ་འབྱུང་སྟེ་རྒྱུ་འབྲས་འཆོལ་མི་སྲིད་པས་སོ། །ནང་གི་རྟེན་འབྲེལ་ལ་ཡང་གཉིས་ལས། དང་པོ་ནང་གི་རྟེན་འབྲེལ་རྒྱུ་དང་འབྲེལ་བ་ནི། མ་རིག་པ་ནས་རྒ་ཤིའི་བར་ཏེ་བྱེད་པ་པོ་མེད་ལ་ཕན་ཚུན་སེམས་པ་མེད་ཀྱང་རྒྱུ་དེ་ཡོད་ན་འབྲས་བུ་དེ་འབྱུང་ངོ༌། །ནང་གི་རྟེན་འབྲེལ་རྐྱེན་དང་འབྲེལ་བ་ནི། ས་ཆུ་མེ་རླུང་ནམ་མཁའ་རྣམ་ཤེས་ཀྱི་ཁམས་དྲུག་འདུས་པས་སས་ལུས་ཀྱི་སྲ་བ་ནས་ནམ་མཁས་སྦུབས་ཀྱི་བར་བྱེད་ལ་མདུང་ཁྱིམ་གྱི་ཚུལ་དུ་མིང་གཟུགས་ཀྱི་མྱུ་གུ་འགྲུབ་པར་བྱེད་པ་རྣམ་པར་ཤེས་པའི་ཚོགས་དྲུག་འདུས་པ་ནི་རྣམ་ཤེས་ཏེ་དེ་ཐམས་ཅད་འདུས་པ་ལས་ལུས་གྲུབ་ཀྱང་བྱེད་པ་པོ་དང་ཕན་ཚུན་སེམས་པ་མེད་ལ་མེད་ན་མི་འབྱུང་གི་རང་བཞིན་དུ་གནས་སོ། །དེ་ལ་སའི་ཁམས་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་རེ་རེ་ནས་ཀྱང་བདག་མ་ཡིན། ༼མཱ༡༣༢བ༽སེམས་ཅན་དང་སྲོག་དང་སྐྱེ་བ་པོ་དང་ཤེད་ལས་སྐྱེས་པ་དང་ཤེད་བུ་མ་ཡིན། བུད་མེད་དང་སྐྱེས་པ་དང་མ་ནིང་མ་ཡིན། བདག་གི་མ་ཡིན། གཞན་སུའི་ཡང་མ་ཡིན་ནོ། །དེ་ལ་ཁམས་དྲུག་པོ་དེ་དག་ཉིད་ལ་གཅིག་པུ་དང་རིལ་པོ་དང་རྟག་བརྟན་ཐེར་ཟུག་དང་བདེ་བ་དང་བདག་དང་སེམས་ཅན་ནས་ཤེད་བུའི་བར་དང་ངའི་བར་དུ་འདུ་ཤེས་པ་སྟེ་འདི་ལ་སོགས་པ་མི་ཤེས་པ་རྣམ་པ་སྣ་ཚོགས་པ་འདི་ལ་མ་རིག་པ་ཞེས་བྱ་སྟེ་མུན་པ་ཆེན་པོའི་ཕྱིར་དང་དེ་ཁོ་ན་མི་ཤེས་ཤིང་ལོག་པར་རྟོག་པའི་ཕྱིར་རོ། །དེས་རྒྱུ་བྱས་ནས་ཡུལ་ལ་ཆགས་སྡང་རྨོངས་གསུམ་བྱུང་བ་འདི་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་སྟེ་མངོན་པར་འདུ་བྱེད་པས་སོ། །དེ་ལ་ཡང་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བའི་སར་ཉེ་བར་འགྲོ་བའི་རྣམ་ཤེས་སོ་སོར་བསྐྱེད་པའི་ཕྱིར་འདུ་བྱེད་གསུམ་ཡོད་དོ། །དེས་དངོས་པོ་སོ་སོར་རྣམ་པར་རིག་པའི་རྣམ་ཤེས་བསྐྱེད་དེ་འདི་ལ་ནི་ཚོགས་དྲུག་གོ །དེ་དང་ལྷན་ཅིག་བྱུང་བ་གཟུགས་ཚོར་འདུ་ཤེས་འདུ་བྱེད་དེ་ཉེར་ལེན་གྱི་ཕུང་པོ་བཞི་པོ་འདི་ལ་འདི་ནི་འདིའོ་ཞེས་འཛིན་པས་མིང་དང༌། འདིའི་རྣམ་པ་ནི་འདིའོ་ཞེས་དབྱིབས་སུ་འཛིན་པའི་ཕྱིར་གཟུགས་ཏེ་དེ་གཉིས་སྒྲ་གཅིག་གིས་བསྡུས་ནས་མིང་གཟུགས་ཞེས་བྱ་སྟེ་དབང་པོ་རྣམས་ཀྱི་རྟེན་ཡིན་པའི་ཕྱིར་རོ། །དེ་ལ་བརྟེན་པའི་དབང་པོ་རྣམས་ནི་སྐྱེ་མཆེད་དྲུག་སྟེ་སྐྱེ་བའི་སྒོ་ཡིན་པའི་ཕྱིར་རམ་སྐྱེ་ཞིང་མཆེད་པའི་ཕྱིར་རོ། །ཡུལ་དབང་ཡིད་བྱེད་གསུམ་འདུས་པ་ནི་རེག་པ་སྟེ་རེག་པའི་ཕྱིར་རོ། །དེ་མྱོང་བ་ནི་ཚོར་བ་སྟེ་ཚོར་བའི་ཕྱིར་རོ། །དེ་ལ་ལྷག་པར་ཞེན་པ་ནི་སྲེད་པ་སྟེ་བརྐམ་ཞིང་ཞེན་པའི་ཕྱིར་རོ། །དེ་འཕེལ་བ་ནི་ལེན་པ་སྟེ་ཚོར་བ་དེ་ཡི་རྒྱུ་ལེན་པའི་ཕྱིར་རོ། །དེ་བླང་བ་ནི་སྲིད་པ་སྟེ་དེས་ཡང་སྲིད་མངོན་པར་སྐྱེ་བའི་ཕྱིར་རོ། །དེ་ལས་ཕུང་པོ་འབྱུང་བ་ནི་སྐྱེ་བ་སྟེ་སྐྱེ་གནས་གང་ཡང་རུང་བ་ལས་སྐྱེ་བའི་ཕྱིར་རོ། །སྐྱེས་ནས་ཕུང་པོ༼མཱ༡༣༣ན༽སྨིན་པའི་རྒ་བ་དང་འཇིག་པས་འཆིབ་སྟེ་དེ་གཉིས་རྒ་ཤི་ཞེས་གཅིག་ཏུ་སྡོམ་མོ། །དེ་ལས་ཆགས་པས་ནང་གི་གདུང་བ་བསྐྱེད་པའི་ཕྱིར་མྱ་ངན་དང༌། དེ་ལས་བྱུང་བའི་ཚིག་སྨྲེ་སྔགས། མི་བདེ་བ་མྱོང་བ་སྡུག་བསྔལ། ཡིད་ཀྱི་སྡུག་བསྔལ་ནི་ཡིད་མི་བདེ་བ་ལ་སོགས་པ་སྟེ་ཉེ་ཉོན་རྣམས་ཀུན་ཏུ་འཁྲུགས་པར་འགྱུར་རོ། །ཡན་ལག་བཅུ་གཉིས་པོ་འདི་ཡང་བདག་དང་གང་ཟག་ནས་བདག་གི་བའི་བར་མ་ཡིན་ལ། གཞན་གྱི་མ་ཡིན། རྟག་མི་རྟག་དང་འདུས་བྱས་མ་བྱས་མ་ཡིན། རྒྱུ་རྐྱེན་མེད་པ་མ་ཡིན། མྱོང་བ་ཡོད་པ་མ་ཡིན། ཟད་པ་དང་འཇིག་པ་དང་འགོག་པའི་ཆོས་མ་ཡིན་ཏེ་རྒྱུ་རྐྱེན་གཞན་དང་གཞན་ལས་བྱུང་བ་ཐོག་མ་མེད་པའི་དུས་ནས་ཞུགས་པ། རྒྱུན་མ་ཆད་པར་ཆུ་ཀླུང་གི་རྒྱུན་བཞིན་དུ་རྗེས་སུ་ཞུགས་པའོ། །ཡན་ལག་བཅུ་གཉིས་པོ་འདི་ཡང་བཞིས་སྡུད་དེ་ཞིང་ས་ལྟ་བུའི་ཕྱིར་ལས། ས་བོན་འདེབས་པ་པོ་ལྟ་བུའི་ཕྱིར་མ་རིག་པ། ཆུ་ལྟར་རླན་པའི་ཕྱིར་སྲེད་པ། །ས་བོན་ལྟ་བུའི་ཕྱིར་རྣམ་ཤེས་སོ། །རྐྱེན་དེ་དག་ལས་ས་བོན་རྣམ་ཤེས་འགྲུབ་པ་ཡང་བྱེད་པ་པོ་མེད་ལ་ཕན་ཚུན་སེམས་པ་མེད་པ་བདག་ནས་བདག་གི་བའི་བར་མ་ཡིན་པའོ། །འོན་ཀྱང་ས་བོན་རྣམ་ཤེས་དེ་ལས་ཀྱི་ཞིང་ལ་བརྟེན། སྲེད་པའི་ཆུས་བརླན། མ་རིག་པའི་སྐྱེས་བུས་བཏབ་ན་མངལ་དུ་ཉིང་མཚམས་སྦྱོར་ཏེ་སུས་ཀྱང་མ་བྱས། རྒྱུ་མེད་དུ་མ་སྐྱེས། གང་ལས་ཀྱང་མ་བྱུང་མོད་ཀྱི་ཕ་མའི་ས་བོན་འཕྲད་ཅིང་དྲི་ཟ་འོངས་པ་སོགས་རྐྱེན་ཚོགས་པས་མངལ་དུ་མིང་གཟུགས་ཀྱི་མྱུ་གུ་མངོན་པར་གྲུབ་སྟེ་དེའང་བདག་དང་བདག་གི་བ་མ་ཡིན་པ། འཛིན་པ་མེད་པ། ནམ་མཁའ་དང་མཚུངས་པ། སྒྱུ་མའི་མཚན་ཉིད་ཀྱི་རང་བཞིན་ཅན་ནོ། །མིག་གི་རྣམ་ཤེས་ཀྱང་རྒྱུ་ལྔས་བསྐྱེད་དེ་མིག་གིས་ནི་རྟེན་བྱེད། གཟུགས་ཀྱིས་ནི་དམིགས་པ་སྣང་བས་ནི་གསལ་བའི་རྒྱུ། ནམ་མཁས་ནི་མི་སྒྲིབ་པ། དེ་སྐྱེད་༼མཱ༡༣༣བ༽པའི་ཡིད་བྱེད་ཀྱིས་ནི་བསམ་པའི་བྱ་བ་བྱེད་དེ་རྐྱེན་དེ་དག་གིས་མིག་གི་རྣམ་ཤེས་སྐྱེད་ཀྱང་མིག་གི་རྣམ་ཤེས་དེ་ནི་བྱེད་པོ་མེད་པ་སེམས་པ་མེད་པ་སྒྱུ་མ་ལྟ་བུ་སྟེ་རྣམ་ཤེས་གཞན་ཡང་དེ་བཞིན་ནོ། །དེའི་ཕྱིར་ཆོས་གང་ཡང་འཇིག་རྟེན་ཕྱི་མར་མི་འཕོ་ལ་ཆོས་གང་ཡང་འཇིག་རྟེན་སྔ་མ་ལས་འོངས་པ་མེད་མོད་ཀྱི་འཁྲུལ་ངོའི་རྒྱུ་ཚོགས་ཚང་བ་ན་འཇིག་རྟེན་སྔ་མ་ལས་འཕོ་ཞིང་ཕྱི་མར་སྐྱེ་བར་ཡང་སྣང་སྟེ་ཆོས་འདི་ཐམས་ཅད་ནི་མེ་ལོང་ལ་བཞིན་མ་འཕོས་ཀྱང་སྣང་བ་དང༌། ཟླ་བ་དཔག་ཚད་བཞི་ཁྲི་ཉིས་སྟོང་གི་སྟེང་ནས་འགྲོ་བའི་གཟུགས་བརྙན་ས་གཞིར་ཆུ་སྣོད་དུ་འཆར་བ་དང༌། མེའི་རྒྱུ་རྐྱེན་ཚོགས་ན་འབར་བ་ལྟ་བུ་ཡིན་ནོ། །ནང་གི་རྟེན་འབྲེལ་དེ་ཡང་རྟག་པ་མ་ཡིན་ཏེ་ཐ་མའི་འཆི་བའི་ཕུང་པོ་ཡང་གཞན་ལ་སྐྱེ་བའི་ཕུང་པོ་ཡང་གཞན་ཡིན་པས་སོ། །ཆད་པ་མིན་ཏེ་ཐ་མའི་འཆི་ཕུང་འགགས་པ་དང་མ་འགགས་པ་ལས་སྐྱེ་བའི་ཕུང་པོ་མི་འབྱུང་གི་འོན་ཀྱང་འཆི་ཕུང་འགགས་པ་དང་སྐྱེ་ཕུང་འབྱུང་བ་ནི་སྲང་མདའི་མཐོ་དམན་ལྟར་འབྱུང་བའི་ཕྱིར་རོ། །འཕོ་བ་མ་ཡིན་ཏེ་རིས་མི་འདྲ་བའི་སྐྱེ་བ་ཡང་འགྲུབ་པའི་ཕྱིར་རོ། །ལས་ཆུང་ངུས་ཀྱང་འབྲས་བུ་ཆེན་པོ་བསྐྱེད་དེ་ཀུན་ནས་མནར་སེམས་སྐད་ཅིག་མ་གཅིག་གིས་དམྱལ་བར་འཕེན་ཞིང་བྱམས་པའི་སེམས་ཡུད་ཙམ་གྱིས་ཀྱང་ཚངས་པའི་རྒྱལ་པོར་འཕེན་པའི་ཕྱིར་རོ། །འདྲ་བའི་རྒྱུད་དུ་འགྱུར་ཏེ་ལས་བྱས་པ་བཞིན་འབྲས་བུ་མྱོང་བའི་ཕྱིར་རོ། །དེ་དག་གི་ཚུལ་ཡང༌། ལངྐར་གཤེགས་པ་ལས། བློ་གྲོས་ཆེན་པོ་ཇི་ལྟར་འཇིམ་པའི་གོང་བུ་ལས་རྫ་མ་བྱུང་བ་དེ་བཞིན་དུ། ཐག་པས་སྣམ་བུ་དང༌། རྩི་རྐྱང་ལས་རེ་ལྡེ་དང༌། ས་བོན་ལས་མྱུ་གུ་དང༌། སྲུབ་མ་ལ་སོགས་པ་མིའི་ནན་ཏན་དང་ཞོ་ལས་མར་འབྱུང་བ་འདི་ནི། བློ་གྲོས་ཆེན་པོ། ཕྱིའི་རྟེན་ཅིང་འབྲེལ་བར་འབྱུང་བ་སྔ་མ་ལས་ཕྱི་མར་འབྱུང་བའོ། །ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་ནི༼མཱ༡༣༤ན༽འདི་ལྟ་སྟེ། མ་རིག་པ་དང་སྲེད་པ་ལས་ཆོས་འདི་དག་ལ་སོགས་པ་ནི་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བའི་མིང་འཐོབ་བོ་ཞེས་སོ། །མདོར་ན་དང་པོ་སོ་སོ་རང་གི་རིག་པའི་ཡེ་ཤེས་ངོ་མ་ཤེས་པ་ནི་མ་རིག་པ་ཆེན་པོ་སྟེ། དེ་ལས་སྲིད་པར་འདུ་བྱེད་ཅིང་རྣམ་པར་ཤེས་པ་ནས་རྒ་ཤི་ལ་ཐུག་བར་གཅིག་ལ་གཅིག་བརྟེན་ཅིང་བར་མ་ཆད་པ་འབྲེལ་བ་ཅན་དུ་འབྱུང་བ་ནི། བཤེས་སྤྲིང་ལས། མ་རིག་པ་ལས་འདུ་བྱེད་དེ་ལས་ནི། །རྣམ་ཤེས་དེ་ལས་མིང་དང་གཟུགས་རབ་འབྱུང༌། །དེ་ལས་སྐྱེ་མཆེད་དྲུག་སྟེ་དེ་དག་ལས། །རེག་པ་ཀུན་ཏུ་འབྱུང་བར་ཐུབ་པས་གསུངས། །རེག་པ་ལས་ནི་ཚོར་བ་ཀུན་འབྱུང་སྟེ། །ཚོར་བའི་གཞི་ལས་སྲེད་པ་འབྱུང་བར་འགྱུར། །སྲེད་པས་ལེན་པ་བསྐྱེད་པར་འགྱུར་བ་སྟེ། །དེ་ལས་སྲིད་པ་སྲིད་ལས་སྐྱེ་བ་ལགས། །སྐྱེ་བ་ཡོད་ན་མྱ་ངན་ན་རྒ་དང༌། །འདོད་པས་ཕོངས་དང་འཆི་དང་འཇིགས་སོགས་ཀྱི། །སྡུག་བསྔལ་ཕུང་པོ་ཤིན་ཏུ་ཆེ་འབྱུང་སྟེ། །ཞེས་གསུངས་པ་ལྟར་རོ། །རྟེན་འབྲེལ་དེ་དག་ཀྱང་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་འབྱུང་བའི་ཆ་ནས་རྒྱུ་ལས་འབྱུང་བ་ཞེས་བྱ་བ་དང༌། ནང་གི་ས་ཆུ་མེ་རླུང་ནམ་མཁའ་རྣམ་པར་ཤེས་པ་སྟེ་ཁམས་དྲུག་འདུས་པའི་ཆ་ལས་བསྐྱེད་པས་ན་རྐྱེན་ལས་བྱུང་བ་ཞེས་བྱ་སྟེ། དེའང་ཚེ་གཅིག་དང་གཉིས་དང་གསུམ་སྟེ་རྒྱུན་ཆགས་དང༌། སྐད་ཅིག་ལ་རྫོགས་ཚུལ་སོགས་ཐེག་པ་ཆེ་ཆུང་གི་བཞེད་ཚུལ་སོ་སོར་གོང་དུ་ཕྱོགས་ཙམ་སྨོས་པ་ཡིན་ནོ། །དེ་དག་ནི་ལུགས་འབྱུང་འཁོར་བའི་རྟེན་འབྲེལ་ཞེས་བྱའོ། །
གསུམ་པ་ནི།
ལུགས་ལྡོག་མྱང་འདས་རྟེན་འབྲེལ་སུས་མཐོང་བ། །སངས་རྒྱས་གསུང་གི་གནད་ལ་རེག་པའི་ཕྱིར། །
ནན་ཏན་བསམ་པས་དེ་དོན་རྟོགས་པར་བྱ། །
ལུགས་ལྡོག་མྱང་འདས་ཀྱི་རྟེན་འབྲེལ་ལ་ལམ་དང་འབྲས་བུ་གཉིས་ལས། དང་པོ་ལམ་ནི། འཁོར་༼མཱ༡༣༤བ༽བའི་རྟེན་འབྲེལ་ལུགས་སུ་འཇུག་པའི་བཅུ་གཉིས་པོའི་རྩ་བ་མ་རིག་པ་ཡིན་པས་དེ་རིག་པའི་ཡེ་ཤེས་ཀྱིས་ལྡོག་སྟེ། ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་ཀྱི་རྒྱུན་གོམས་པར་བྱས་པས་དང་པོའི་རྩ་བ་མ་རིག་པ་ལྡོག་གོ །དེ་ལོག་པས། དེ་ལ་བརྟེན་པ་གཞན་རྣམས་རིམ་གྱིས་ལྡོག་སྟེ། སྲིད་པར་འཇུག་པའི་རྒྱུ་ཟད་པས་འཁོར་བའི་གནས་ལས་བརྒལ་བར་འགྱུར་ཏེ། བཤེས་སྤྲིང་ལས། སྐྱེ་བ་འགག་པས་འདི་ཀུན་འགག་པར་འགྱུར། །ཞེས་སོ། །དེའང་རྣལ་འབྱོར་པ་ཐར་པ་འདོད་པ་དག་གིས་འཁོར་བ་འགྲུབ་པའི་ལས་རྒྱུ་ནས་མ་བསགས་པས་འབྲས་བུ་ཕྱིས་འཁོར་བར་སྐྱེ་བ་མེད་དེ་འདུ་བྱེད་འགག་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། འཁོར་བའི་རྩ་བ་འདུ་བྱེད་དེ། །དེ་ཕྱིར་མཁས་རྣམས་འདུ་མི་བྱེད། །ཅེས་སོ། །འབྲས་བུ་རྟེན་ཅིང་འབྲེལ་བར་འབྱུང་བ་ནི། སངས་རྒྱས་ནས་སེམས་ཅན་གྱི་དོན་བྱེད་པ་རྨི་ལམ་སྒྱུ་མ་ལྟ་བུའི་ཚུལ་དུ་འབྱུང་བ་ཉིད་དེ། དེ་ལྟར་ན་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་ཙམ་དུ་སུ་ཞིག་གིས་མཐོང་བ་དེས་ནི། བདག་དང་གཞན་དང་ཡོད་མེད་དུ་མི་ལྟ་ཞིང་དུས་གསུམ་གྱི་མཐའ་ལ་མི་རྟོག་སྟེ། བདག་ཏུ་སྨྲ་བ་སོགས་དགེ་སྦྱོང་བྲམ་ཟེ་རྣམས་ཀྱི་ལྟ་བ་གཡོ་དང་བཅས་པ་ལ་མི་གཞོལ་བས་འཇིགས་ཚོགས་སུ་ལྟ་བ་དྲུངས་ནས་ཕྱུངས་ཏེ་མི་སྐྱེ་མི་འགག་པའི་ཆོས་ཅན་དུ་འགྱུར་བ་དེས་ནི་སངས་རྒྱས་ཀྱི་གསུང་ཆོས་ཀྱི་ཕུང་པོ་མཐའ་དག་གི་གནད་ལ་རེག་པའི་ཕྱིར་བདེན་པའི་དོན་ཁོང་དུ་ཆུད་ནས་ཐམས་ཅད་གཟིགས་པའི་གོ་འཕང་ལ་རེག་པར་འགྱུར་ཏེ། རྩ་ཤེ་ལས། གང་གིས་རྟེན་ཅིང་འབྲེལ་བར་འབྱུང༌། །མཐོང་བ་དེས་ནི་སྡུག་བསྔལ་དང༌། །ཀུན་འབྱུང་དང་ནི་འགོག་པ་དང༌། །ལམ་ཉིད་དེ་དག་མཐོང་བ་ཡིན། །ཞེས་གསུངས་སོ། །དེས་ན་བདེན་པ་གཉིས་དང་རྟེན་ཅིང་འབྲེལ་བར་༼མཱ༡༣༥ན༽འབྱུང་བའི་ཚུལ་རྣམས་ནན་ཏན་དུ་བསམས་ནས་ཐོས་པའི་ལམ་དུ་མ་བཞག་པར་དེ་དག་གི་དོན་ལེགས་པར་རྟོགས་པར་བྱ་དགོས་པས་འདིར་རྟེན་འབྲེལ་གྱི་དོན་སཱ་ལུ་ལྗང་པའི་མདོའི་དགོངས་པ་ལྟར་སླར་ཡང་ཅུང་ཟད་ཅིག་སྨོས་པའོ། །འཁོར་ལོ་གསུམ་གྱི་དྲང་ངེས་དང་བདེན་གཉིས་རྟེན་འབྲེལ་རྣམ་པར་ངེས་པའི་སྐབས་གཉིས་པའི་འགྲེལ་པའོ།། །།
༈ སྐབས་གསུམ་པ་ལྟ་བ་རྣམ་པར་ངེས་པ་ལ་བདུན། ལྟ་བ་རྣམ་དག་དགོས་པའི་རྒྱུ་མཚན། བདག་མེད་རྟོགས་པའི་ཤེས་རབ་སྐྱེད་ཚུལ། སྔོན་འགྲོ་ཕྱག་རྒྱ་རྣམ་བཞིའི་མདོ་ཆིངས། མཐའ་གཉིས་སྤངས་པའི་ལམ་དུ་གཞུག་པ། དངོས་གཞི་བདག་མེད་རྣམ་གཉིས་བཤད་པ། སྔགས་ཀྱི་ལྟ་བའི་ཁྱད་པར་དབྱེ་བ། སྐྱེ་མེད་ཟུང་འཇུག་གི་ལྟ་བར་མདོར་བསྡུ་བའོ། །དང་པོ་ནི།
འཆི་བ་མེད་གནས་མྱང་འདས་དོན་གཉེར་ལ། །སྒྲིབ་རྩ་མ་རིག་སྤོང་གཉེན་ཤེས་རབ་ཉིད། །
མེད་ན་མེ་འབྱུང་དེ་ཡིས་ལྟ་བ་དག །ཐབས་ཀྱིས་སྤྱོད་པ་དག་འགྱུར་རྣམ་དག་གི །
ལྟ་སྤྱོད་ཟུང་དུ་འབྲེལ་བ་མྱུར་དུ་གྲོལ། །
འཆི་བ་མེད་པའི་གནས་ཞི་བ་མྱ་ངན་ལས་འདས་པ་ནི་ཐར་པ་འདོད་པ་རྣམས་ཀྱིས་དོན་དུ་གཉེར་བྱ་ཡིན་ལ། དེ་མངོན་དུ་བྱེད་པ་ནི། སྒྲིབ་པའི་ས་བོན་ནམ་རྩ་བ་སྤོང་བ་ཡོད་མེད་ཀྱི་རྗེས་སུ་འཇུག་ལྡོག་བྱེད་པ་ཡིན་ལ། དེའང་རྨོངས་པ་མ་རིག་པ་སྤོང་པའི་གཉེན་པོ་ཤེས་རབ་མེད་ན་མི་འབྱུང་ལ། དེ་གང་ཞེ་ན་བདག་མེད་རྟོགས་པའི་ཤེས་རབ་བོ། །ཤེས་རབ་དེ་ཡིས་ལྟ་བ་རྣམ་པར་དག་ཅིང་ངེས་པའི་དོན་ལ་བློ་གྲོས་མཆོག་ཐོབ་པར་འགྱུར་ལ། དེ་མངོན་དུ་གྱུར་པ་ལའང་ཐབས་ཀྱི་ཆ་རྣམ་པ་ཐམས་ཅད་དུ་ཉམས་སུ་ལེན་དགོས་པར་རིག་ནས་ལེགས་པར་སྤྱད་པས་སྤྱོད་པ་རྣམ་པར་དག་ཅིང་དྲང་བའི་དོན་ལ་བློ་གྲོས་མཆོག་སྐྱེ་བར་འགྱུར་ཏེ། དེ་ལྟར་ལྟ་སྤྱོད་རྣམ་པར་དག་པ་ཡ་བྲལ་དུ་མ་སོང་བར་ཟུང་དུ་འབྲེལ་བས་མྱུར་དུ་རྣམ་པར་གྲོལ་བའི་བདེ་བ་༼མཱ༡༣༥བ༽ལ་རེག་པར་གསུངས་སོ། །
ཁྱད་པར་རྒྱལ་བས་གསུངས་པའི་ཆོས་ཐམས་ཅད། །ཆོས་ཀྱི་དབྱིངས་ལ་གཞོལ་ཞིང་འབབས་པའི་ཕྱིར། །
ཐོག་མར་ལྟ་བ་གཏན་ལ་དབབ་པར་བྱ། །ལོག་ལྟའི་སྐྱོན་སེམས་དེ་ཚུལ་ཤེས་ནས་སྤང༌། །
ཡང་དག་ལྟ་བའི་ངེས་དོན་བཙལ་ཏེ་བླང༌། །
ལྟ་སྤྱོད་དེ་གཉིས་ལས་ཀྱང་ཁྱད་པར་དུ་གལ་ཆེ་བ་ནི། རྒྱལ་བས་གསུངས་པའི་དྲང་ངེས་ཆོས་ཀྱི་ཕུང་པོ་མཐའ་དག་ཆོས་ཀྱི་དབྱིངས་ལ་གཞོལ་ཞིང་འབབ་པ་ཁོ་ན་ཡིན་པས། དེ་ལ་རྗེས་སུ་མཐུན་པའི་ཡང་དག་པའི་ལྟ་བ་ཤེས་རབ་ཀྱི་མིག་གིས་བཙལ་བ་ཉིད། ཆོས་དབྱིངས་དེ་ཐོབ་པའི་དངོས་རྒྱུར་འགྱུར་བས་ཐོག་མར་ལྟ་བའི་གནས་ལུགས་གཏན་ལ་དབབ་པར་བྱ་དགོས་ཏེ། བཤེས་སྤྲིང་ལས། གང་ཟག་ལོག་པར་ལྟ་བས་ལེགས་སྤྱད་ཀྱང༌། །ཐམས་ཅད་རྣམ་པར་སྨིན་པ་མི་བཟད་ལྡན། །ཅེས་གསུངས་པ་ལྟར་ཡང་དག་པའི་ལྟ་བ་ལས་ཕྱིན་ཅི་ལོག་ཏུ་གྱུར་པའི་ལོག་པར་ལྟ་བ་ཆ་དང་བཅས་པ་ནི་སྐྱོན་དང་ཉེས་པ་ཐམས་ཅད་ཀྱི་འབྱུང་གནས་ཡིན་པ་ལ་ལུང་དང་རིགས་པས་རྣམ་པར་བརྟགས་པའི་སེམས་ཀྱིས། ཐོག་མར་དེའི་ཚུལ་ཤེས་ཤིང་ངེས་པ་རྙེད་པར་བྱས་ལ་སྤང་དགོས་ཏེ། དེའང་ཕྱི་རོལ་རྟག་ཆད་དུ་སྨྲ་བ་དང་རང་སྡེ་དངོས་སྨྲ་བ་རྣམས་ཀྱང་མཐར་འཛིན་གྱི་སྐྱོན་དང་ལྡན་པའི་ཕྱིར་ཡང་དག་པའི་ལྟ་བ་ནི་དབུ་མའི་ལམ་མཆོག་ཁོ་ན་ཡིན་པས་ཤིང་རྟ་གཉིས་ཀྱི་གཞུང་ལུགས་དྲི་མ་མེད་པའི་ངེས་དོན་ཟབ་མོ་དེ་ཉིད། ཕྱོགས་སུ་མ་ལྷུང་བའི་བློ་གྲོས་དང༌། བསོད་ནམས་ཀྱི་ཚོགས་ཀྱིས་དགེ་བའི་དཔུང་བསྐྱེད་པ་དང༌། ཐོས་བསམ་སྒོམ་པ་གསུམ་གྱི་ཤེས་རབ་ཀྱིས་འབད་ནས་བཙལ་ཏེ་བླང་བར་བྱའོ། །
གཉིས་པ་བདག་མེད་རྟོགས་པའི་ཤེས་རབ་བསྐྱེད་ཚུལ་སྨོས་པ་ནི།
མ་རིག་རྒྱུ་བྱས་འཇིག་ཚོགས་ལ་ལྟ་བ། །ཕྱིན་ཅི་ལོག་བཞིའི་རྩ་བ་བདག་འཛིན་གྱི། །
གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་བསྐྱེད། །
མ་རིག་པས་རྒྱུ་བྱས་ནས་འཇིག་༼མཱ༡༣༦ན༽ཚོགས་ལ་ལྟ་བ་ཉིད་འབྱུང་བ་ཡིན་ཏེ། ཕུང་པོ་ཚོགས་པ་ལ་ང་བདག་མེད་པར་ཡོངས་སུ་མ་ཤེས་པའི་སེམས་རྨོངས་པ་ལ་བརྟེན་ནས། དེ་ལ་ང་བདག་ཏུ་ཡོད་པར་འཁྲུལ་པའི་འཇིག་ལྟ་སྐྱེ་བ་ཡིན་ནོ། །དེ་ནི་རྣམ་པ་གསལ་བའི་འཛིན་སྟངས་ཅན་ཡིན་ལ། མ་རིག་པ་ནི་གང་ཡང་ཆ་མ་ཕྱེད་པའི་རྣམ་པ་མི་གསལ་བ་ཡིན་པས་དེ་གཉིས་རྣམ་པ་དང་འཛིན་སྟངས་འགལ་བའི་ཕྱིར་དེ་ལས་མ་རིག་པ་དངོས་སུ་མི་སྐྱེ་ཡང༌། འཇིག་ཚོགས་ལ་ལྟ་བ་བློ་ཕྱིན་ཅི་ལོག་གོམས་པའི་ས་བོན་གྱི་མཐུ་ལས་མ་རིག་པ་སྐྱེ་བ་ཡིན་པས་སོ། །དེའང་འཇིག་ཚོགས་ལ་ལྟ་བ་ལ་ཁམས་གསུམ་གྱིས་ཕྱེ་བའི་གསུམ་ཡོད་པ་ཡིན་ཞིང༌། འདོད་ཁམས་ཀྱི་སས་བསྡུས་པའི་འཇིག་ཚོགས་ལ་ལྟ་བ་ནི་མི་དགེ་བ་འབའ་ཞིག་ཡིན་ལ། ཁམས་གོང་མ་གཉིས་ཀྱི་སས་བསྡུས་པ་དེ་ནི་སྒྲིབ་ལུང་མ་བསྟན་པ་ཡིན་ནོ། །འཇིག་ལྟ་དེ་ནི་ཕྱིན་ཅི་ལོག་བཞིའི་རྩ་བ་བདག་ཏུ་འཛིན་པ་དང་དོན་གཅིག་ཡིན་ལ། དེ་བཞི་ནི། མི་གཙང་བ་ལ་གཙང་བར་འཛིན་པ་དང༌། སྡུག་བསྔལ་བ་ལ་བདེ་བར་འཛིན་པ་དང༌། མི་རྟག་པ་ལ་རྟག་པར་འཛིན་པ་དང༌། བདག་མེད་པ་ལ་བདག་ཏུ་འཛིན་པ་སྟེ། དེའི་དང་པོ་གསུམ་ནི་བདག་འཛིན་གྱི་གྲོགས་ཡིན་པས་ན། ཕྱིན་ཅི་ལོག་ཏུ་འཛིན་པའི་རྣམ་པར་རྟོག་པ་ཐམས་ཅད་ཀྱི་གཞི་དང་རྩ་བ་ལྟ་བུར་གྱུར་པ་ཉིད་དོ། །སྤྱིར་བདག་ཅེས་པའི་སྐད་དོད་ཨཱཏྨ་ཀ་ཞེས་ཡོད་ལ། དེ་སྒྲ་ཡངས་པའི་དབང་དུ་བྱས་ན། གང་ལ་ཡང་མ་ལྟོས་པར་ཚུགས་ཐུབ་ཏུ་གནས་པ་ཞིག་ལ་བདག་ཅེས་འཇོག་ཅིང༌། དེ་ལྟར་ན་ཆོས་བདག་གི་དབང་དུ་བྱས་པ་དང༌། སྒྲ་དོག་པར་ན་ཕུང་པོ་ལ་དམིགས་ནས་ང་བདག་ཏུ་འཛིན་པ་ལ་འཇུག་ཅིང༌། དེ་ལྟར་ན་གང་ཟག་གི་བདག་གི་དབང་དུ་བྱས་པའོ། །དེ་ལ་བདག་ཏུ་ལྟ་བ་ཞེས་པ་ནི་འཇིག་ཚོགས་ལ་ལྟ་བ་ཉིད་ཡིན་ཞིང༌། དེ་ནི་འཇིག་ཅིང་མི་རྟག་པའི་རང་བཞིན་ཅན་ཕུང་པོའི་༼མཱ༡༣༦བ༽ཚོགས་པ་ལ་དམིགས་ནས་བདག་ཏུ་འཛིན་པ་ཉིད་ཡིན་ཏེ། འདི་མ་རིག་པ་དང་རྗེས་སུ་འབྲེལ་བ་ཉིད་ཡིན་ཏེ། གང་བདེན་པ་བཞི་ལ་རྨོངས་པའི་མ་རིག་པ་ཡོད་པ་དེ་སྲིད་དུ་འདི་ཡང་ཡོད་པ་ཡིན་ཞིང༌། དེ་སྤངས་པ་ན་འདི་ཡང་སྤངས་པ་ཡིན་ནོ། །དེའི་གཉེན་པོ་ནི་བདག་མེད་རྟོགས་པའི་ཤེས་རབ་ཉིད་ཡིན་ཏེ། མ་རིག་པ་དང་མཚུངས་ལྡན་གྱི་བདག་ལྟ་དང་རྣམ་པ་འགལ་བའི་མི་མཐུན་ཕྱོགས་སུ་གྱུར་པའི་ཕྱིར་རོ། །དེ་ལ་བདག་ལྟ་མ་རིག་པ་ས་བོན་དང་བཅས་པ་དྲུངས་ནས་མ་སྤངས་ན་ཁམས་གསུམ་ལས་རྣམ་པར་གྲོལ་བའི་ཐབས་མེད་ཅིང༌། བདག་མེད་རྟོགས་པའི་ཤེས་རབ་མེད་ན་བདག་ལྟ་སྤོང་མི་ནུས་པས་ཐོས་བསམ་སྒོམ་གསུམ་གྱིས་སྒོ་ནས་ལྟ་བ་རྣམ་པར་དག་པ་ལ་བསླབ་ཅིང་དྲི་མ་མེད་པའི་ཤེས་རབ་བསྐྱེད་པར་བྱའོ། །
གསུམ་པ་སྔོན་འགྲོ་ཕྱག་རྒྱ་རྣམ་བཞིའི་མདོ་ཆིངས་བཤད་པ་ནི།
འདུས་བྱས་ཆོས་རྣམས་སྐད་ཅིག་མི་རྟག་ཅིང༌། །ཟག་བཅས་ཐམས་ཅད་སྡུག་བསྔལ་གསུམ་རང་བཞིན། །
ཀུན་ཉོན་རྣམ་བྱང་སྟོང་ཞིང་བདག་མེད་པ། །མྱང་འདས་འབའ་ཞིག་ཐར་པ་ཞི་བ་སྟེ། །
བསྟན་པ་སྤྱི་ཡི་བཀའ་རྟགས་ཕྱག་རྒྱ་བཞི། །ལེགས་པར་བསམ་ནས་ཐོག་མར་ངེས་ཤེས་བསྐྱེད། །
བདག་མེད་ཐོས་བསམ་གྱིས་གཏན་ལ་འབེབས་པར་བྱེད་པ་ལ། ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ལ་ངེས་ཤེས་མ་སྐྱེས་ན། བདག་མེད་པའི་དོན་ལའང་མཐའ་རྒྱ་ལེགས་པར་ཆོད་པའི་ངེས་ཤེས་སྐྱེ་དཀའ་བར་གསུངས་པས་ཐོག་མར་དེ་དག་ལ་རྣམ་པར་དཔྱད་པར་བྱ་སྟེ། དེའང་ཕྱི་ནང་གིས་བསྡུས་པའི་འདུས་བྱས་ཀྱི་ཆོས་ཐམས་ཅད་དུས་ནམ་ཡང་རྟག་པའི་གོ་སྐབས་མེད་པའི་ཕྱིར་མི་རྟག་པ་ཡིན་པར་གྲུབ་ཅིང༌། མི་རྟག་པ་དེའང་རགས་པའི་མི་རྟག་པ་ཡོངས་སུ་འགྱུར་བ་ཙམ་མ་ཡིན་གྱི། སྐྱེ་བཞིན་པ་དེ་ཉིད་འགག་བཞིན་པའི་མཚན་ཉིད་ཅན་སྐད་ཅིག་ཀྱང་གནས་པའི་རང་དབང་མེད་པ་ཕྲ་བའི་མི་རྟག་པ༼མཱ༡༣༧ན༽ཡིན་ཏེ། མར་མེ་སྐད་ཅིག་སྐད་ཅིག་གིས་སྣུམ་ཟད་པས་སྐད་ཅིག་མར་རྟོགས་པ་བཞིན་འདུས་བྱས་ཐམས་ཅད་དེ་དང་མཚུངས་པ་དང༌། ཞོན་པ་པོ་དང་བཞོན་པ་གཅིག་འགྲོ་ལ་ཅིག་ཤོས་མི་འགྲོ་བ་མི་སྲིད་པ་བཞིན་དུ་དབང་ཡུལ་རྣམས་ཀྱང་སྐད་ཅིག་མར་གྲུབ་སྟེ་ཤེས་པ་སྐད་ཅིག་མའི་རྟེན་ཡིན་པའི་ཕྱིར་རོ། །དེ་ལྟར་གྲུབ་པ་ན་སྡུག་བསྔལ་ཡང་རྟོགས་པ་ཡིན་ཏེ་གནས་པའི་རང་དབང་མེད་པར་སྐད་ཅིག་གིས་འཇིག་དགོས་པའི་ཕྱིར་རོ། །འདི་ནི་སྡུག་བསྔལ་ཕྲ་མོ་འདུ་བྱེད་ཀྱི་སྡུག་བསྔལ་ཏེ་འདུས་བྱས་རྣམས་སྐྱེས་ཙམ་ནས་སྡུག་བསྔལ་བའི་མཚན་ཉིད་ཅན་ནོ། །གང་སྡུག་བསྔལ་ཅན་དེ་ནི་བདེ་སྡུག་གི་བྱེད་པ་པོར་མི་རུང་སྟེ་རང་ཉིད་ལ་རང་དབང་མེད་པའི་ཕྱིར་རོ། །དེ་ལྟར་ན། ཆོས་གང་མི་རྟག་པ་ཡིན་ལ། དེ་ནི་བདག་དང་བྱེད་པ་པོ་ཡིན་པར་འགལ་བ་ཡིན་ནོ། །ཆོས་གང་ལ་དམིགས་ན་ཉོན་མོངས་ཉེ་བར་ལེན་པའི་རྒྱུར་གྱུར་པ་ཐམས་ཅད་ནི་ཟག་པ་དང་བཅས་པ་ཡིན་ཅིང་དེ་དག་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་ཏེ། དེའང་སྡུག་བསྔལ་གྱི་སྡུག་བསྔལ་དུད་འགྲོ་ཚུན་ཆད་ཀྱིས་ཀྱང་སྡུག་བསྔལ་དུ་རྟོགས་པའི་ཕྱིར་རིགས་པས་སྒྲུབ་མི་དགོས་ལ། འགྱུར་བའི་སྡུག་བསྔལ་རྣམ་པར་དཔྱོད་པ་དང་ལྡན་པའི་སོ་སོའི་སྐྱེ་བོས་ཀྱང་སྡུག་བསྔལ་དངོས་སུ་རྟོགས་ནུས་པའི་ཕྱིར་དེའང་རིགས་པས་སྒྲུབ་མི་དགོས་ཤིང༌། སྡུག་བསྔལ་དུ་རིགས་པས་སྒྲུབ་དགོས་པ་ནི་བྱིས་པ་རྣམས་ཀྱིས་སྡུག་བསྔལ་ཡིན་པར་མི་ཤེས་པར་བདེ་བར་འཛིན་པ་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དོ། །དེའང་འདུ་བྱེད་ཐམས་ཅད་སྐད་ཅིག་སྐད་ཅིག་གིས་སྐྱེ་ཞིང་འཇིག་པ་མི་རྟག་པའི་རང་བཞིན་ཅན་ཡིན་པས་གནས་པའི་གོ་སྐབས་ཅུང་ཟད་ཀྱང་མེད་པ་ཡིན་ལ། གནས་པའི་རང་དབང་མེད་པར་མི་འདོད་བཞིན་ཏུ་འཇིག་པའི་ཕྱིར་སྡུག་བསྔལ་ཉིད་དོ། །དེའང་ཞིག་པར་མི་འདོད་བཞིན་དུ་རང་དབང་༼མཱ༡༣༧བ༽མེད་པར་ཞིག་ན་སྡུག་བསྔལ་ཡིན་པར་ལྟ་ཞོག །ཞིག་པར་འདོད་པ་དང་མི་འདོད་པ་གཉིས་ཀ་མ་ཡིན་པའི་བར་མ་གཅིག་ཞིག་ན་ཡང་སྡུག་བསྔལ་བ་ནི་ཡིན་ཏེ་འཇིག་པ་དེའང་རང་དབང་མེད་པར་ཞིག་པའི་ཕྱིར་རོ། །བདེན་བཞིའི་ནང་ནས་སྡུག་བསྔལ་དང་ཀུན་འབྱུང་གཞི་གཅིག་ལ་ལྟོས་ནས་ཀུན་འབྱུང་རྒྱུ་དང་སྡུག་བསྔལ་འབྲས་བུར་འཇོག་པ་ཡིན་ནོ། །དཔེར་ན་ཉོན་མོངས་པ་ཞེ་སྡང་གི་ཀུན་ནས་བླངས་ཏེ་སེམས་ཅན་གཞན་ཞིག་གི་སྲོག་གཅོད་པའི་ལས་བྱས་ན། རྒྱུ་ཀུན་འབྱུང་དེ་ལས་འབྲས་བུ་སྡུག་བསྔལ་བདེན་པས་དམྱལ་བའི་ཕུང་པོ་གྲུབ་པ་ལྟ་བུ་ཡིན་ཀྱང༌། སྤྱིར་ནི་སྡུག་ཀུན་གཉིས་པོ་ཕན་ཚུན་རྒྱུ་འབྲས་སུ་འགྲོ་བ་ཡོད་པས། རྣམ་པ་ཀུན་ཏུ་ཀུན་འབྱུང་རྒྱུ་དང༌། སྡུག་བསྔལ་འབྲས་བུར་མ་ངེས་སོ། །སྡུག་བསྔལ་ཐམས་ཅད་ཀྱང་མི་རྟག་པའི་མཐུ་ལས་བྱུང་བ་ཡིན་ཏེ། དངོས་པོ་རྣམས་རང་རང་གི་གནས་སྐབས་དེ་ལ་མི་གནས། དེ་ལས་གནས་གཞན་དུ་འགྱུར་ཞིང༌། མཐར་འཇིག་པར་འགྱུར་བས་སྡུག་བསྔལ་ཞིང་ཡིད་འབྱུང་བའི་གནས་ཏེ། དཔེར་ན། རྒྱུ་ས་བོན་ལ་ཆུ་ལུད་དྲོད་གཤེར་སོགས་ཀྱིས་ཡོངས་སུ་བསྐུལ་བས་ས་བོན་གྱི་གནས་སྐབས་དེ་ལ་མི་གནས་པར། དེའང་ཡོངས་སུ་ཞིག་སྟེ་མྱུ་གུའི་གནས་སྐབས་འཛིན་པ་དང༌། དེ་ལ་ཡང་མི་གནས་པར་དེ་ཡོངས་སུ་ཞིག་སྟེ་འབྲས་བུའི་གནས་སྐབས་ཡོངས་སུ་འཛིན་པ་དང༌། དེ་ལ་ཡང་རྟག་ཏུ་མི་གནས་པར་མཐར་འཇིག་པར་འགྱུར་བ་ཡིན་ནོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ཐམས་ཅད་ནི་སྟོང་ཞིང་བདག་མེད་པ་སྟེ། སྤྱིར་དངོས་པོ་ལ་བྱེད་པ་པོ་འདོད་པ་རྣམས་ནི་མི་མཐུན་པའི་རྒྱུ་ལ་རྒྱུར་འཛིན་པ་ཡིན་ཞིང༌། འདི་ནི་ཕྱིན་ཅི་ལོག་ཏུ་འཛིན་པའི་བློ་ཉོན་མོངས་དང་ཉེས་པ་ཐམས་ཅད་ཀྱི་སྒོར་གྱུར་པ་ཡིན་ལ། གཞན་རྒྱུ་མི་རྟག་པ་ལས་མྱུ་གུ་སྐྱེ་བར་འཛིན་པ་ལྟ་བུ། རྒྱུ་མ་ཡིན་པ་ལ་རྒྱུར་འཛིན་པ་བློ་ཕྱིན་ཅི་ལོག་ཏུ་གྱུར་པ་ཡིན་༼མཱ༡༣༨ན༽ཀྱང་བྱེད་པ་པོ་ཁས་ལེན་པ་ལྟ་བུ་ཉེས་པ་ཐམས་ཅད་སྐྱེ་བའི་སྒོར་གྱུར་པ་དེ་ལྟ་བུ་མ་ཡིན་ནོ། །དེའང་འཇིག་རྟེན་གྱི་བདེ་སྡུག་ཐམས་ཅད་ལས་དགེ་སྡིག་གི་མཐུ་ལས་འབྱུང་བ་དང༌། ལས་སྡིག་པ་བྱེད་པ་དང༌། དེ་ལས་འབྲས་བུ་སྡུག་བསྔལ་མྱོང་བ་དང༌། ལས་དགེ་བ་བྱེད་པ་དང༌། དེ་ལ་འབྲས་བུ་བདེ་བ་མྱོང་བ་ཡང་བྱེད་པ་པོས་སེམས་ཅན་རྣམས་ལ་སོ་སོར་ངོ་བོ་ཉིད་ནས་བྱས་པ་མ་ཡིན་པས། སྤྱིར་བཏང་ཙམ་དུ་ལས་དགེ་སྡིག་ལས་འབྲས་བུ་བདེ་སྡུག་འབྱུང་བ་ངེས་པར་ཡིན་ཀྱང༌། རྟག་གཅིག་རང་དབང་ཅན་གྱི་གང་ཟག་གི་བདག་དང་བྱེད་པ་པོ་དབང་ཕྱུག་སོགས་ཕྱི་རོལ་པས་འདོད་པ་ལྟ་བུས་ནི་ནམ་ཡང་བྱས་པ་མེད་ལ། དེ་ལྟར་ཡོད་ན་ལས་མ་བྱས་པ་དང་ཕྲད་པ་དང༌། བྱས་པ་ཆུད་ཟ་བ་དང༌། ལས་འབྲས་སོ་སོར་མ་ངེས་པ་སོགས་རྒྱུ་འབྲས་ཀྱི་སྤང་བླང་ཐམས་ཅད་ཕྱིན་ཅི་ལོག་ཏུ་འགྱུར་བས། བླང་དོར་གྱི་གནས་ལ་ཆེས་ཤིན་ཏུ་གཡེལ་བར་འགྱུར་བའི་ལྟ་བ་ངན་པའི་སྒོ་མི་བཟད་པ་ཆེན་པོའོ། །དེས་ན་ཆོས་ཐམས་ཅད་ལ་བདག་གིས་སྟོང་ཞིང་བྱེད་པ་པོ་མེད་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བ་སྣང་ལ་མ་འགགས་པར་རྟོགས་ན་ཁམས་གསུམ་གྱི་ཉོན་མོངས་པ་ཐམས་ཅད་ཡོངས་སུ་ཟློག་པ་ཡིན་ནོ། །དེ་ལྟར་བདག་ཏུ་ལྟ་བ་སྤངས་བ་ན་འགོག་པ་མྱ་ངན་ལས་འདས་པའི་གོ་འཕང་འཐོབ་པར་འགྱུར་ཏེ། དེའང་མཐོ་རིས་ཀྱི་བདེ་བ་ལ་སོགས་པ་ནི་གནས་སྐབས་ཀྱི་བདེ་བ་ཉི་ཚེ་བ་བསླུ་བ་མི་བརྟན་ལ་སྙིང་པོ་མེད་པ་ཡིན་ལ། མྱང་འདས་འབའ་ཞིག་གཏན་དུ་བདེ་བའི་ཐར་པ། ཉོན་མོངས་ཀྱི་རླབས་ཀྱིས་མི་གཡོ་བའི་ཞི་བ་ཡིན་ལ། དབྱེ་ན་ཐེག་པ་གསུམ་གྱི་མྱང་འདས་དང༌། འགོག་བདེན་མཐར་ཐུག་པ་ལའང་རྒྱ་བོད་ཀྱི་བཞེད་པའི་ཁྱད་པར་མང་དུ་མཆིས་ཀྱང་སྙིང་པོ་ཙམ་འབྲས་བུའི་སྐབས་སུ་འཆད་པར་འགྱུར་རོ། །དེ་ལྟར་བསྟན་པ་སྤྱིའི་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་པོ་༼མཱ༡༣༨བ༽འདི་ནི། དཔེར་ན་འབངས་རྣམས་རྒྱལ་པོ་དེའི་ལུགས་ཀྱི་བཀའ་རྟགས་འཆང་ཞིང་དེ་ལས་འདའ་བར་བགྱིད་མི་བཏུབ་པ་བཞིན་དུ་ཐུབ་པའི་དབང་པོའི་རྗེས་སུ་འཇུག་པ་རྣམས་ལྟ་བའི་རྒྱ་འདི་ལས་ནམ་ཡང་འདར་མི་རུང་བ་ཡིན་པས་ལེགས་པར་བསམས་ལ་ཐོག་མ་ཉིད་དུ་ངེས་པའི་ཤེས་པ་བསྐྱེད་པར་བྱའོ། །
བཞི་པ་མཐའ་གཉིས་སྤངས་པའི་ལམ་དུ་གཞུག་པ་ལ་གཉིས། སྤྱིར་མཐའ་གཉིས་སྤངས་བའི་ཚུལ། བྱེ་བྲག་དབུ་མའི་ལུགས་སྲོལ་བཤད་པའོ། །དང་པོ་ནི།
དེ་ནས་མཐའ་གཉིས་སྤངས་པའི་ལམ་ཞུགས་ཏེ། །ཡུལ་ཅན་དོན་དམ་ཤེས་པའི་ཤེས་རབ་ཀྱིས། །
ཤེས་བྱའི་ཡུལ་ལ་སྤྲོས་གཅོད་རང་སྡེའི་ལུགས། །ཡིན་ཕྱིར་དངོས་སྨྲ་རྣམས་ཀྱང་རང་ལུགས་ཀྱི། །
རྟག་ཆད་སྤངས་ཀྱང་སྒྲོ་སྐུར་མཐའ་རུ་ལྷུངས། །
ཡང་དག་པའི་བློ་གྲོས་རྣམ་པར་དག་རུང་ཆེད་དུ་བསྒྲུབས་ཟིན་པ་དེ་ནས་རྟག་ཆད་སྤྲོས་པའི་མཐའ་གཉིས་སྤངས་པ་དབུ་མའི་ལམ་དུ་ཞུགས་དགོས་ཏེ། དེར་འཇུག་པའི་ཐབས་ནི་ཡུལ་ཅན་དོན་དམ་པ་ཤེས་པའི་ཤེས་རབ་ཀྱིས། ཤེས་བྱའི་ཡུལ་ལ་སྤྲོས་པ་གཅོད་པ་ནི་རང་སྡེ་སྤྱིའི་ལུགས་ཡིན་པའི་ཕྱིར་དངོས་པོར་སྨྲ་བའི་གྲུབ་མཐའ་རྣམས་ཀྱིས་ཀྱང་རང་རང་གི་ལུགས་ཀྱིས་ལུང་དང་རིགས་པས་རྟག་ཆད་རང་རང་གི་ཐད་སོར་སྤངས་ཀྱང་དབུ་མའི་ལུགས་དང་སྤྲོས་བྲལ་གྱི་རིགས་པས་གཞལ་ན་སྒྲོ་སྐུར་གྱི་མཐའ་རུ་ལྷུངས་པ་ཡིན་ནོ། །ཤེས་རབ་ལ་སྤྱིར་ཀུན་རྫོབ་ཤེས་པའི་ཤེས་རབ་དང༌། དོན་དམ་ཤེས་པའི་ཤེས་རབ་གཉིས་སུ་ཡོད་པ་ལས། འདིའི་མཚན་གཞི་ནི་ཕྱི་མ་དེ་ཡིན་ལ། དེ་ལའང་ཐེག་ཆེན་སེམས་ཙམ་པ་རྣམས་ཆོས་ཐམས་ཅད་རྣམ་པར་རིག་པ་ཙམ་དུ་ཤེས་པ་དང༌། རང་སྟོང་པ་རྣམས་ཆོས་ཐམས་ཅད་སྤྲོས་བྲལ་དུ་ཤེས་པ་དང༌། གཞན་སྟོང་པ་རྣམས་སྤྲོས་བྲལ་དེ་ཉིད་རྣམ་པ་ཐམས་ཅད་པར་ཤེས་པ་སྟེ་རིགས་གསུམ་དུ་ངེས་པའོ། །༼མཱ༡༣༩ན༽སྤྱིར་ནི་རང་གཞན་གྱི་གྲུབ་མཐའ་མཐའ་དག་ཀྱང་སྨྲ་བ་པོ་རང་གི་བློ་ངོར་མཐའ་གཉིས་བཀག་ནས་དབུ་མ་སྨྲ་བར་རློམ་སྟེ། འོག་མ་འོག་མས་མེད་བཞིན་དུ་ཡོད་པར་སྒྲོ་བཏགས་པ་ནི་རྟག་མཐའ་དང༌། གོང་མ་གོང་མས་ཡོད་བཞིན་དུ་མེད་པར་སྐུར་པ་བཏབ་པ་རྣམས་ནི་ཆད་མཐའ་ཡིན་པས་དེ་ཉིད་སྤངས་པའི་དབུ་མ་ནི་རང་ལུགས་སུ་སྨྲ་བར་འདོད་པའི་ཕྱིར་རོ། །དེ་ལ་རང་སྡེ་བྱེ་བྲག་སྨྲ་བས་རྟག་ཆད་ཀྱི་མཐའ་སྤངས་ལུགས་ནི། འདུས་བྱས་ཐམས་ཅད་སྐད་ཅིག་གིས་འཇིག་པས་རྟག་པའི་མཐའ་སྤངས་ལ། རྡུལ་ཕྲ་རབ་ཆ་མེད་བདེན་པར་གྲུབ་པས་ཆད་པའི་མཐའ་སྤོང་ངོ༌། །མདོ་སྡེ་པས་རྒྱུ་རྣམས་ཀྱི་རང་རང་གི་ངོ་བོ་འགག་པས་རྟག་པའི་མཐའ་སྤོང་ལ། རང་དང་རྗེས་སུ་མཐུན་པའི་འབྲས་བུ་འབྱིན་པས་ཆད་པའི་མཐའ་སྤོང་ངོ༌། །སེམས་ཙམ་པས་ཀུན་བརྟགས་རང་བཞིན་མེད་པས་རྟག་པའི་མཐའ་སྤོང་ལ། གཞན་དབང་བདེན་པར་གྲུབ་པས་ཆད་པའི་མཐའ་སྤོང་ངོ༌། །དབུ་མ་པས་ནི་རང་བཞིན་སྤྲོས་པ་དང་བྲལ་བས་རྟག་པའི་མཐའ་སྤོང་ལ། ཀུན་རྫོབ་རྟེན་ཅིང་འབྲེལ་བར་འབྱུང་བས་ཆད་པའི་མཐའ་སྤོང་ངོ༌། །གཞན་སྟོང་པས་ཀུན་རྫོབ་གཞན་བྱུང་དུ་གྱུར་བའི་ཆོས་ཐམས་ཅད་གདོད་ནས་མ་གྲུབ་པས་རྟག་མཐའ་སྤོང་ལ། དོན་དམ་རང་བྱུང་མི་འགྱུར་བའི་བདེ་གཤེགས་སྙིང་པོ་གཤིས་ལུགས་སུ་གནས་པས་ཆད་མཐའ་སྤོང་ངོ༌། །
དེ་ཕྱིར་དེ་དག་བདེན་དང་མི་བདེན་མང༌། །གནས་ལུགས་སྤྲོས་བྲལ་སྣང་ཚུལ་རྟེན་འབྲེལ་དུ། །
རྟོགས་ཕྱིར་ཐམས་ཅད་བདེན་པ་དབུ་མའི་ལུགས། །
ཕལ་ཆེར་སྒྲོ་སྐུར་གྱི་མཐའ་རུ་ལྷུང་བ་དེའི་ཕྱིར་གྲུབ་མཐའ་སོ་སོའི་ལྟ་བ་དེ་དག་ཅུང་ཟད་བདེན་ཀྱང་ཕལ་ཆེར་མི་བདེན་པ་མང་ལ། གཤིས་ལུགས་སྤྲོས་བྲལ་དང༌། དབྱིངས་འདུས་མ་བྱས་པའི་འོད་གསལ། སྣང་ཚུལ་རྟེན་ཅིང་འབྲེལ་བར་འབྱུང་བའི་རང་བཞིན་ཇི་བཞིན་དུ་རྟོགས་པའི་ཕྱིར། ༼མཱ༡༣༩བ༽ཐམས་ཅད་བདེན་པ་ནི་དབུ་མའི་ལུགས་ཡིན་ཏེ། ལྟ་འདོད་མདོར་བསྟན་ལས། བྱེ་བྲག་སྨྲ་དང་མདོ་སྡེ་དང༌། །རྣལ་འབྱོར་སྤྱོད་པའི་གཞུང་རྣམས་སུ། །ཅུང་ཟད་བདེན་དང་མི་བདེན་ཉིད། །ཐམས་ཅད་བདེན་པ་དབུ་མའི་ལུགས། །ཞེས་གསུངས་སོ། །འདིར་མཐའ་གཉིས་སྤངས་པའི་ལམ་མདོར་བསྡུ་ན། སྤྱོད་པ་ལ་ལྟོས་པའི་མཐའ་གཉིས་སེལ་ཚུལ་དང༌། ལྟ་བ་ལ་ལྟོས་པའི་མཐའ་སེལ་ཚུལ་གཉིས་ལས། དང་པོ་ནི། འཇིག་རྟེན་ལུགས་ཀྱི་ཚད་མས་གྲུབ་པའི་ཀུན་བྱང་གི་ཆོས་རྣམས་མེད་པར་ཁས་བླངས་ན་སྐུར་འདེབས་ཀྱི་མཐར་ལྷུང་ཞིང༌། འཕྲལ་གྱི་འཁྲུལ་རྒྱུས་བསླད་པའི་ཀུན་བྱང་གི་ཆོས་དང༌། མུ་སྟེགས་ཀྱི་གྲུབ་མཐས་བཏགས་པའི་ཀུན་བྱང་གི་ཆོས་རྣམས་ཡོད་པར་ཁས་བླངས་ན་སྒྲོ་འདོགས་པའི་མཐའ་ཉིད་དུ་ལྷུང་བས་མཐའ་དེ་གཉིས་སྤངས་པའི་དབུ་མའི་ལམ་ནས་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སློབ་པར་བྱེད་དོ། །ལྟ་བ་ལ་ལྟོས་པའི་མཐའ་གཉིས་ནི། སྤྱིར་ཤེས་བྱ་ཇི་སྙེད་པ་ཐམས་ཅད་དང༌། བྱེ་བྲག་ཏུ་ཀུན་རྫོབ་ཀྱི་བདེན་པ་མཐའ་དག་ཡོད་དོ་ཞེས་ཁས་བླངས་ན་སྒྲོ་འདོགས་པའི་མཐར་ལྷུང་བ་ཡིན་ཏེ། ཚད་མས་མ་གྲུབ་བཞིན་དུ་ཡོད་པར་ཁས་བླངས་པའི་ཕྱིར། ཚད་མས་མ་གྲུབ་པའི་ཀུན་རྫོབ་ཀྱི་བདེན་པ་དེ་ཉིད་གཅིག་དང་དུ་མ་ལ་སོགས་པའི་རིགས་པས་རྣམ་པར་དཔྱད་ན་ཡོད་པ་མ་ཡིན་ནོ་ཞེས་ཁས་བླངས་ན་ཆད་པའི་མཐར་ལྷུང་བ་ཡིན་ཏེ། སྟོང་ཉིད་དངོས་པོའི་འཇིག་རྒྱུར་ཁས་བླངས་པའི་ཕྱིར་རོ། །དེ་ལྟ་བུའི་མཐའ་གཉིས་སྤངས་པའི་དབུ་མའི་ལམ་ནས་ལྟ་བས་སྤྲོས་པ་གཅོད་པར་བྱེད་པ་ཡིན་ནོ། །
གཉིས་པ་དབུ་མའི་ལུགས་སྲོལ་བཤད་པ་ལ་གསུམ། སྟོང་པ་ཉིད་ཀྱི་ངོས་འཛིན་སྤྱིར་བསྟན་པ། བྱེ་བྲག་རང་སྟོང་དང༌། གཞན་སྟོང་གི་སྲོལ་བཤད་པའོ། །དང་པོ་ནི།
དེ་ཡི་ལྟ་བའི་ཡུལ་ནི་སྟོང་པ་ཉིད། །བདག་གཉིས་བཀག་པའི་དངོས་དང་མེད་དགག་ཆ། །
དབུ་མའི༼མཱ༡༤༠ན༽ལུགས་སྲོལ་དེ་ཡི་ལྟ་བའི་ཡུལ་ནི་སྟོང་པ་ཉིད་ཡིན་ལ། དེའང་སྟོང་པ་ཞེས་བྱ་བའི་དོན་ནི་མེད་པའི་དོན་ཏེ། ཅི་ཞིག་མེད་ན། བདག་གཉིས་པོའོ། །ཉིད་ཅེས་བྱ་བ་ནི་དངོས་པོའི་རྐྱེན་གྱི་དོན་ཏེ། དེའང་རྣལ་འབྱོར་སྤྱོད་པ་ལྟར་ན། དགག་བྱ་བདག་གཉིས་བཀག་པའི་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་དེ་དོན་དམ་པའི་དངོས་པོ་ཁོ་ན་ལ་འཆད་ལ། རང་སྟོང་དུ་སྨྲ་བ་ལྟར་ན། བདག་གཉིས་བཀག་ཙམ་གྱི་མེད་པར་དགག་པའི་ཆའོ། །
གཉིས་པ་རང་སྟོང་ནི།
སྟོང་གཞི་ཆོས་ཅན་དགག་བྱ་དགག་གཞི་ཉིད། །སྟོང་ཚུལ་ངོ་བོས་མ་གྲུབ་རང་སྟོང་ལུགས། །
དབྱེ་བ་ཕྱི་ནང་གཉིས་སྟོང་སོགས་བཅུ་དྲུག །དངོས་པོ་དངོས་མེད་རང་གཞན་སྟོང་བཞིར་འདུ། །
བྱེ་བྲག་ཏུ་སྟོང་པའི་གཞི་ནི་ཆོས་ཅན་ཏེ་ཤེས་བྱ་ལ་གང་ཇི་སྙེད་ཅིག་སྲིད་པའི་ཆོས་ཐམས་ཅད་དོ། །གང་གིས་སྟོང་པའི་དགག་བྱ་ཡང་དགག་གཞི་གང་ཡིན་པ་དེ་དང་དེ་ཉིད་དེ། མདོར་ན་གང་ཟག་དང༌། ཆོས་གཉིས་སོ། །ཇི་ལྟར་སྟོང་པའི་ཚུལ་ནི། དགག་གཞིར་བཟུང་བའི་ཆོས་གང་ཡིན་པ་ཐམས་ཅད་རང་རང་གི་ངོ་བོས་སྟོང་པས། དཔེར་ན་གཟུགས་ནི་གཟུགས་ཀྱིས་སྟོང་པ་བཞིན་དེ་ཉིད་དེ་ཉིད་ཀྱིས་སྟོང་པ་ཡིན་ཏེ། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱད་པ་གང་གི་ཚེ་དེ་ཉིད་དེ་ཉིད་དུ་མ་གྲུབ་པའི་ཕྱིར་རོ། །དཔེར་ན་བུམ་པ་དེ་གཅིག་དང་དུ་མ་གང་དུ་གྲུབ་དཔྱད་པའི་ཚེ་བུམ་པར་མ་གྲུབ་པ་བཞིན་ནོ། །མདོར་ན་བློ་ཡུལ་དུ་བྱར་མི་རུང་བ་རྣམས་ལྟ་ཞོག །དེར་རུང་བའི་ཆོས་ཇི་སྙེད་པ་ཐམས་ཅད་རང་རང་གི་ངོ་བོས་སྟོང་པར་བཤད་པ་ཡིན་ཏེ། དབུ་མ་འཇུག་པ་ལས། གང་ཕྱིར་དེ་ཡི་རང་བཞིན་དེ། །ཡིན་ཕྱིར་མིག་ནི་མིག་གིས་སྟོང༌། །དེ་བཞིན་རྣ་བ་སྣ་དང་ལྕེ། །ལུས་དང་ཡིད་ཀྱང་བསྙད་པར་བྱ། །ཞེས་སོ། །སྟོང་གཞི་ནི་ཆོས་ཅན་ཕྱི་ནང་གཉིས་སྟོང་སོགས་བཅུ་དྲུག །དེ་དག་བསྡུ་ན་དངོས་༼མཱ༡༤༠བ༽པོ་དངོས་མེད་རང་བཞིན་གཞན་དངོས་བཞིར་འདུ་སྟེ། དེའང་ཇི་སྐད་དུ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་འདི་ལྟ་སྟེ། ནང་སྟོང་པ་ཉིད་དང༌། ཕྱི་སྟོང་པ་ཉིད་དང༌། ཕྱི་ནང་སྟོང་པ་ཉིད་དང༌། སྟོང་པ་ཉིད་སྟོང་པ་ཉིད་དང༌། ཆེན་པོ་སྟོང་པ་ཉིད་དང༌། དོན་དམ་པ་སྟོང་པ་ཉིད་དང༌། འདུས་བྱས་སྟོང་པ་ཉིད་དང༌། འདུས་མ་བྱས་སྟོང་པ་ཉིད་དང༌། མཐའ་ལས་འདས་པ་སྟོང་པ་ཉིད་དང༌། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང༌། དོར་བ་མེད་པ་སྟོང་པ་ཉིད་དང༌། རང་བཞིན་སྟོང་པ་ཉིད་དང༌། ཆོས་ཐམས་ཅད་སྟོང་པ་ཉིད་དང༌། རང་གི་མཚན་ཉིད་སྟོང་པ་ཉིད་དང༌། མི་དམིགས་པ་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་རྣམས་སོ། །ཞེས་གསུངས་ཏེ། དེའི་དང་པོ་ནི། མིག་སོགས་ནང་གི་སྐྱེ་མཆེད་དྲུག་པོ་དག་གོ །གཉིས་པ་ནི། གཟུགས་སོགས་ཕྱིའི་སྐྱེ་མཆེད་དྲུག་པོ་དག་གོ །གསུམ་པ་ནི། བཤད་མ་ཐག་པའི་ཕྱི་ནང་སྐྱེ་མཆེད་དེ་ཉིད་ལ་འཆད་ཀྱི། དབང་རྟེན་ཁོག་པ་ལ་བཤད་པ་མེད་དོ། །དེ་དག་གིས་ནི་ཀུན་རྫོབ་ཀྱི་ཆོས་རྣམས་ཀུན་རྫོབ་ཀྱི་ངོ་བོས་སྟོང་པར་བཤད་ནས། དེ་དེས་སྟོང་པ་དེ་ཉིད་དེའི་རང་བཞིན་དུ་ཞེན་པ་དགག་པར་བྱ་བའི་ཕྱིར་དུ་སྟོང་ཉིད་བཞི་པ་འཆད་ལ། དེའི་ཆོས་ཅན་ནི་བཤད་མ་ཐག་པའི་སྟོང་ཉིད་གསུམ་པོ་དེ་དག་གོ །སྟོང་ཉིད་བཞི་པ་བསྟན་པའི་དགོས་པ་ནི། སྟོང་པ་ཉིད་ལའང་ཡོད་དོ་ཞེའམ་ཡིན་ནོ་ཞེས་པའི་འཛིན་པ་བཟློག་པར་བྱ་བའི་ཕྱིར་རོ། །ལྔ་པ་ནི། བཅུད་དང་སྣོད་ཀྱི་འཇིག་རྟེན་མ་ལུས་པ་ལ་ཁྱབ་པའི་ཕྱིར་ཆེན་པོ་ཞེས་བྱའོ། །དྲུག་པ་དོན་དམ་པའི་དགོས་པ་མཆོག་ཡིན་པའི་ཕྱིར་མྱ་ངན་ལས་འདས་པའོ། །འདི་ཡང་ལྷག་བཅས་ཀྱི་དང༌། ལྷག་མེད་ཀྱི་མྱང་འདས་ལ་འདོད་པ་མ་ཡིན་གྱི། རང་བཞིན་གྱིས་མྱ་ངན་ལས་འདས་པ་དང་མི་གནས་པའི་མྱ་ངན་ལས་འདས་པ་གང་རུང་ངོ༌། །བདུན་པ་དང་བརྒྱད་པ་འདུས་བྱས་དང་འདུས་མ་བྱས་ནི། སྐྱེ་འཇིག་གནས་གསུམ་༼མཱ༡༤༡ན༽བཅས་པ་དང་བྲལ་བའོ། །དགུ་པ་མཐའ་ལས་འདས་པ་ནི། རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བ་སྟེ། སྟོང་པ་དང་རྟེན་འབྲེལ་དང་དབུ་མའི་ལམ་གསུམ་པོ་རྣམས་ལ་བྱའོ། །བཅུ་པ་ཐོག་མ་དང་ཐ་མ་མེད་པ་ནི་འཁོར་བའོ། །བཅུ་གཅིག་པ་དོར་བ་མེད་པ་ནི། སྤྱིར་དོར་བ་ཞེས་པ་ནི་དོར་བྱ་སྟེ་སྐྱོན་གྱི་མིང་ཡིན་ལ། དེ་མེད་པ་ནི་བླང་བར་བྱ་བ་སྟེ་རྣམ་བྱང་གི་ཆོས་རྣམས་ཀྱི་མིང་ངོ༌། །བཅུ་གཉིས་པ་རང་བཞིན་ནི། ཆོས་རྣམས་ཀུན་རྫོབ་ཀྱི་ངོ་བོས་སྟོང་པ་དེ་ཉིད་ལ་བྱ་བ་ཡིན་ཏེ། ཆོས་རྣམས་ཀྱི་དོན་དམ་པའི་ངོ་བོ་ཡིན་པའི་ཕྱིར། འདི་དང་སྟོང་ཉིད་བཞི་པའི་སྟོང་གཞིའི་ཆོས་ཅན་གྱི་དོན་ལྡོག་ལ་ཁྱད་པར་མེད་ཀྱང༌། སྟོང་ཉིད་དུ་ཞེན་པ་དང༌། སྟོང་ཉིད་དེ་ལ་རང་བཞིན་དུ་ཞེན་པ་དགག་པའི་ཕྱིར་དུ་སོ་སོར་ཐ་དད་དུ་བཤད་པ་ཡིན་ནོ། །བཅུ་གསུམ་པ་ཆོས་ཐམས་ཅད་ནི། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཇི་སྙེད་པའོ། །བཅུ་བཞི་པ་རང་གི་མཚན་ཉིད་ཅེས་བྱ་བ་ནི། གཟུགས་སུ་རུང་བ་ལ་སོགས་པ་གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་རྣམས་རང་གི་མཚན་ཉིད་ཇི་སྙེད་པའོ། །བཅོ་ལྔ་པ་མི་དམིགས་པ་ཞེས་བྱ་བ་ནི། དུས་གསུམ་པོ་སྟེ། དེའང་ཇི་སྐད་དུ། ད་ལྟར་བ་འདི་མི་གནས་ཤིང༌། །འདས་དང་མ་འོངས་ཡོད་མ་ཡིན། །ཞེས་བཤད་པ་ལྟར་འཆད་དགོས་ཀྱི། ཕན་ཚུན་གཅིག་ལ་གཅིག་མེད་པ་མི་དམིགས་པའི་དོན་དུ་མི་འཆད་དོ། །བཅུ་དྲུག་པ་དངོས་པོ་མེད་པའི་ངོ་བོ་ཉིད་ཅེས་པ་ནི། དངོས་པོ་དངོས་པོ་ཉིད་ཀྱིས་སྟོང་པ་ལ་བྱ་བ་ཡིན་ལ། དེའང་དེ་ཉིད་ཀྱིས་སྟོང་པ་ལ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱའོ། །དེ་ལྟར་སྤྲོས་བཅས་ཀྱི་དབྱེ་བ་བཅུ་དྲུག་ཏུ་བཤད་ནས། སྤྲོས་མེད་ཀྱི་དབྱེ་བ་བཞིར་བསྡུ་བ་ནི། ཡུམ་རྒྱས་འབྲིང་གཉིས་སུ་སྟོང་ཉིད་བཅུ་དྲུག་བཤད་ཟིན་པའི་འོག་ཏུ་སླར་ཡང༌། རབ་འབྱོར། དངོས་པོ་ནི་དངོས་པོས་སྟོང་ངོ༌། །༼མཱ༡༤༡བ༽དངོས་པོ་མེད་པ་ནི་དངོས་པོ་མེད་པས་སྟོང་ངོ༌། །རང་བཞིན་ནི་རང་བཞིན་གྱིས་སྟོང་ངོ༌། །གཞན་གྱི་དངོས་པོ་ནི་གཞན་གྱི་དངོས་པོས་སྟོང་ངོ༌། །ཞེས་སྟོང་པ་ཉིད་བཞིར་གསུངས་པ་སྟེ། དེའང་སྟོང་གཞིའི་ཆོས་ཅན་ཇི་སྙེད་པ་བསྡུ་ན་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་སུ་འདུ། ཀུན་བདེན་ནི་དངོས་པོ་དང་དངོས་མེད་གཉིས་སུ་འདུ་ཞིང༌། དོན་དམ་པའི་བདེན་པ་ནི་ངོ་བོའི་སྒོ་ནས་དབྱེ་བ་མེད་ཀྱང༌། ལྡོག་པའི་སྒོ་ནས་རང་བཞིན་དང༌། གཞན་དངོས་ཞེས་བྱ་བ་གཉིས་སུ་བསྟན། དེ་ལྟར་སྟོན་པའི་ཤེས་བྱེད་ཀྱང་ཀུན་རྫོབ་ཀྱི་ཆོས་རྣམས་གདོད་མ་ནས་ཡོད་མ་མྱོང་བ་ཡིན་གྱི། དེ་མེད་པར་ཡེ་ཤེས་ཀྱིས་གསར་དུ་བྱས་པ་མ་ཡིན་པའི་རྒྱུ་མཚན་གྱིས་སྟོང་པ་ཉིད་ཀུན་རྫོབ་ཐམས་ཅད་ཀྱི་རང་བཞིན་དུ་བསྟན་ལ། དེ་ལྟར་ནའང་ཀུན་རྫོབ་པའི་ཡུལ་ཅན་གྱི་ཤེས་པ་དང་བརྗོད་པ་དག་གི་ཡུལ་དུ་མི་རུང་བའི་རྒྱུ་མཚན་གྱིས་གཞན་གྱི་དངོས་པོར་བསྟན་ནོ། །འོ་ན་ཅིའི་ཕྱིར་གཞན་གྱི་དངོས་པོར་བྱ་ཞེ་ན། འཇུག་འགྲེལ་དུ་རྒྱུ་མཚན་རྣམ་པ་གསུམ་གསུངས་ཏེ། ཆོས་ཅན་ཀུན་རྫོབ་ཀྱི་དངོས་པོ་རྣམས་ནི་རྟག་ཏུ་ཡོད་པ་ཡིན་ལ། འདི་ནི་རྟག་ཏུ་ཡོད་པའི་དོན་གྱིས་དང༌། ཀུན་རྫོབ་ཀྱི་དངོས་པོ་ནི་ཡེ་ཤེས་ཀྱིས་རྟོགས་བྱ་མ་ཡིན་ལ། འདི་ནི་དེས་རྟོགས་བྱ་ཡིན་པའི་རྒྱུ་མཚན་གྱིས་དང༌། ཀུན་རྫོབ་ནི་འཁོར་བ་ལས་མ་འདས་ལ། འདི་ནི་དེ་ལས་འདས་པའི་རྒྱུ་མཚན་གྱིས་གཞན་གྱི་དངོས་པོ་ཞེས་བྱའོ། །
གསུམ་པ་དབུ་མ་གཞན་སྟོང་གི་སྲོལ་ནི།
དགག་གཞི་ཡོངས་གྲུབ་དགག་བྱ་བརྟགས་དང་གཞན། །དེ་ཡིས་སྟོང་ཞེས་རྣལ་འབྱོར་སྤྱོད་རྣམས་སྨྲ། །
དབྱེ་བ་བཅུ་བཞི་བསྡུ་ན་གཉིས་སུ་བཞེད། །
དགག་གཞི་ཡོངས་གྲུབ་དབྱིངས་དེ་བཞིན་ཉིད་སྤྲོས་པའི་ཡུལ་ལས་འདས་པ། དགག་བྱ་ཀུན་བརྟགས་དང་གཞན་དབང་གི་མཚན་ཉིད་གཉིས། སྟོང་ཚུལ་དགག་བྱ་དེ་གཉིས་ཀྱིས་དགག་གཞི་ལ་༼མཱ༡༤༢ན༽སྟོང་པས་ཡོངས་གྲུབ་ཉིད་གཞན་གྱིས་སྟོང་པ་ཡིན་ཅེས་རྣལ་འབྱོར་སྤྱོད་པ་སྟེ་གཞན་སྟོང་གི་སྲོལ་འཛིན་པ་རྣམས་སྨྲའོ། །འདིར་གསེར་མདོག་པཎ་ཆེན་གྱིས། གང་སྟོང་པའི་གཞི་ནི་གཞན་དབང་སྟེ་གཟུང་འཛིན་གཉིས་སྣང་ཅན་གྱིས་ཤེས་པ་མཐའ་དག་གོ །དགག་བྱ་ནི་ཀུན་བརྟགས་པ་སྟེ་གཟུང་བ་དང་འཛིན་པའི་དབྱེ་བས་གཉིས་ཡིན་ལ། དེ་རེ་རེ་ལའང་གང་ཟག་གི་དབང་དུ་བྱས་པ་དང༌། ཆོས་ཀྱི་དབང་དུ་བྱས་པའི་གཟུང་འཛིན་གཉིས་གཉིས་སོ། །ཇི་ལྟར་སྟོང་པའི་ཚུལ་ནི། དགག་བྱ་དེས་དགག་གཞི་དེ་གཞན་སྟོང་གི་ཚུལ་གྱིས་སྟོང་པ་ཡིན་གྱི། རང་སྟོང་གི་ཚུལ་གྱིས་ནི་མ་ཡིན་ཏེ། དགག་བྱ་ཀུན་བརྟགས་ཀྱི་གཟུང་འཛིན་གཉིས་པོ་དེ་ནི་དགག་གཞི་གཉིས་སྣང་གི་ཤེས་པ་གཉིས་པོ་དེ་ལ་ལྟོས་པའི་གཞན་གྱི་ངོ་བོ་ཡིན་གྱི། དེའི་རང་གི་ངོ་བོར་མི་འཇོག་པའི་ཕྱིར། གཉིས་སྣང་གི་ཤེས་པ་དེའི་རང་གི་ངོ་བོ་གང་ཞེ་ན། གཉིས་མེད་ཀྱི་ཡེ་ཤེས་ཤེས་བྱ་མྱོང་བ་རིག་ཅིང་གསལ་ཙམ་དེ་ཉིད་དོ། །ཞེས་འཆད་དོ། །སྤྱིར་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ལ་ཆོས་དབྱིངས་སུ་བཤད་ནས་ཆོས་ཅན་གྱི་དབྱེ་བས་སྟོང་ཉིད་བཅུ་བཞིར་རྒྱས་པར་དབྱེ། དེ་དག་གི་དོན་བསྡུ་ན་གཉིས་སུ་འདུ་བར་བཞེད་དེ། བཅུ་བཞི་ནི། ནང་དང་ཕྱི་དང་ཕྱི་ནང་སྟོང༌། །ཆེན་པོ་སྟོང་པ་སྟོང་པ་ཉིད། །དོན་དམ་འདུས་བྱས་འདུས་མ་བྱས། །མཐའ་འདས་ཐོག་མཐའ་མེད་པ་དང༌། །དོར་མེད་རང་བཞིན་སྟོང་པ་ཉིད། །མཚན་ཉིད་ཆོས་རྣམས་སྟོང་ཉིད་དོ། །ཞེས་སོ། །འདི་ལ་སྟོང་པའི་གཞི་ནི། དབུས་མཐའ་ལས། ཟ་བ་པོ་དང་དེ་ཡི་ལུས། །གནས་ཀྱི་གཞི་ནི་སྟོང་པ་ཉིད། །དེ་ཡང་གང་གིས་ཇི་ལྟར་མཐོང༌། །གང་ཕྱིར་དེ་ཡང་སྟོང་པ་ཉིད། །ཅེས་བྱ་བ་འདིས་ནི་སྟོང་པ་ཉིད་མ་ལུས་པ་མདོར་བསྟན་པ་ཡིན་ལ། དེ་དག་གི་སྟོང་གཞི་ཆོས་ཅན་ནི་ནང་གི་སྐྱེ་མཆེད་དང༌། ཕྱིའི་སྐྱེ་མཆེད་༼མཱ༡༤༢བ༽དང༌། དེ་གཉིས་ཀའི་གནས་ཁོག་པ་དང༌། དེ་དག་གི་རྟེན་སྣོད་ཀྱི་འཇིག་རྟེན་ཏེ་བཞི་པོ་རྣམས་ནི་ཆོས་ཅན་ཏེ། ཀུན་རྫོབ་ཀྱི་བདེན་པའོ། །བཞི་པོ་དེའི་སྟོང་ཉིད་མངོན་སུམ་དུ་ཤེས་པའི་ཡེ་ཤེས་ནི་ལྔ་དང་དྲུག་པའི་སྟོང་གཞི་ཆོས་ཅན་ཏེ། དོན་དམ་པའི་དབང་དུ་བྱས་པའོ། །དྲུག་པོ་འདིའི་སྟོང་གཞིའི་ཆོས་ཅན་ནི་བདེན་པ་གཉིས་ཀྱི་དབྱེ་བས་བཞག་པ་ཡིན་ལ། སྟོང་ཉིད་ཕྱི་མ་བརྒྱད་ཀྱི་སྟོང་གཞིའི་ཆོས་ཅན་ནི་དགོས་པའི་སྒོ་ནས་བཞག་པ་སྟེ། ཇི་སྐད་དུ། དགེ་གཉིས་ཐོབ་པར་བྱ་བའི་ཕྱིར། །རྟག་ཏུ་སེམས་ཅན་ཕན་པའི་ཕྱིར། །འཁོར་བ་སྟོང་པར་མི་བྱའི་ཕྱིར། །དགེ་བ་མི་ཟད་བྱ་བའི་ཕྱིར། །རིགས་ཀྱང་རྣམ་པར་དག་བྱའི་ཕྱིར། །མཚན་དང་དཔེ་བྱད་ཐོབ་བྱའི་ཕྱིར། །སངས་རྒྱས་ཆོས་རྣམས་དག་བྱའི་ཕྱིར། །བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད། །ཅེས་གསུངས་སོ། །འདི་དག་གིས་ནི་སྟོང་ཉིད་ཕྱི་མ་བརྒྱད་ཀྱི་སྟོང་གཞི་ཆོས་ཅན་ངོས་བཟུང་བ་ཡིན་ཏེ། ཆོས་ཅན་བརྒྱད་པོ་འདི་བྱང་ཆུབ་སེམས་དཔས་སྒྲུབ་པར་བྱེད་པའི་ཕྱིར། དགོས་པ་གང་གི་ཕྱིར་དུ་གང་ཞིག་སྒྲུབ་ཅེ་ན། མཐར་ཐུག་གི་འདུས་བྱས་དང་འདུས་མ་བྱས་ཀྱི་དགེ་བ་གཉིས་པོ་ཐོབ་པར་བྱ་བའི་ཕྱིར་དུ་གནས་སྐབས་འདུས་བྱས་དང་འདུས་མ་བྱས་ཀྱི་དགེ་བ་གཉིས་སྒྲུབ་པར་བྱེད་དོ། །དེ་གཉིས་ནི་འདུས་བྱས་དང་འདུས་མ་བྱས་སྟོང་པ་ཉིད་ཀྱི་ཆོས་ཅན་ནོ། །དེ་བཞིན་དུ་སྦྱར་ནས་དགོས་པ་སེམས་ཅན་ལ་ཕན་པའི་ཕྱིར་དུ་དབུ་མའི་ལམ་སྒྲུབ་པར་བྱེད་པ་དང༌། སེམས་ཅན་མི་གཏོང་བའི་ཕྱིར་དུ་འཁོར་བ་སྒྲུབ་པར་བྱེད་པ་དང༌། ལྷག་མེད་དུ་དགེ་བ་མི་ཟད་པར་བྱ་བའི་ཕྱིར་དུ་ཆོས་ཉིད་ཀྱི་དགེ་བ་སྒྲུབ་པར་བྱེད་པ་དང༌། གློ་བུར་གྱི་དྲི་མས་དག་པར་བྱ་བའི་ཕྱིར་དུ་རང་བཞིན་དུ་གནས་པའི་རིགས་སྒྲུབ་པར་བྱེད་པ་དང༌། མཚན་དང་དཔེ་བྱད་ཐོབ་པར་བྱ་བའི་ཕྱིར་དུ་སྒྲུབ་པར་བྱེད་པ་དང༌། སངས་རྒྱས་ཀྱི་ཆོས་རྣམས་ཐོབ་པར་བྱ་བའི་ཕྱིར་དུ་སྟོབས་ལ་སོགས་པ༼མཱ༡༤༣ན༽རྣམས་སྒྲུབ་པར་བྱེད་ཅེས་པའོ། །དེའང་སྟོང་ཉིད་དང་པོ་བཞི་ནི་ཉན་རང་དང་ཐུན་མོང་བ་དང༌། ཕྱི་མ་བཞི་ནི་ཐེག་ཆེན་ཐུན་མོང་མ་ཡིན་པའི་དབང་དུ་བྱས་སོ། །ཞེས་ཤེས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད། །ཅེས་གསུངས་སོ། །ཡང་ན་དགོས་པ་དེ་དང་དེའི་ཕྱིར་དུ་སྟོང་པ་ཉིད་དེ་དང་དེ་སྒྲུབ་པར་བྱེད་དོ། །དཔེར་ན་འཁོར་བ་སྟོང་པ་ཉིད་དུ་མ་ཤེས་ན་སྐྱོ་བ་སྐྱེས་ཏེ་འཁོར་བ་གཏོང་པ་བཞིན་ནོ། །འདིར་རང་བཞིན་གནས་རིགས་ལ་རང་བཞིན་སྟོང་པ་ཉིད་དང༌། མཚན་བཟང་པོ་རྣམས་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་དང༌། སངས་རྒྱས་ཀྱི་སའི་ཡོན་ཏན་རྣམས་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་སྟོང་གཞིའི་ཆོས་ཅན་དུ་བཤད་པ་ནི་རང་སྟོང་གི་གཞུང་ལས་འབྱུང་བ་དང་མི་འདྲ་བའི་ཁྱད་པར་ཡིན་ནོ། །ཇི་ལྟར་སྟོང་པའི་ཚུལ་ནི། གང་ཟག་དང་ཆོས་ཀྱི་དབང་དུ་བྱས་པའི་གཟུང་འཛིན་གཞན་གྱིས་ཆོས་ཉིད་ལ་སྟོང་པའོ། །བསྡུས་པའི་དབྱེ་བ་གཉིས་ནི། དངོས་པོ་མེད་པའི་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །འདི་གཉིས་ཀྱང་ལྡོག་པས་ཕྱེ་བ་ཡིན་ཏེ། དགག་བྱ་ཀུན་བརྟགས་ཀྱི་ཆོས་དང་གང་ཟག་བཀག་པའི་ཆ་ནས་དངོས་པོ་མེད་པའི་སྟོང་པ་ཉིད་དང༌། དགག་བྱ་དེ་བཀག་པའི་ཤུལ་ན་ཆོས་ཉིད་ཀྱི་ཆོས་དང་གང་ཟག་གི་དངོས་པོ་ཡོད་པའི་ཆ་ནས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དུ་བཞག་གོ །འདི་གཉིས་སྟོང་ཉིད་ཐ་དད་རང་རྐྱ་ཐུབ་པ་མ་ཡིན་ཀྱང་སྟོང་པ་ཉིད་ཀྱི་དངོས་པོ་རེ་རེ་ལའང་སྒྲོ་འདོགས་དང་སྐུར་འདེབས་ཀྱི་མཐའ་གཉིས་བསལ་བའི་སྒོ་ནས་བཞག་དགོས་པས་འདི་གཉིས་སྟོང་ཉིད་བཅུ་བཞི་པོ་ཐམས་ཅད་ལ་ཁྱབ་བྱེད་དུ་འགྲོ་དགོས་པར་ཤེས་པའི་དོན་དུའོ། །མཐའ་གཉིས་པོ་ནི་ཀུན་བརྟགས་པའི་ཆོས་དང་གང་ཟག་གི་དངོས་པོ་ཡོད་པར་སྒྲོ་འདོགས་པ་དང༌། ཆོས་ཉིད་ཀྱི་ཆོས་དང་གང་ཟག་གི་དངོས་པོ་མེད་དོ་ཞེས་སྐུར་པ་འདེབས་པ་ལ་༼མཱ༡༤༣བ༽བཤད་དོ། །
ལྔ་པ་དངོས་གཞི་བདག་མེད་རྣམ་གཉིས་དཔྱད་པ་ལ་གཉིས། བདག་མེད་བསྟན་པའི་དགོས་པ་བརྗོད། བདག་མེད་དངོས་དཔྱད་པའོ། །དང་པོ་ནི།
མཐོང་བའི་གེགས་བྱེད་རྣམ་གཡེང་རྟོག་པ་བཅུ། །སེལ་བའི་གཉེན་པོ་བདག་མེད་རྣམ་གཉིས་སོ། །
སྟོང་པ་ཉིད་མངོན་སུམ་དུ་མཐོང་བ་ལ་གེགས་བྱེད་ནི་རྣམ་གཡེང་གི་རྟོག་པ་བཅུ་པོ་ཁོ་ན་ཡིན་ཏེ། བརྒྱད་སྟོང་དོན་བསྡུ་ལས། སེམས་ཀྱི་གཡེང་བ་རྣམ་པ་བཅུས། །གཞན་ལ་སེམས་ནི་རྣམ་གཡེངས་པས། །བྱིས་པ་རྣམས་ལ་གཉིས་མེད་ཀྱི། །ཡེ་ཤེས་སྒྲུབ་པའི་སྐལ་བ་མེད། །ཅེས་གསུངས་སོ། །རྟོག་པ་དེ་སེལ་བྱེད་ཀྱི་གཉེན་པོ་ནི་སྟོང་པ་ཉིད་ཉི་ཤུའམ་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཏེ། དེ་རྣམས་ཀྱང་མདོར་བསྡུ་ན། གང་ཟག་དང་ཆོས་ཀྱི་བདག་མེད་རྟོགས་པའི་དབྱེ་བས་གཉིས་སོ། །
གཉིས་པ་བདག་མེད་དངོས་དཔྱད་པ་ལ་ལྔ། ཆོས་ཀྱི་བདག་མེད། གང་ཟག་གི་བདག་མེད། གཉིས་ཀ་དང་འབྲེལ་བའི་རྣམ་གྲངས། དཔྱད་དོན་དབུ་མ་སོ་སོའི་ལུགས་ངེས་པར་བྱེད་པ། ཤིང་རྟ་གཉིས་ཀྱི་དགོངས་པ་གཅིག་ཏུ་ཆུབ་པར་གདམས་པའོ། །དང་པོ་ལ་ལྔ། ཐོག་མར་གཏན་ལ་འབེབས་པའི་གནད་དོན། དགག་བྱ་བདག་གི་ངོ་བོ། དགག་དགོས་པའི་རྒྱུ་མཚན། གྲུབ་མཐའ་སོ་སོའི་རྟོགས་ཁྱད། དབུ་མའི་རིགས་པས་གཏན་ལ་འབེབས་པའི་ཚུལ་ལོ། །དང་པོ་ནི།
ཆོས་ཀྱི་བདག་མེད་རགས་པར་ཕྱི་ནང་གཉིས། །ཐུན་མོང་ཉིད་ཕྱིར་སྔོན་དུ་གཏན་ལ་དབབ། །
དགག་བྱ་བདེན་གྲུབ་བཀག་པའི་རགས་པ་དང༌། བདེན་མེད་ཀྱང་བཀག་པའི་ཆོས་ཀྱི་བདག་མེད་ཕྲ་བ་གཉིས་ཡོད་པ་ལས། ཆོས་ཀྱི་བདག་མེད་རགས་པ་ཙམ་ནི་ཕྱི་ནང་ཐུན་མོང་བ་ཉིད་ཀྱི་ཕྱིར་དང༌། གང་ཟག་བདག་མེད་ཕྲ་མོ་རྟོགས་པ་ལ་ཆོས་ཀྱི་བདག་མེད་རགས་པ་རྟོགས་པ་སྔོན་དུ་འགྲོ་དགོས་པའི་ཕྱིར་དང༌། ཀུན་༼མཱ༡༤༤ན༽རྫོབ་ཀྱི་ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་པར་གཏན་ལ་ཕེབ་པ་ན་གང་ཟག་གི་བདག་ཅེས་བྱ་བ་ལྷན་ཅིག་སྐྱེས་པའི་མ་རིག་པས་བཏགས་པ་དེའང་རང་གི་ངོ་བོས་སྟོང་པར་དོན་གྱིས་འགྲུབ་པའི་ཕྱིར་སྔོན་དུ་གཏན་ལ་དབབ་དགོས་སོ། །
གཉིས་པ་ངོ་བོ་ནི།
དེ་ཡི་ངོ་བོ་ཐག་པའི་སྦྲུལ་བཞིན་དུ། །ཐ་མལ་བློ་ལ་རང་མཚན་བདེན་ཞེན་ཉིད། །
ཆོས་བདག་དེའི་ངོ་བོ་ནི། བཞི་བརྒྱ་པའི་འགྲེལ་པ་ལས། རྟོག་པ་ཡོད་པ་ཁོ་ནས་ཡོད་པ་ཉིད་དང༌། རྟོག་པ་མེད་པར་འདོད་པ་ཉིད་མེད་པ་དེ་དག་ནི། གོར་མ་ཆགས་པ་ཐག་པ་བསྡོགས་པ་ལ་བཏགས་པའི་སྦྲུལ་ལྟར་རང་གི་ངོ་བོ་ནས་མ་གྲུབ་པའོ། །ཞེས་གསུངས་པ་ལྟར་ཐོག་མ་མེད་པ་ནས་གོམས་པའི་ལྷན་སྐྱེས་ཀྱི་མ་རིག་པའི་དབང་གིས་ཐ་མལ་པའི་བློ་ལ་སྣང་བའི་གཟུགས་ལ་སོགས་པ་ཕྱི་ནང་གི་ཆོས་ཐམས་ཅད་རང་རང་གི་མཚན་ཉིད་དུ་བདེན་པར་ཞེན་པ་གང་ཡིན་པ་སྟེ། འདི་ནི་ཐག་པའི་སྦྲུལ་ལྟར་རྟོག་པས་བཏགས་པ་ཙམ་དུ་ཟད་ཀྱི་དངོས་པོ་རྣམས་རང་བཞིན་དུ་གྲུབ་པ་མ་ཡིན་པས་དེ་ཁོ་ན་ཉིད་སེམས་པའི་ཚེ་རིགས་པས་དགག་པར་བྱ་བ་ཡིན་ནོ། །
གསུམ་པ་དེ་དགག་དགོས་པའི་རྒྱུ་མཚན་ནི།
སྒྲིབ་གཉིས་རྩ་བ་བདག་འཛིན་རྒྱུ་ཕྱིར་དགག །
དེ་ལྟ་བུའི་མངོན་ཞེན་དེ་ནི་སྒྲིབ་གཉིས་ཀྱི་རྩ་བ་བདག་འཛིན་གྱི་རྒྱུ་ཡིན་ཏེ། རིན་ཆེན་ཕྲེང་བ་ལས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཡང་ནི་སྐྱེ་བ་ཡིན། །ཞེས་གསུངས་ཤིང༌། དེ་ཉིད་ཤེས་སྒྲིབ་ཀྱི་ཡང་གཙོ་བོ་ཡིན་ཏེ། རྒྱུད་བླ་མ་ལས། འཁོར་གསུམ་རྣམ་པར་རྟོག་པ་གང༌། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །ཅེས་གསུངས་སོ། །དེའི་ཕྱིར་སྒྲིབ་པ་གཉིས་སྤངས་ནས་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པར་འདོད་པ་དག་གིས་སྒྲིབ་གཉིས་ཀྱི་རྩ་བ་དངོས་པོ་ལ་༼མཱ༡༤༤བ༽མངོན་པར་ཞེན་པ་སྤང་དགོས་ཤིང༌། དེའང་ཡུལ་བདེན་དངོས་བཀག་པའི་སྒོ་ནས་སྤང་དགོས་ཏེ། བཞི་བརྒྱ་པ་ལས། ཡུལ་ལ་བདག་མེད་མཐོང་ན་ནི། །སྲིད་པའི་ས་བོན་འགག་པར་འགྱུར། །ཞེས་དང༌། རྣམ་འགྲེལ་ལས། འདི་ཡུལ་སུན་དབྱུང་མེད་པར་ནི། །དེ་སྤོང་བར་ནི་ནུས་མ་ཡིན། །ཞེས་སོ། །
བཞི་པ་གྲུབ་མཐའ་སོ་སོས་རྟོགས་ཚུལ་ནི།
བྱེ་མདོར་དེ་ཉིད་ཡོངས་སུ་རྫོགས་མེད་ཀྱང༌། །ཆོས་ཅན་ཉི་ཚེའི་སྟེང་དུ་གཏན་ལ་འབེབས། །
ཤེས་བྱེད་དཔྱད་པས་ཅི་ཡང་མ་རྙེད་པ། །བདེན་མེད་དོན་འཇོག་འདི་པའི་སྤྱི་ལུགས་ཕྱིར། །
ཆོས་ཀྱི་བདག་མེད་རགས་པ་ཙམ་གྲུབ་མཐའ་སྨྲ་བ་ཐམས་ཅད་ལ་ཡོད་པར་བཞེད་དེ་ཕྱི་རོལ་པ་ལའང་དེ་ཡོད་པ་དབུ་མའི་རྒྱན་སོགས་ལས་བཤད་པས་སོ། །དེས་དེའི་འགལ་ཟླར་གྱུར་པའི་ཤེས་བྱའི་སྒྲིབ་པ་རགས་པ་མགོ་གནོན་པར་བྱེད་ཀྱང༌། ཐམས་ཅད་མཁྱེན་པའི་ལམ་དུ་འགྱུར་བའི་ལྟ་བ་ནི་མ་ཡིན་ཏེ། དེ་ཙམ་ཞིག་གོམས་པར་བྱས་པས་འཛིན་པ་ཆོས་ཀྱི་བདག་མེད་མངོན་སུམ་དུ་མཐོང་བ་མི་སྲིད་ཅིང༌། ཐར་པ་ཆ་མཐུན་གྱི་དགེ་བའི་རྩ་བ་དང་ཡང་བྲལ་བའི་ཕྱིར་རོ། །དེའང་གྲངས་ཅན་པས། ཕྱི་རོལ་དོན་གྱི་སྣང་བ་སེམས་སུ་ཁས་བླངས་ནས། སེམས་དེའང་གཙོ་བོའི་དང་དུ་ཐིམ་པ་ན་གཟུང་འཛིན་གཉིས་མེད་དུ་སོང་བར་ཁས་ལེན་པ་ཡིན་ནོ། །བྱེ་མདོར་ཆོས་ཅན་མཐའ་དག་གི་སྟེང་དུ་གཏན་ལ་འབེབས་པར་མ་བཤད་པས་ཆོས་ཀྱི་བདག་མེད་དེ་ཉིད་ཡོངས་སུ་རྫོགས་པ་མེད་ཀྱང༌། ཆོས་ཅན་ཉི་ཚེ་བའི་སྟེང་དུ་གཏན་ལ་འབེབས་པར་བཤད་པས་ཆ་ཤས་ཙམ་ཡོད་དགོས་ཏེ། དེའང་བྱེ་སྨྲའི་གཞུང་དུ་ཕྱི་དོན་རགས་པ་བདེན་མེད་དུ་བཤད་ལ། མདོ་སྡེ་པའི་གཞུང་དུ་ནི་དེར་མ་ཟད་རྫས་ལྡོག་གཉིས་ཀྱི་ཟླས་ཕྱེ་བའི་ལྡོག་པ་ཡང་བདེན་མེད་དུ་བཤད་པ་ཡིན་ནོ། །དེའི་ཤེས་བྱེད་ཀྱང་ཆོས་གང་ལ་དོན་དམ་དཔྱོད་བྱེད་ཀྱི་ཤེས་རབ་ཀྱིས་དཔྱད་༼མཱ༡༤༥ན༽པ་ན་ཅིའང་མ་རྙེད་པ་དེ་ཙམ་ཞིག་བདེན་མེད་ཀྱི་དོན་དུ་འཇོག་པ་ནི་ཆོས་འདི་པ་དག་གི་སྤྱི་ལུགས་ཡིན་ལ། དེའང་ཇི་སྐད་དུ། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་ཞེས་དང༌། སྤྱིར་ཀུན་རྫོབ་ཀྱི་ཆོས་ཤིག་ཁས་བླངས་ཕྱིན་ཆད་དེ་བདེན་པར་མ་གྲུབ་པ་ཉིད་དུ་ཁས་ལེན་དགོས་པ་ནི་གྲུབ་མཐའ་སྨྲ་བ་ཀུན་གྱི་གཞུང་ལུགས་ཡིན་པ་དང༌། མདོ་སྡེ་པའི་གཞུང་ལས་ཀྱང༌། ཇི་སྐད་དུ། དེ་ཡིས་ཇི་ལྟར་ཀུན་བཏགས་པ། །དེ་ནི་དམ་པའི་དོན་དུ་མེད། །ཅེས་སོགས་ལྡོག་པ་གཞན་སེལ་བདེན་མེད་དུ་འཆད་བྱེད་ཀྱི་ལུང་ཤིན་ཏུ་མང་བར་གསུངས་སོ། །
སེམས་ཙམ་རང་ལུགས་བདག་མེད་གཉིས་རྟོགས་འདོད། །དབུ་མས་གཞལ་ན་གཉིས་སྟོང་ཤེས་པ་ཉིད། །
དོན་དམ་འདོད་ཕྱིར་ཆོས་བདག་ཕྱོགས་གཅིག་ལུས། །
གྲུབ་མཐའ་འོག་མ་དེ་དག་མ་ཟད་ཐེག་ཆེན་སེམས་ཙམ་པས་ཀྱང་རང་ལུགས་ལ་བདག་མེད་གཉིས་ཀ་རྟོགས་པར་འདོད་ཀྱང་དབུ་མའི་རིགས་པས་གཞལ་ན་གཟུང་འཛིན་གཉིས་སྟོང་གི་ཤེས་པ་ཉིད་དོན་དམ་པར་འདོད་པའི་ཕྱིར་ཆོས་བདག་གི་ཕྱོགས་གཅིག་ལུས་པས་བདག་མེད་གཉིས་མཐར་ཕྱིན་པ་མ་ཡིན་ཀྱང༌། གང་ཟག་གི་བདག་ཕྲ་རགས་དང༌། ཆོས་བདག་རགས་པ་ནི་སྤངས་པ་ཡིན་ནོ། །ཁྱད་པར་སེམས་ཙམ་རྣམ་བདེན་པས་ནི། གཟུང་བ་ཕྱི་རོལ་གྱི་དོན་མེད་པར་ཁས་བླངས་ཀྱང་སྣང་བ་སེམས་སུ་ཁས་བླངས་པས་གཟུང་འཛིན་གཉིས་སྟོང་མི་འདོད་པའི་ཕྱིར། གང་ཟག་གི་བདག་མེད་ཡོངས་སུ་རྫོགས་པར་ཁས་བླངས་ཀྱང་ནང་སྟོང་པ་ཉིད་ཀྱི་འཇོག་ཚུལ་དཔྱིས་ཕྱིན་པ་མ་ཡིན་ཏེ། ཀུན་ཏུ་བཏགས་པའི་བདག་མེད་པར་ཁས་བླངས་ཀྱང་རྣམ་པར་བརྟགས་པའི་བདག་མེད་པར་མ་གྲུབ་པའི་ཕྱིར་རོ། །
ལྔ་པ་དབུ་མའི་༼མཱ༡༤༥བ༽རིགས་པས་གཏན་ལ་འབེབས་ཚུལ་ནི།
དབུ་མའི་གཏན་ཚིག་མང་ཡང་འཕགས་ལུགས་ལྔས། །སྟོང་དང་རྟེན་འབྱུང་ཟུང་འཇུག་ངེས་པ་འདྲེན། །
ཟླ་བས་གཟུང་བ་བཀག་ནས་དེ་མེད་པའི། །རྟགས་ཀྱིས་འཛིན་པ་འགོག་དང་ཀུན་རྫོབ་གཅིག །
སྟོང་པའི་རིགས་པས་ཆོས་ཀུན་སྟོང་གཉིས་གསུངས། །
དབུ་མའི་ལུགས་སུ་ཆོས་ཀྱི་བདག་མེད་གཏན་ལ་འབེབས་པའི་གཏན་ཚིག་ཐོགས་མེད་སྐུ་མཆེད་སོགས་སློབ་དཔོན་སོ་སོའི་བཞེད་སྲོལ་མང་ཡང༌། འཕགས་པ་ཀླུ་སྒྲུབ་ཀྱི་ལུགས་སུ་ངོ་བོ་རྒྱུ་འབྲས་གཉིས་ཀ་ལ་དཔྱོད་པ་བཞི། རྟེན་འབྱུང་གི་རིགས་པ་བཅས་ལྔ་པོས་སྟོང་པ་ཉིད་དང་རྟེན་ཅིང་འབྲེལ་འབྱུང་ཟུང་དུ་འཇུག་པའི་ཡེ་ཤེས་འདྲེན་པའི་ཚུལ་སྔར་བཤད་པ་ལྟར་ཡིན་ནོ། །ཟླ་བ་གྲགས་པས་ཆོས་ཀྱི་བདག་མེད་གཏན་ལ་འབེབས་ཚུལ་མི་འདྲ་བ་གཉིས་སུ་འབྱུང་བ་ཡིན་ཏེ། ཇི་སྐད་དུ། ཤེས་བྱ་མེད་ན་ཤེས་པ་བཀག་གྲུབ་པས། །དང་པོར་ཤེས་བྱ་བཀག་པར་མཛད་པ་ཡིན། །ཞེས་གསུངས་པ་ལྟར། ཐོག་མར་གཟུང་བ་བཀག་ནས་དེའི་འོག་ཏུ་གཟུང་བ་མེད་པའི་རྟགས་ཀྱིས་འཛིན་པ་འགོག་པའི་རིག་པ་གཅིག་དང༌། ཇི་སྐད་དུ། གཅིག་གི་ལྟ་པོ་གང་ཡིན་པ། །དེ་ནི་ཀུན་གྱི་ལྟ་པོ་ཉིད། །ཅེས་གསུངས་པ་ལྟར། ཀུན་རྫོབ་ཀྱི་ཆོས་གཅིག་རང་སྟོང་དུ་གཏན་ལ་ཕབ་ནས་རིགས་པ་དེ་ཉིད་ཀྱིས་བདེན་པ་གཉིས་ཀྱིས་བསྡུས་པའི་ཤེས་བྱ་ཇི་སྙེད་པ་ཐམས་ཅད་རང་གི་ངོ་བོས་སྟོང་པར་གཏན་ལ་འབེབས་པ་གཉིས་སུ་གསུངས་སོ། །དེ་ལྟར་གཏན་ལ་འབེབས་པ་འདི་ཡང་ཕྱི་ནང་གི་གྲུབ་པའི་མཐའ་གང་གིས་ཀྱང་མ་བསླད་པའི་འཇིག་རྟེན་གྱི་ལམ་ཉིད་ནས་དབུ་མའི་ལམ་དུ་འཇུག་པའི་དབང་དུ་བྱས་པ་ཡིན་གྱི། གཞན་ལ་ནི་མ་ཡིན་ཏེ། གྲུབ་པའི་མཐའ་སོ་སོ་ལ་ཞུགས་པ་དེ་དག་ནི་ཕྱི་དོན་རགས་པ་ལྟ་བུ་བདེན་མེད་དུ་༼མཱ༡༤༦ན༽གཏན་ལ་ཕེབ་ཀྱང་གྲུབ་མཐའི་དབང་གིས་རིགས་པ་དེ་ཆོས་ཅན་གཞན་ལ་ཁ་མི་སྤོ་བའི་ཕྱིར་རོ། །
གཉིས་པ་གང་ཟག་གི་བདག་མེད་དཔྱད་པ་ལ་ལྔ། དེ་གཏན་ལ་འབེབས་པའི་གནད་དོན། བདག་མེད་དེའི་ངོ་བོ། དེ་དགག་དགོས་པའི་རྒྱུ་མཚན། གྲུབ་མཐའ་སོ་སོའི་རྟོགས་ཁྱད། དབུ་མའི་རིགས་པས་གཏན་ལ་འབེབས་ཚུལ་ལོ། །དང་པོ་ནི།
ཕྱི་ནང་ལྟ་བ་གང་ཟག་བདག་གིས་དབྱེ། །
ཕྱི་པ་ལའང་གོང་སྨོས་ལྟར་ཆོས་ཀྱི་བདག་མེད་རགས་པ་རྟོགས་པ་དང་སྤྱོད་པ་དགེ་བའི་ཆ་ཡོད་པས་ཕྱི་ནང་གི་ལྟ་བའི་ཁྱད་པར་དངོས་གང་ཟག་གི་བདག་ཁས་ལེན་མི་ལེན་གྱིས་དབྱེ་དགོས་ཏེ། གང་ཟག་གི་བདག་མེད་པ་ནི་ནང་པའི་གྲུབ་མཐའ་སྨྲ་བ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡིན་པའི་ཕྱིར་རོ། །དེ་ལའང་རགས་པ་གྲུབ་མཐས་བརྟགས་པ་དང༌། ཕྲ་བ་ལྷན་སྐྱེས་ཀྱི་འཛིན་པས་བརྟགས་པའི་གང་ཟག་གི་བདག་གཉིས་སུ་ཡོད་ཅིང༌། འཇིག་ལྟ་ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱིས་གཟུང་བྱར་གྱུར་པའི་བདག་ཅེས་བྱ་བ་དེ་རང་གི་ངོ་བོས་སྟོང་པར་མ་རྟོགས་ན་ཆོས་ཀྱི་བདག་མེད་རྫོགས་པར་རྟོགས་མི་ནུས་པས་གང་ཟག་གི་བདག་མེད་རྫོགས་པར་མ་རྟོགས་ན་ཆོས་ཀྱི་བདག་མེད་རྟོགས་པ་མེད་དོ། །
གཉིས་པ་དེའི་ངོ་བོ་ནི།
ངོ་བོ་ལྷན་སྐྱེས་ང་དང་ང་ཡིར་འཛིན། །
གང་ཟག་གི་བདག་ཅེས་གྲགས་པའི་ངོ་བོ་ནི། དུད་འགྲོ་ཡན་ཆད་ཀྱི་སེམས་ཅན་ཐམས་ཅད་ལ་རང་འཁྲུངས་སུ་ཡོད་པ། ང་དང་ང་ཡིར་འཛིན་པར་བདག་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་ངའོ་སྙམ་པའི་རློམ་པར་བྱ་བ་འདི་ཉིད་ཡིན་ཏེ། བཞི་བརྒྱ་པའི་འགྲེལ་པ་ལས། དེ་ལ་གང་ཟག་ཅེས་བྱ་བ་ནི་གང་ཕུང་པོ་ལ་བརྟེན་ནས་བརྟགས་པ་སྟེ། ཞེས་དང༌། དེ་ལ་བདག་ཅེས་བྱ་བ་ནི་གང་ཞིག་དངོས་པོ་རྣམས་ཀྱི་གཞན་ལ་རགས་མ་ལས་པའི་ངོ་བོ་རང་༼མཱ༡༤༦བ༽བཞིན་ཏེ། ཞེས་སོ། །འདི་མུ་སྟེགས་པ་རྣམས་ཀྱིས་རྟག་གཅིག་རང་དབང་ཅན་དུ་སྒྲོ་བཏགས་པ་ལྟར་དོན་དམ་པར་མ་གྲུབ་མོད། འཛིན་པ་དེས་ཐ་སྙད་ལ་འཇུག་པར་ནུས་པའི་ཕྱིར་བརྟགས་པ་ཙམ་དུ་མེད་པ་ནི་མིན་ཏེ། ང་ཐར་ལམ་དུ་འཇུག་པའི་ཐར་ལམ་ནི་འདི་ཉིད་དོ་ཞེས་སོགས་དང་ང་ཡིར་འཛིན་པའི་ཐ་སྙད་སྣ་ཚོགས་འཇིག་རྟེན་ལ་གྲགས་ཤིང་གནོད་པ་མེད་པའི་ཕྱིར་རོ། །འཇུག་པ་ལས། འཇིག་ཚོགས་ལྟ་དང་བྲལ་ཡང་སངས་རྒྱས་ཀྱིས། །ཇི་ལྟར་ང་དང་ངའི་ཞེས་བསྟན་པ་ལྟར། །དེ་བཞིན་དངོས་ཀུན་རང་བཞིན་མེད་མོད་ཀྱི། །ཡོད་ཅེས་དྲང་དོན་ཉིད་དུ་བསྟན་པ་ཡིན། །ཞེས་སོ། །
གསུམ་པ་དེ་དགག་དགོས་པའི་རྒྱུ་མཚན་ནི།
དེ་ལས་གཞན་ཤེས་ལྟ་ཀུན་འབྱུང་ཕྱིར་དགག །
འདི་ཐ་སྙད་དུ་གྲུབ་ཀྱང་དོན་དམ་པར་མ་གྲུབ་པར་རིགས་པས་དགག་དགོས་ཏེ། འདི་ལ་ང་དང་ང་ཡིར་མངོན་པར་ཞེན་པ་ལ་བརྟེན་ནས་ལྟ་བ་ཉོན་མོངས་ཅན་དང་ཆགས་སོགས་ཉོན་མོངས་པ་ཐམས་ཅད་འབྱུང་བ་ཡིན་ཏེ། རྣམ་འགྲེལ་ལས། བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང༌། །འདི་དག་དང་ནི་ཡོངས་འབྲེལ་བས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །ཞེས་དང༌། འཇུག་པ་ལས། དང་པོར་ང་ཞེས་བདག་ལ་ཞེན་གྱུར་ཅིང༌། །བདག་གི་འདི་ཞེས་དངོས་ལ་ཆགས་བསྐྱེད་པ། །ཞེས་དང༌། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་བྱུང་བར་བློ་ཡིས་མཐོང་གྱུར་ཅིང༌། །བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ནས། །རྣལ་འབྱོར་པ་ཡིས་བདག་ནི་འགོག་པར་བྱེད། །ཅེས་བཤད་དོ། །
བཞི་པ་གྲུབ་མཐའ་སོ་སོས་རྟོག་ཁྱད་ནི།
རྟོགས་ཚུལ་ཁྱད་ལས་གྲུབ་མཐའ་བཞི་ཀས་རྟོགས། །
སྟོང་པ་ཉིད་ཀྱི་དོན་དང་ཐ་སྙད་དབུ་མ་པ་ལས་གཞན་ལ་མེད་པས་རྟོགས་ཚུལ་སྤྱི་ཙམ་དང་མཐར་ཕྱིན་པར་རྟོགས་པའི་ཁྱད་པར་ལས་གང་ཟག་བདག་མེད་ཙམ་ནི་རང་སྡེའི་གྲུབ་༼མཱ༡༤༧ན༽མཐའ་སྨྲ་བ་བཞི་ཀས་རྟོགས་པ་ཡིན་ཏེ། བྱེ་བྲག་སྨྲ་བའི་གཞུང་ལས་ཀྱང་གང་ཟག་བདག་མེད་ཡོངས་སུ་རྫོགས་པ་བསྟན་ན། མདོ་སྡེ་པས་ཁས་ལེན་པ་ལྟ་ཅི་སྨོས། དེའི་ཕྱིར་བྱེ་མདོ་གཉིས་ཀྱི་གཞུང་གིས་གཏན་ལ་ཕབ་པའི་གང་ཟག་གི་བདག་མེད་དེ་གོམས་པར་བྱས་པས་དེ་མངོན་སུམ་དུ་མཐོང་བ་དང༌། དེ་ཉིད་གོམས་པར་བྱས་པས་གང་ཟག་གི་བདག་ཏུ་འཛིན་པའི་ས་བོན་སྤངས་པའི་མྱང་འདས་མངོན་དུ་བྱེད་པར་ནུས་སོ། །འོན་ཀྱང་དེ་དག་གིས་བདག་མེད་གཉིས་པོ་དངོས་པོར་ཁས་ལེན་པ་ཡིན་ཏེ། དོན་དམ་པར་དོན་བྱེད་ནུས་པའི་རྒྱུ་མཚན་གྱིས་དོན་དམ་པའི་བདེན་པར་བཞག་པའི་ཕྱིར་རོ། །དེའི་ཚེ་གཉིས་པོའི་མཚན་གཞི་ཡང༌། ཁྱད་གཞི་ནང་གི་དངོས་པོའི་སྟེང་དུ་བྱེད་པ་པོའི་བདག་བཀག་པས་ཁྱད་པར་དུ་བྱས་པའི་ཆ་མེད་ཀྱི་དངོས་པོ་གཉིས་པོ་གང་རུང་དང༌། ཁྱད་གཞི་ཕྱི་རོལ་དོན་གྱི་སྟེང་དུ་རགས་པ་རྫས་གྲུབ་བཀག་པས་ཁྱད་པར་དུ་བྱས་པའི་རྡུལ་ཕྲ་རབ་ཀྱི་དངོས་པའོ། །དབུ་མ་པས་དཔྱིས་ཕྱིན་པར་རྟོགས་པ་གཞིར་བཅས། སེམས་ཙམ་པས་ཀྱང་དེ་བཞིན་དུ་རྟོགས་པར་བཞེད་དོ། །ལྔ་པ་དབུ་མའི་རིགས་པས་གཏན་ལ་འབེབས་ཚུལ་ནི།
ཕུང་ལྔ་བདག་མིན་བདག་ལ་དེ་མི་ལྡན། །གཅིག་ལ་གཅིག་མེད་རྣམ་པ་ཉི་ཤུའི་དོན། །
སྒྲུབ་བྱེད་ཤིང་རྟའི་རིགས་པ་སོགས་ཀྱིས་བཀག །
སྤྱིར་བདག་ཏུ་འཛིན་པའི་རྣམ་པར་རྟོག་པ་འདིའི་གང་ལ་དམིགས་པར་བྱ་བའི་ཡུལ་ནི། རང་རྒྱུད་ཀྱིས་བསྡུས་པའི་ཕུང་པོ་ལྔ་པོ་ཉིད་ཡིན་ལ་རྣམ་པ་ཡུལ་དེ་ལ་དམིགས་ནས་ང་བདག་ཏུ་ལྟ་བའི་འཛིན་སྟངས་ཀྱི་གཟུང་ཆ་ཅན་ནོ། །དེས་ན་རང་རྒྱུད་ཀྱིས་བསྡུས་པའི་ཕུང་པོ་གང་རུང་དེ་ལ་དུས་རྟག་ཏུ་བདག་ཏུ་འཛིན་པའི་འདུ་ཤེས་འཇུག་ཅིང༌། གནས་སྐབས་གཞན་དང་གཞན་དུ་རང་གི་གཉེན་དང་ཉེ་དུ་ཁང་ཞིང་སོགས་ལའང་བདག་ཏུ་རྟོག་པ་ཡོད་དེ། དེ་དག་ལ་གཞན་གྱིས་གནོད་པ་བྱས་ན་འདིས་༼མཱ༡༤༧བ༽བདག་ལ་གནོད་པ་བྱས་སོ་ཞེས་རྟོག་པའི་ཕྱིར། འོན་ཀྱང་དེར་འཛིན་པའི་རྣམ་རྟོག་གི་འཛིན་སྟངས་ཀྱི་གཟུང་ཆ་ནི་དངོས་མེད་དོན་སྤྱི་ཡིན་ནོ། །དོན་དམ་དཔྱོད་བྱེད་ཀྱི་རིགས་པའི་ངོར། གང་ཟག་གི་བདག་ཡོད་པར་ལྟ་ཞོག །ཐ་སྙད་དཔྱོད་བྱེད་ཀྱི་རིགས་པའི་ངོར་ཡང་གང་ཟག་གི་བདག་མེད་མོད། མ་བརྟག་མ་དཔྱད་པར་འཇིག་རྟེན་གྱི་གྲགས་ངོ་དང་བསྟུན་ནས། གང་ཟག་དང་སྐྱེས་བུ་ཡོད་པར་འདོད་པ་ཡིན་ཅིང༌། དེའང་རྫས་ཀྱི་དངོས་པོའི་དོན་དུ་ནམ་ཡང་ཡོད་པ་མ་ཡིན་ལ། དེའི་ཕྱིར་བདེན་པ་གཉིས་སུ་ཡོད་པ་མ་ཡིན་ཀྱང༌། ཡང་དག་ཀུན་རྫོབ་ཙམ་དུ་བཏགས་པར་ཡོད་པ་ཉིད་དུ་ཁས་ལེན་པ་ཡིན་ནོ། །དེའི་ཡུལ་དགག་པ་ལ། འཇིག་ལྟའི་ཡུལ་སྤྱིར་དགག་པའི་རིགས་པ་བཅུ་གཉིས་སོགས་གསུངས་ཀྱང་གཞན་དུ་ཤེས་པར་བྱ་ཞིང༌། འཇིག་ལྟ་ཉི་ཤུའི་ཡུལ་བྱེ་བྲག་ཏུ་དགག་པ་ནི། སྤྱིར་བཅོམ་ལྡན་འདས་ཀྱིས་མདོ་སྡེ་རྣམས་སུ་འཇིག་ཚོགས་ལ་ལྟ་བ་ཉི་ཤུ་ཞེས་གསུངས་པ་ནི། ཕུང་པོ་ལྔ་རེ་རེ་བཞིན་དུ་འཛིན་པ་སྡེ་ལྔ་དང༌། བདག་ལ་ཕུང་པོ་ལྔ་པོ་རེ་རེ་བཞིན་གྲོགས་སམ་འཁོར་གྱི་ཚུལ་གྱིས་ལྡན་པར་འཛིན་པ་སྟེ་བཅུ་དང༌། རྟེན་བདག་ལ་ཕུང་པོ་ལྔ་པོ་རེ་རེ་བཞིན་བརྟེན་པའི་ཚུལ་གྱིས་གནས་པར་འཛིན་པ་སྟེ་བཅོ་ལྔ་དང༌། རྟེན་ཕུང་པོ་ལྔ་པོ་རེ་རེ་ལ། བདག་རྟེན་པའི་ཚུལ་གྱིས་གནས་པར་འཛིན་པ་སྟེ་ཉི་ཤུའོ། །དེ་ཡང་བཤེས་སྤྲིང་ལས། གཟུགས་ནི་བདག་མ་ཡིན་ཞེས་བྱ་སྟེ་བདག །གཟུགས་དང་ལྡན་མིན་གཟུགས་ལ་བདག་གནས་མིན། །བདག་ལ་གཟུགས་མི་གནས་ཏེ་དེ་བཞིན་དུ། །ཕུང་པོ་ལྷག་མ་བཞི་ཡང་སྟོང་རྟོགས་མཛོད། །ཅེས་གསུངས་པ་ལྟར། ཕུང་པོ་ལྔ་རེ་རེ་ནས་དབྱེ་བས་བདག་མ་ཡིན། བདག་དངོས་མེད་ལ་ཕུང་ལྔ་དེ་མི་ལྡན། ཕུང་པོ་ལྔ་ལ་བདག་དང༌། བདག་ལ་ཕུང་པོ་ལྔ་སྟེ་གཅིག་ལ་གཅིག་མི་ལྡན་པས་རྣམ་པ་ཉི་ཤུས་བདག་མེད་པར་སྒྲུབ་བྱེད་སློབ་༼མཱ༡༤༨ན༽དཔོན་ཀླུ་སྒྲུབ་ཡབ་སྲས་ཀྱི་ཤིང་རྟའི་རིགས་པ་སོགས་ཀྱིས་གང་ཟག་གི་བདག་འགོག་པར་མཛད་པ་གོང་དུ་སྨོས་པ་ལྟར་ཏེ། དེའང་རྣམ་པ་གསལ་བར་བརྗོད་ན། ཀ་མ་ཤཱི་ལའི་སྒོམ་རིམ་དང་པོ་ལས། གང་ཟག་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལས་གུད་ན་མི་དམིགས་སོ། །གང་ཟག་ནི་ཕུང་པོ་ལ་སོགས་པའི་ངོ་བོ་ཉིད་ཀྱང་མ་ཡིན་ཏེ། ཕུང་པོ་ལ་སོགས་པ་དེ་དག་ནི་མི་རྟག་པ་དང་དུ་མའི་ངོ་བོ་ཡིན་པའི་ཕྱིར་དང༌། གང་ཟག་ནི་རྟག་པ་དང་གཅིག་པུའི་ངོ་བོ་ཉིད་ཡིན་པར་གཞན་དག་གིས་བརྟགས་པའི་ཕྱིར་རོ། །དེ་ཉིད་དང་གཞན་དུ་བརྗོད་དུ་མི་རུང་བའི་གང་ཟག་ནི་དངོས་པོ་ཡོད་པར་མི་རུང་སྟེ། དངོས་པོ་ཡོད་པའི་རྣམ་པ་གཞན་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་འདི་ལྟ་སྟེ། འཇིག་རྟེན་དང་ང་ཡི་ཞེས་བྱ་བ་འདི་ནི་འཁྲུལ་པ་ཁོ་ནའི་འོ་ཞེས་དཔྱད་པར་བྱའོ། །ཞེས་གསུངས་པ་ལྟར་ཏེ། རང་ལུས་ཉེར་ལེན་གྱི་ཕུང་པོ་ལ་སྒྲོ་བཏགས་ནས་ངའོ་སྙམ་དུ་རློམ་པའི་ངར་འཛིན་གྱི་བདག་འདི་བདེན་པར་གྲུབ་ན་གཟུགས་ལ་སོགས་པའི་ཕུང་པོ་རྣམས་དང་གཅིག་གམ་ཐ་དད། གལ་ཏེ་གཅིག་གམ་སྙམ་ན། མ་ཡིན་ཏེ། མཚན་ཉིད་མི་མཐུན་པའི་ཕྱིར་ཏེ། ཕུང་པོ་ནི་མི་རྟག་པ་དང་དུ་མ་སྤུངས་པ་དང་གཞན་དབང་ཅན་ཡིན་ལ། བདག་ནི་རྟག་པ་དང་གཅིག་པུ་དང་རང་དབང་ཅན་དུ་འཛིན་པའི་ཕྱིར་རོ། །དེའང་ཕུང་པོ་རྣམས་ནི་འདུས་བྱས་མི་རྟག་པར་རིགས་པས་གྲུབ་ཅིང༌། བདག་ནི་སྔར་མཐོང་བ་ཉིད་ད་ལྟར་ངོ་ཤེས་པར་རློམ་པ་སོགས་རྟག་པར་འཛིན་པ་མྱོང་བས་གྲུབ་པའི་ཕྱིར་དང༌། ཕུང་པོ་རྣམས་གཟུགས་དང་ཚོར་བ་ལ་སོགས་པ་དུ་མར་རིགས་པས་གྲུབ་ཅིང༌། བདག་ནི་བདག་གཅིག་པུར་གནས་སོ་ཞེས་སོགས་གཅིག་པུར་འཛིན་པས་མྱོང་བས་གྲུབ་པའི་ཕྱིར་དང༌། ཕུང་པོ་རྣམས་ནི་སྐྱེ་འཇིག་གི་གཞན་དབང་ཅན་དུ་རིགས་པས་གྲུབ་ཅིང༌། །བདག་ནི་ཁ་ནང་དུ་ཕྱོགས་ཏེ་ངའོ་ཞེས་རང་དབང་ཅན་དུ་འཛིན་པར་མྱོང་བས་༼མཱ༡༤༨བ༽གྲུབ་པའི་ཕྱིར་རོ། །གལ་ཏེ་ཕུང་པོ་ལས་ཐ་དད་དུ་གྲུབ་བོ་སྙམ་ན་དེའང་མ་ཡིན་ཏེ། ཕུང་པོ་ལས་གཞན་པ་ལ་ངར་འཛིན་མི་འཇུག་པའི་ཕྱིར་དང༌། ཕུང་པོའི་མཚན་ཉིད་དང་བྲལ་བས་དངོས་པོ་མེད་པར་འགྱུར་ཞིང་དངོས་པོ་མེད་ན་དོན་བྱེད་ནུས་པ་དང་འགལ་པའི་ཕྱིར་རོ། །དེ་ལྟར་དུ། རྩ་ཤེ་ལས། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །གལ་ཏེ་ཕུང་པོ་རྣམས་ལས་གཞན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། །ཞེས་སོ། །གཞན་ཡང་དངོས་པོ་རྣམས་ནི་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་སྟེ་ཕུང་པོ་ལྔ་པོ་འདི་ཙམ་དུ་ཟད་ལ། དེ་དག་ལས་ཐ་དད་པའི་བདག་ནི་རེ་ཞིག་མངོན་སུམ་གྱིས་མ་དམིགས་ཏེ། མིག་ལ་སོགས་པའི་དབང་ཤེས་རྣམས་ནི་གཟུགས་སོགས་ཕྱིའི་སྐྱེ་མཆེད་ཀྱི་ཡུལ་ཅན་ཡིན་པའི་ཕྱིར་དང༌། རང་རིག་པའང་ཤེས་པའི་ཡུལ་ཅན་ཡིན་པའི་ཕྱིར་བདག་ལ་དམིགས་པར་མི་རིགས་སོ། །ཕུང་པོ་ལས་མ་གཏོགས་པའི་བདག་གི་རང་བཞིན་དང་འབྲས་བུ་གང་ཡང་མ་མཐོང་བའི་ཕྱིར་གཏན་ཚིག་མེད་པས་རྗེས་སུ་དཔག་པས་ཀྱང་མ་གྲུབ་བོ། །གལ་ཏེ་ངའོ་སྙམ་པའི་བློ་འདི་བདག་གི་ཡུལ་ཅན་ཚད་མ་ཡིན་ནོ་སྙམ་ན། འདི་ནི་མངོན་པར་ཞེན་པའི་བདག་ཉིད་ཀྱི་རྟོག་པ་ཡིན་པས་མངོན་སུམ་མ་ཡིན་ལ། གཏན་ཚིག་འགའ་ལའང་མ་བརྟེན་པའི་ཕྱིར་རྗེས་དཔག་ཀྱང་མ་ཡིན་ནོ། །འོན་ཀྱང་ཐོག་མ་མེད་པ་ནས་གོམས་པའི་དབང་གིས་རྒྱུ་མཚན་མེད་པར་ངའོ་སྙམ་པར་རློམ་པ་ཙམ་དུ་ཟད་དེ། དཔེར་ན་ཐག་པ་ལ་སྦྲུལ་དུ་འཁྲུལ་པ་བཞིན་ནོ། །དེས་ན་ཕུང་པོའི་ཚོགས་པ་ཙམ་ལ་བརྟེན་ནས་བདག་དང་གང་ཟག་སོགས་སུ་བཏགས་ཀྱི། ཡང་དག་པའི་ཤེས་རབ་ཀྱིས་དཔྱད་ན་བདག་གི་དངོས་པོ་ཅུང་ཟད་ཀྱང་མ་གྲུབ་སྟེ། མདོ་ལས། དགེ་སློང་དག །དགེ་སྦྱོང་ངམ་བྲམ་ཟེ་གང་ལ་ལ་དག་བདག་གོ་སྙམ་དུ་རྗེས་སུ༼མཱ༡༤༩ན༽ལྟ་བ་དེ་དག་ཐམས་ཅད་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་ཁོ་ན་ལའོ། །དེ་ལྟ་བས་ན་བདག་ཏུ་འཛིན་པ་ཐམས་ཅད་ནི་བདག་མེད་པ་ཁོ་ན་ལ་ཡིན་ནོ། །ཞེས་དང༌། དེ་ལྟར་ཡན་ལག་ཚོགས་རྣམས་ལ། །ཤིང་རྟའི་མིང་དུ་བཤད་པ་ལྟར། །དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ཀུན་རྫོབ་སེམས་ཅན་ཞེས་བྱའོ། །ཞེས་སོ། །དེ་ལྟར་དཔྱད་པས་བདག་རང་བཞིན་གྱིས་གྲུབ་པ་ཁེགས་ན་བདག་གི་བར་རང་བཞིན་གྱིས་གྲུབ་པའང་ཁེགས་པར་འགྱུར་ཏེ། མོ་གཤམ་གྱི་བུ་མ་དམིགས་ན་དེའི་བདག་གི་བ་མིག་སོགས་མི་དམིགས་པ་བཞིན་ཏེ། རྩ་ཤེ་ལས། བདག་ཉིད་ཡོད་པ་མ་ཡིན་ན། །བདག་གི་ཡོད་པ་ག་ལ་འགྱུར། །ཞེས་དང༌། འཇུག་པ་ལས། གང་ཕྱིར་བྱེད་པོ་མེད་ཅིང་ལས་མེད་པ། །དེ་ཕྱིར་བདག་གི་བདག་མེད་པར་ཡོད་མིན། །དེ་ཕྱིར་བདག་དང་བདག་གི་སྟོང་ལྟ་བས། །རྣལ་འབྱོར་པ་དེ་རྣམ་པར་གྲོལ་བར་འགྱུར། །ཞེས་སོ། །
དབུས་མཐར་གང་ཟག་བདག་ལྟ་རྣམ་པ་བཅུ། །གཉེན་པོར་མཁས་པ་བཅུ་སོགས་རིགས་གཞན་མང༌། །
རྒྱལ་ཚབ་བྱམས་པའི་གཞུང་དབུས་དང་མཐའ་རྣམ་པར་འབྱེད་པ་ལས། བདག་ཏུ་ལྟ་བའི་ཚུལ་རྣམ་པ་བཅུ་གསུངས་པ་ནི། གང་ཟག་གི་བདག་གཅིག་པུར་འཛིན་པ་དང༌། དེས་དངོས་པོ་གཞན་དང་གཞན་སྐྱེད་པར་བྱེད་པའི་རྒྱུར་ལྟ་བ་དང༌། ཡུལ་ལ་སྤྱོད་པའི་ཟ་བ་པོར་ལྟ་བ་དང༌། བྱེད་པ་པོར་ལྟ་བ་དང༌། ཡུལ་ལ་དབང་སྒྱུར་བ་པོར་ལྟ་བ་དང༌། རྟག་པར་ལྟ་བ་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་གནས་ཏེ་རྟེན་དུ་ལྟ་བ་དང༌། རྣལ་འབྱོར་ཅན་དུ་ལྟ་བ་དང༌། གྲོལ་བ་དང་མ་གྲོལ་བར་ལྟ་བ་སྟེ་བཅུ་པོ་འདི་དག་གང་ཟག་གི་བདག་ཏུ་ལྟ་བ་ཡིན་ལ། དེ་དག་གི་གཉེན་པོ་མཁས་པ་རྣམ་པ་བཅུར་གསུངས་སོ། །དེའང་དང་པོའི་གཉེན་པོར་ཕུང་པོ་ལ་མཁས་པ་སྟེ། དེ་ནི་དུ་མ་སྣ་ཚོགས་པ་འདུས་པའི་རང་བཞིན་༼མཱ༡༤༩བ༽ཡིན་པའི་ཕྱིར་གཅིག་ཏུ་ལྟ་བའི་གཉེན་པོར་འགྱུར་བ་ཡིན་ནོ། །ཁམས་ལ་མཁས་པ་ནི། གཉིས་པའི་གཉེན་པོར་འགྱུར་བ་ཡིན་ཏེ། ཁམས་ནི་རྒྱུའི་དོན་ཡིན་པས་ཁམས་བཅོ་བརྒྱད་ལ་མཁས་པ་ནི། བདག་རྒྱུར་ལྟ་བའི་གཉེན་པོར་འགྱུར་རོ། །སྐྱེ་མཆེད་ལ་མཁས་པས་ནི་གསུམ་པའི་གཉེན་པོར་འགྱུར་བ་ཡིན་ཏེ། ཡུལ་ལ་ལོངས་སྤྱོད་པའི་བདག་ཡོད་པ་མ་ཡིན་ཏེ། སྐྱེ་མཆེད་བཅུ་གཉིས་པོ་རྣམས་ཀྱི་རྟེན་འབྲེལ་ལས་ཡུལ་ཉེ་བར་ལོངས་སྤྱོད་པའི་ཕྱིར་རོ། །རྟེན་འབྲེལ་ལ་མཁས་པ་ནི་བཞི་པའི་གཉེན་པོར་འགྱུར་བ་ཡིན་ཏེ། བདག་གིས་བྱེད་པ་མ་ཡིན་གྱི་རྒྱུ་རྐྱེན་རྟེན་འབྲེལ་ཙམ་གྱི་སྣང་བ་ལས་བྱུང་བའི་ཕྱིར་རོ། །གནས་དང་གནས་མ་ཡིན་པ་ལ་མཁས་པ་ནི་ལྔ་པའི་གཉེན་པོར་འགྱུར་བ་ཡིན་ཏེ། དངོས་པོ་འདི་རྣམས་གང་ལའང་བདག་གིས་དབང་སྒྱུར་བ་མ་ཡིན། མཐུན་པའི་རྒྱུ་འབྲས་ཀྱི་རྗེས་སུ་འགྲོ་བའི་ཕྱིར། དབང་པོ་ལ་མཁས་པས་དྲུག་པའི་གཉེན་པོར་འགྲོ་བ་ཡིན་ཏེ། གང་ཟག་ནི་བདག་པོའི་རྐྱེན་མ་ཡིན་གྱི་དབང་པོ་ཉི་ཤུ་རྩ་གཉིས་པོ་རྣམས་ཀྱི་བདག་པོའི་རྟེན་བྱེད་པའི་ཕྱིར་རོ། །དུས་ལ་མཁས་པ་ནི་བདུན་པའི་གཉེན་པོར་འགྱུར་བ་ཡིན་ཏེ། བདག་ནི་རྟག་པ་མ་ཡིན་ཏེ་དུས་གསུམ་གྱིས་སྐྱེ་འགག་བྱེད་པའི་ཕྱིར། བདེན་བཞི་ལ་མཁས་པས་བརྒྱད་པའི་གཉེན་པོར་བྱེད་པ་ཡིན་ཏེ། གང་ཟག་གི་བདག་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་གནས་མ་ཡིན་གྱི་བདེན་པ་དང་པོ་གཉིས་ཀུན་ནས་ཉོན་མོངས་ཀྱི་གནས་དང་ཕྱི་མ་གཉིས་རྣམ་པར་བྱང་བའི་གནས་ཡིན་པའི་ཕྱིར་རོ། །ཐེག་པ་ལ་མཁས་པ་ནི་དགུ་པའི་གཉེན་པོར་འགྱུར་བ་དང༌། འདུས་བྱས་དང་འདུས་མ་བྱས་ལ་མཁས་པས་ནི། བཅུ་པའི་གཉེན་པོར་འགྱུར་བ་ཡིན་ཏེ། དེ་ལ་སོགས་པའི་རིགས་པ་གཞན་ཡང་མང་བས་གཞུང་ལུགས་རྣམས་སུ་ཤེས་པར་བྱའོ། །
གསུམ་པ་བདག་མེད་གཉིས་ཀ་དང་འབྲེལ་བའི་རྣམ་གྲངས་བཤད་པ་ལ་ལྔ། དེ༼མཱ༡༥༠ན༽གཉིས་གཅིག་དང་ཐ་དད་བརྟག་པ། གཉིས་སུ་བཤད་པའི་དགོས་པ། དེ་གཉིས་ཀྱི་དགག་བྱ། ངེས་བྱེད་ཀྱི་ཚད་མ། རིགས་པ་ཡང་དག་ལ་དཔྱད་པའོ། །དང་པོ་ནི།
ཆོས་ཀུན་བདག་མེད་ཡིན་ཕྱིར་ངོ་བོ་ལ། །དབྱེར་མེད་དགག་བྱ་བདེན་གྲུབ་ང་བདག་གཉིས། །
ལོག་པའི་ཆ་ནས་དེ་དང་དེ་རུ་འཇོག །
གང་ཟག་དང་ཆོས་ཀྱི་བདག་མེད་པ་གཉིས་ངོ་བོ་གཅིག་ཅིང་ལྡོག་པ་ཐ་དད་པ་ཡིན་ལ། དེའི་རྒྱུ་མཚན་ཡང༌། སྣང་གྲགས་ཀྱི་ཆོས་ཀུན་བདག་མེད་པ་ཡིན་པའི་ཕྱིར། ངོ་བོའི་སྒོ་ནས་དབྱེ་བ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། དཔེར་ན་བུམ་པ་ལྟ་བུ་ཁྱད་གཞིའི་ཆོས་ཞིག་དངོས་པོ་འཛིན་དུ་མེད་ཀྱང༌། རེ་ཞིག་བཏགས་པ་ཙམ་གྱི་དབང་དུ་བྱས་ནས་ཁྱད་གཞིའི་ངོས་བཟུང་ན། བུམ་པ་ལྟ་བུ་ཞིག་ལ་ང་དང་བདག་ནམ་དུ་ཡོད་པ་མ་ཡིན་པ་ནི་གང་ཟག་གི་བདག་མེད་དང༌། བུམ་པ་བདེན་པར་གྲུབ་པ་ཅུང་ཟད་ཀྱང་མེད་པ་ནི་ཆོས་ཀྱི་བདག་མེད་དང༌། དེའི་བདག་མ་གྲུབ་པ་དང༌། བདེན་པར་མ་གྲུབ་པ་གཉིས་ལ་ངོ་བོ་དབྱེ་བ་མེད་པའི་ཕྱིར་རོ། །དེས་ན་ཆོས་ཐམས་ཅད་གང་ཟག་གི་བདག་མེད་ཀྱང་ཡིན། ཆོས་ཀྱི་བདག་མེད་ཀྱང་ཡིན་ཡང༌། དགག་བྱ་ང་བདག་ལོག་པའི་ལྡོག་ཆ་ནས་གང་ཟག་གི་བདག་མེད་དང་དགག་ཆ་བདེན་གྲུབ་ལོག་པའི་ལྡོག་ཆ་ནས་ཆོས་ཀྱི་བདག་མེད་དེ། དགག་བྱ་ལོག་ཚུལ་གྱི་སྒོ་ནས་དེ་དང་དེ་རུ་འཇོག་པ་སྟེ་ལྡོག་པས་དབྱེ་བ་ཡིན་ནོ། །
གཉིས་པ་གཉིས་སུ་བཤད་པའི་དགོས་པ་ནི།
དགོས་པ་རིགས་ཅན་གཉིས་པོ་རྗེས་བཟུང་ཕྱིར། །
བདག་མེད་གཉིས་ངོ་བོ་དབྱེ་བ་མེད་ན་གཉིས་སུ་རྣམ་པར་དབྱེ་བའི་དགོས་པ་ཅི་ཞེ་ན། དེའི་རྒྱུ་མཚན་ནི་ཐེག་པ་ཆུང་ངུ་ཉན་རང་གི་རིགས་ཅན་རྣམས་རྗེས་སུ་བཟུང་བའི་ཕྱིར་གང་ཟག་གི་བདག་མེད་དང་ཐེག་པ་ཆེན་པོ་བྱང་ཆུབ་སེམས་དཔའི་རིགས་ཅན་རྣམས་རྗེས་སུ་བཟུང་བའི་ཕྱིར་ཆོས་ཀྱི་བདག་མེད་པ་རྒྱལ་བས་གསུངས་པ་ཡིན་ནོ། །༼མཱ༡༥༠བ༽དེའང་ཐེག་པ་ཆུང་ངུའི་རིགས་ཅན་རྣམས་ལ་གང་ཟག་གི་བདག་མེད་པ་ངེས་པར་སྟོན་དགོས་པ་ཡིན་ཏེ། དེ་མ་བསྟན་ན་འཁོར་བ་ལས་གྲོལ་བ་མེད་པའི་ཕྱིར་དང༌། དེ་ལས་ལྷག་པའི་ཆོས་ཀྱི་བདག་མེད་སྟོན་པའི་སྣོད་དང་མི་ལྡན་པས་དེ་ལ་བསྟན་ཡང་དགོས་པ་མེད་པའི་ཕྱིར། གང་ཟག་གི་བདག་མེད་ཙམ་བསྟན་པ་ཡིན་ལ། ཐེག་པ་ཆེན་པོའི་རིགས་ཅན་རྣམས་ནི་ཐམས་ཅད་མཁྱེན་པ་ཐོབ་དགོས་པ་དེའི་ཕྱིར་དུ་ཆོས་ཀྱི་བདག་མེད་བསྟན་པ་ཡིན་ནོ། །
གསུམ་པ་དེ་གཉིས་ཀྱི་དགག་བྱ་ལ་དཔྱད་པ་ནི།
དགག་བྱའི་ཡུལ་དངོས་ཤེས་བྱར་མི་སྲིད་ཀྱང༌། །ཡུལ་ཅན་འཁྲུལ་པས་དེ་དེར་འཛིན་ལ་བཏགས། །
བདག་མེད་པ་གཉིས་པོ་འདིའི་ཡུལ་གྱི་དགག་བྱ་དངོས་ཤེས་བྱ་ལ་མི་སྲིད་པ་ཡིན་ཏེ། རྟག་གཅིག་རང་དབང་ཅན་གྱི་གང་ཟག་གི་བདག་ཡོད་པ་མི་སྲིད་ཅིང༌། དེ་བཞིན་དུ་སྣང་གྲགས་ཀྱི་ཆོས་གང་ལའང་རང་བཞིན་གྱིས་གྲུབ་པའམ། བདེན་པར་གྲུབ་པའི་ཆོས་ཞིག་མི་སྲིད་པས་སོ། །འོན་ཀྱང་ཡུལ་ཅན་གྱི་བློ་འཁྲུལ་པས་དེ་དང་དེར་འཛིན་པ་ནི་བདག་མེད་གཉིས་ཀྱི་དགག་བྱ་སྟེ། མེད་པ་ལ་ཡོད་པར་འཛིན་པའི་ལོག་རྟོག་ཡིན་པའི་ཕྱིར་དེ་ལྡོག་པར་བྱེད་པའོ། །དེས་ན་ཡུལ་གྱི་དགག་བྱ་དངོས་མི་སྲིད་པས་སྤང་རྒྱུ་མེད་ཅིང་ཡུལ་ཅན་གྱི་དགག་བྱ་ལོག་པར་རྟོག་པ་དེ་ལྟ་བུ་སྤོང་བ་ལ། བདག་འགོག་པར་བྱེད་པ་ཞེས་བཤད་པ་ཡིན་ནོ། །དགག་བྱ་ཡུལ་དངོས་གནས་ལ་གྲུབ་པ་ཞིག་ཡིན་ན། འབད་པ་ཇི་ཙམ་བྱས་ཀྱང་དེ་སྤང་ནུས་པ་མ་ཡིན་ཏེ། དངོས་གནས་ལ་ཡོད་པ་སུས་ཀྱང་དགག་པར་མི་ནུས་ཤིང༌། དངོས་གནས་ལ་མེད་པ་ཞིག་སུས་ཀྱང་སྒྲུབ་མི་ནུས་པས་སོ། །
བཞི་པ་ངེས་བྱེད་ཀྱི་ཚད་མ་ནི།
རིགས་ཤེས་རྗེས་དཔག་བསམ་བྱུང་ཁྱད་པར་ཅན། །དོན་དམ་ངེས་བྱེད་ཚད་མའི་དང་པོ་སྟེ། །
གཏན་ཚིག་ལ་བརྟེན་གསལ་བའི་རིགས་བསྡུ་ན། །དགག་རྟགས་འབྲེལ་ཟླ་མ་དམིགས་འགལ་ཟླ་དམིགས། །༼མཱ༡༥༡ན༽
སྤྱིར་རིགས་ཤེས་རྗེས་དཔག་གི་བསམ་བྱུང་ཁྱད་པར་ཅན་ནི་དོན་དམ་བདེན་པ་ངེས་བྱེད་ཚད་མ་རྣམས་ཀྱི་དང་པོ་ཡིན་ཏེ། དེའང་གཏན་ཚིག་ལ་བརྟེན་ཅིང་དེ་ལ་གསལ་བའི་དབྱེ་བ་མང་ཡང་རིགས་བསྡུ་ན། ཐམས་ཅད་ཀྱང་དོན་ལ་དགག་བྱ་བདེན་པ་འགོག་པའི་དགག་རྟགས་ཁོ་ནར་ངེས་པའི་ཕྱིར་རྟོག་གེ་དང་སྒོ་བསྟུན་ན་སྒྲུབ་རྟགས་མི་སྲིད་པ། དཔེར་ན་སྒྱུ་མ་ལྟ་བུ་ཡིན་ཏེ། རྟེན་འབྲེལ་ཡིན་པའི་ཕྱིར་ཞེས་པའང་དངོས་བསྟན་སྒྲུབ་རྟགས་ལྟར་སྣང་ཡང་དོན་དམ་ངེས་བྱེད་དུ་མི་འགྲོ་ཞིང་བསྒྲུབ་བྱར་སོང་ཚོད་ནི་བདེན་སྟོང་ཉིད་ཡིན་ནོ། །དགག་རྟགས་ལ་འབྲེལ་ཟླ་མ་མཆིས་པ་དང་འགལ་ཟླ་དམིགས་པ་གཉིས་ལ་རྟེན་འབྲེལ་གྱི་རྟགས་ནི་ཕྱི་མ་དང་གཞན་རྣམས་སྔ་མ་ཡིན་ནོ། །
ལྔ་པ་དོན་དམ་དཔྱོད་བྱེད་ཀྱི་རིགས་པ་ཡང་དག་བཤད་པ་ནི།
དོན་དམ་དཔྱོད་བྱེད་རིགས་པ་ཀུན་གྱི་གནད། །ཁྱད་གཞི་བཟུང་ནས་ངོ་བོ་མ་འགལ་དང༌། །
ཁྱད་ཆོས་འགལ་བ་ཚོལ་ཞིང་དཔྱོད་པ་ཡིན། །དེ་ཕྱིར་ངོ་བོ་འགོག་པ་གཅིག་དུ་བྲལ། །
ཁྱད་པར་འགོག་པ་མཐའ་བཞི་སྐྱེ་འགོག་གཉིས། །གཙོ་བོ་ཡིན་ཏེ་གཞན་དག་ཡན་ལག་ཙམ། །
ཀུན་གྱི་རྩ་བ་དབུ་མའི་མཆོད་བརྗོད་དོ། །
དོན་དམ་དཔྱོད་བྱེད་ཀྱི་རིགས་པ་ཀུན་གྱི་གནད་ནི། དང་པོ་ཁྱད་གཞི་གང་དང་གང་ཡིན་པ་ཞེས་བཟུང་ནས། དེ་དང་དེའི་ངོ་བོ་མ་འགལ་བ་འཚོལ་བ་དང༌། དེ་དང་དེའི་ཁྱད་པར་སོགས་འགལ་བ་འཚོལ་བར་བྱེད་པ་ཡིན་ཏེ། དཔེར་ན་བུམ་པའི་མཚན་ཉིད་དམ། ངོ་བོ་ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པ་ཡིན་ཞེས་བཤད་པ་ན། བུམ་པའི་ཁ་ཡང་ལྟོ་བ་ལྡིར་བ་ཡིན་པར་ཐལ། བུམ་པ་ཡིན་པའི་ཕྱིར་ཞེས་སོགས་དཔྱོད་པར་བྱེད་པའོ། །དེའི་ཕྱིར་གཏན་ཚིགས་རྣམས་ལས་ཕྱི་རོལ་གྱི་དོན་དང་ནང་ཤེས་པ་གཉིས་ཅར་བདེན་མེད་དུ་གཏན་ལ་འབེབས་ནུས་པ་ནི། ངོ་བོ་འགོག་པ་གཅིག་དུ་བྲལ་དང༌། ཁྱད་པར་འགོག་པ་༼མཱ༡༥༢བ༽མཐའ་བཞི་སྐྱེ་འགོག་གཉིས་གཙོ་བོ་ཡིན་ཅིང༌། དབུ་མའི་གཞུང་གི་གཏན་ཚིགས་ཀྱི་རྣམ་གྲངས་གཞན་དག་མང་དུ་བཤད་པ་རྣམས་ནི་དེ་དག་གི་ཡན་ལག་ཙམ་ཡིན་ལ། གཏན་ཚིགས་དེ་ཀུན་གྱི་རྩ་བ་ལྟ་བུ་ནི་མགོན་པོ་ཀླུ་སྒྲུབ་ཀྱིས་དབུ་མའི་མཆོད་བརྗོད་དུ། གང་གིས་རྟེན་ཅིང་འབྲེལ་བར་འབྱུང༌། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞིར་བསྟན་པ། །ཞེས་གསུངས་པ་ལྟར། རྩ་བའི་གཏན་ཚིགས་རྣམ་པ་བཞི་ཡོད་པ་ཡིན་ཏེ། ཕྱི་ནང་གི་དངོས་པོ་རྣམས་ཆོས་ཅན། མཐར་འགག་པ་དང༌། བར་དུ་གནས་པ་མེད་དེ། དང་པོར་མ་སྐྱེས་པའི་ཕྱིར། ཡང་ཕྱི་ནང་གི་དངོས་པོ་འདི་རྣམས་ཆོས་ཅན། ཐ་དད་དུ་གྲུབ་པ་མིན་ཏེ། །གཅིག་པ་མེད་པའི་ཕྱིར་དང༌། ཡང་ཕྱི་ནང་གི་དངོས་པོ་འདི་རྣམས་ཆོས་ཅན། འོང་བ་མེད་དེ། སོང་བ་མ་གྲུབ་པའི་ཕྱིར་དང༌། ཡང་ཕྱི་ནང་གི་དངོས་པོ་འདི་རྣམས་ཆོས་ཅན། ཆད་པ་མེད་དེ། རྟག་པ་མེད་པའི་ཕྱིར། ཅེས་བཀོད་པ་བཞི་པོ་འདི་རྣམས་རྩ་བའི་གཏན་ཚིགས་བླ་ན་མེད་པ་ཡིན་ནོ། །
བཞི་པ་དཔྱད་དོན་དབུ་མ་སོ་སོའི་ལུགས་ངེས་པར་བྱེད་པ་ལ་གཉིས། རང་སྟོང་དང༌། གཞན་སྟོང་ངོ༌། །དང་པོ་ནི།
རང་རྒྱུད་ལུགས་སུ་དངོས་ཀུན་བདེན་མེད་སྒྲུབ། །དེར་ཞེན་རྟོག་སྤོང་སྟོང་ཉིད་སྒྲུབ་པར་བྱེད། །
ཐལ་འགྱུར་སྤྲོས་འགོག་སྤྲོས་བྲལ་སྒྲུབ་མི་བྱེད། །
རིགས་པ་དེ་དག་གིས་དཔྱོད་ཅིང་ལྟ་བ་གཏན་ལ་འབེབས་པའི་ཚུལ་ལ། དབུ་མ་རང་རྒྱུད་པ་རྣམས་ཀྱིས། ཐོག་མར་དངོས་པོ་ཐམས་ཅད་བདེན་མེད་དུ་སྒྲུབ་པར་བྱེད་དེ། །དེའི་འོག་ཏུ་བདེན་མེད་དུ་ཞེན་པའི་རྟོག་པ་དེ་ཡང་སྤང་བྱར་ཤེས་ནས་བདེན་མེད་དམ་སྟོང་ཉིད་དེ་སྟོང་པ་ཉིད་དུ་ཐག་གཅོད་ཅིང་སྒྲུབ་པར་བྱེད། དེ་ལྟར་ཡོད་མེད་ཀྱི་མཐའ་གཉིས་ཀ་སེལ་བའི་ཤེས་རབ་དེ་ཡང་ལྟ་བ་མཐར་ཕྱིན་པ་ནི་མིན་ཏེ་རྟོག་པ་དང་བཅས་པས་སོ། །༼མཱ༡༥༢ན༽ཐལ་འགྱུར་པས་སྤྲོས་པའི་ཚོགས་རིགས་པའི་རྣམ་གྲངས་མང་པོས་འགོག་པར་བྱེད་ཀྱི་སྤྲོས་མེད་དུ་སྒྲུབ་པར་ནི་མི་བྱེད་དེ། དེ་ལྟར་བྱས་ན་གསོར་མི་རུང་བའི་དུག་ཏུ་འགྱུར་བས་སོ། །དེ་དག་གི་དོན་ཅུང་ཟད་གོང་དུ་སྨོས་པ་ལྟར་རོ། །
གཉིས་པ་ནི།
ཁྱད་པར་ཐུན་མིན་རྣལ་འབྱོར་སྤྱོད་པའི་ལུགས། །སེམས་ལས་གཞན་མེད་སེམས་ཀྱང་མེད་པར་རྟོགས། །
གཉིས་མེད་ཆོས་དབྱིངས་རྡོ་རྗེའི་གནས་བདུན་པ། །
དབུ་མའི་གྲུབ་མཐའ་སྨྲ་བ་རྣམས་ལས་ཁྱད་པར་ཐུན་མིན་གྱི་གནད་གསང་མང་པོས་བརྒྱན་པ་རྣལ་འབྱོར་སྤྱོད་པའི་དབུ་མ་པ་རྣམས་ཀྱིས་ལྟ་བ་ཐོས་བསམ་གྱིས་གཏན་ལ་འབེབས་པའི་ཚུལ་ནི། རྒྱལ་ཚབ་ཆེན་པོས། སེམས་ལས་གཞན་མེད་པར་ནི་བློས་རིག་ནས། །དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །བློ་དང་ལྡན་པས་གཉིས་པོ་མེད་རིག་ནས། །དེ་མི་ལྡན་པས་ཆོས་ཀྱི་དབྱིངས་ལ་གནས། །ཞེས་གསུངས་པ་ལྟར། ཐོག་མར་ཆོས་ཐམས་ཅད་སེམས་ཁོ་ན་ལས་གཞན་ནམ་གུད་ནས་མ་གྲུབ་པར་ཐག་གཅོད། དེའི་རྟགས་ཀྱིས་གཟུང་བ་རང་བཞིན་མེད་པར་གྲུབ། དེ་ནས་འཛིན་པའང་རང་བཞིན་མེད་པར་ཐག་བཅད་ནས་གཟུང་འཛིན་གཉིས་ཀྱིས་སྟོང་པའི་ཆོས་ཀྱི་དབྱིངས་དྲི་མ་མེད་ཅིང་འོད་གསལ་བའི་རང་བཞིན་རྡོ་རྗེའི་གནས་བདུན་དང་ལྡན་པ་དེ་ཉིད་གཏན་ལ་འབེབས་པའོ། །དེ་ཉིད་བསམ་བྱུང་གིས་ངེས་པའི་དོན་ཅུང་ཟད་སྨོས་ན།
སེམས་ཅན་སངས་རྒྱས་ཀུན་གྱི་སྙིང་པོ་སྟེ། །གང་ཟག་བདག་དང་མི་མཚུངས་སྤྲོས་པ་བྲལ། །
འཁོར་འདས་དབྱེར་མེད་བདག་མེད་ཙམ་ལས་གྲོལ། །སྣང་བཅས་སྣང་མེད་རྟེན་འབྲེལ་ལས་ཀྱང་འདས། །
དེ་བཞིན་ཉིད་དམ་བདེ་གཤེགས་སྙིང་པོ་ཞེས་བྱ་བ་དེ་ཉིད་སེམས་ཅན་དང་སངས་རྒྱས་སོགས་ཆོས་ཐམས་ཅད་ལ་མཉམ་པ་ཉིད་དུ་ཁྱབ་ཅིང་བཞུགས་ཀྱང༌། སེམས་ཅན་རྣམས་ལ་སྙིང་པོའི་ཚུལ་དང༌། སངས་རྒྱས་རྣམས་ལ་མངོན་སུམ་གྱི་ཚུལ་གྱིས་བཞུགས་པས་༼མཱ༡༥༢བ༽སངས་རྒྱས་ཀྱི་སྙིང་པོ་ཞེས་ཀྱང་བྱ་སྟེ་ངོ་བོ་མི་འགྱུར་བའི་ཕྱིར་རོ། །རྟག་གཅིག་རང་དབང་ཅན་གྱི་གང་ཟག་གི་བདག་དང་རྣམ་པ་ཀུན་ཏུ་མཚུངས་པ་མ་ཡིན་ཏེ་སྤྲོས་པའི་མཐའ་དང་བྲལ་བས་སོ། །རང་གི་ངོ་བོ་ལ་འཁོར་འདས་གཉིས་སུ་དབྱེར་མེད་ཀྱང་གནས་སྐབས་ལ་ལྟོས་ནས་གསུམ་དུ་རྣམ་པར་གཞག་ཅིང༌། གང་ཟག་གི་བདག་མེད་སྟོང་པར་ལྟ་བ་ཙམ་ལས་ཀྱང་གྲོལ་བ་དོན་དམ་བདེན་གཅིག་ཏུ་གདོད་ནས་གྲུབ་པ་དང༌། སྣང་བཅས་སྣང་མེད་དམ་དངོས་པོ་དང་དངོས་མེད་གཉིས་ཅར་ལས་གྲོལ་བས་འདུས་མ་བྱས་དངོས་དོན་དམ་བདེན་པའི་འདུས་མ་བྱས་ཞེས་བྱ་ཞིང༌། དོན་དམ་དེ་ཉིད་རྟེན་འབྲེལ་ལས་ཀྱང་འདས་པར་གསུངས་པས་དོན་དམ་རྟེན་འབྲེལ་དུ་བཞག་པ་མ་ཡིན་ནོ། །
གློ་བུར་སྐྱོན་སྟོང་བླ་མེད་ཆོས་མི་སྟོང༌། །བསམ་བཞག་བྱར་མེད་རང་བྱུང་རིག་པས་རྟོགས། །
སྙིང་པོ་དེ་ཉིད་གློ་བུར་གྱི་སྐྱོན་ནམ་དྲི་མ་ཐམས་ཅད་ཀྱིས་སྟོང་ཞིང་བླ་མེད་ཡོན་ཏན་གྱི་ཆོས་རྣམས་ཀྱིས་མི་སྟོང་པར་ལྷུན་གྲུབ་ཏུ་ལྡན་པའི་ཕྱིར། ངོ་བོལ་ལྟོས་ནས་དྲི་མ་བསལ་བ་དང་ཡོན་ཏན་བཞག་ཏུ་མེད་པ་དེ་ཉིད་ཐོས་པ་དང་བསམ་པ་ཕྱོགས་རེ་བ་ཙམ་གྱིས་རྟོགས་པ་མ་ཡིན་ཏེ་སྒོམ་པ་ལས་བྱུང་བ་སོ་སོ་རང་གིས་རིག་པའམ་རང་བྱུང་གི་རིགས་པ་དྲི་མ་མེད་པས་རིམ་གྱིས་རྟོགས་པར་གསུངས་སོ། །
སོ་སྐྱེ་ཉན་རང་བྱང་སེམས་དང་པོ་པས། །བདེ་གཤེགས་སྙིང་པོ་ལྟ་བར་མི་དབང་གསུངས། །
རྗེས་དཔག་ཡུལ་མིན་སྒྲ་རྟོག་ལས་འདས་ཕྱིར། །ཚུལ་དེ་འཕགས་ལས་གཞན་བློར་ཆུད་དཀའ་བས། །
རྩོད་པའི་ཆོས་གྱུར་འདིར་ནི་མ་སྤྲོས་སོ། །
ཚུལ་དེ་ཤིན་ཏུ་རྟོགས་དཀའ་བ་ཡང༌། རྒྱུད་བླ་མའི་འགྲེལ་པར། མདོར་བསྡུ་ན་གང་ཟག་བཞི་པོ་འདི་དེ་བཞིན་གཤེགས་པའི་སྙིང་པོ་མཐོང་བ་ལ་མིག་དང་མི་ལྡན་པར་བཞག་སྟེ། བཞི་གང་ཞེ་ན་འདི་ལྟ་སྟེ། སོ་སོ་སྐྱེ་བོ་དང༌། ཉན་ཐོས་དང༌། རང་སངས་རྒྱས་དང༌། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་༼མཱ༡༥༣ན༽ཆུབ་སེམས་དཔའ་སྟེ། ཇི་སྐད་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་འདི་ནི། འཇིག་ཚོགས་ལ་ལྟ་བར་ལྟུང་བ་རྣམས་དང༌། ཕྱིན་ཅི་ལོག་ལ་མངོན་པར་དགའ་བ་རྣམས་དང༌། སྟོང་པ་ཉིད་ལ་སེམས་རྣམ་པར་གཡེང་བ་རྣམས་ཀྱི་སྤྱོད་ཡུལ་མ་ལགས་སོ། །ཞེས་གསུངས་པ་ཡིན་ནོ། །ཞེས་གསུངས་པ་ལྟར། རང་ཅག་སོ་སྐྱེའི་ས་ལ་གནས་པ་རྣམས་མ་ཟད་ཉན་རང་དང་ཐེག་པ་ཆེན་པོ་ལ་གསར་དུ་ཞུགས་པ་བྱང་སེམས་ལས་དང་པོ་པ་ཚོགས་ཀྱི་ལམ་ལ་གནས་པ་རྣམས་ཀྱིས་ཀྱང་བདེ་གཤེགས་སྙིང་པོའི་ཆོས་ཉིད་ལྟ་བར་མི་དབང་བ་ཐུབ་པའི་དབང་པོ་དང་རྒྱལ་ཚབ་རྗེ་ལ་སོགས་པས་གསལ་བར་གསུངས་པས་ན། དངོས་པོ་སྟོབས་ཞུགས་ཀྱི་ཚད་མ་དང་རིག་ཤེས་རྗེས་སུ་དཔག་པ་སོགས་རྟོག་གེའི་ཐ་སྙད་དང་རིགས་པས་གཞལ་བར་བྱ་བའི་ཡུལ་མ་ཡིན་ཏེ་གནས་ལུགས་དེ་ནི་སྒྲ་རྟོག་གི་ཡུལ་ལས་འདས་པའི་ཕྱིར་རོ། །དེ་ལྟ་བས་ན་སྙིང་པོའི་ཚུལ་སྒྲ་ཇི་བཞིན་པ་དེ་ནི་སངས་རྒྱས་དང་བྱང་སེམས་འཕགས་པ་ལས་གཞན་གྱི་བློར་ཆུད་དཀའ་ཞིང་སྒྲ་རྟོག་གི་ཡུལ་དུ་འགལ་འདུ་ལྟར་སྣང་བས། དུས་སྐབས་འདིའི་དབུ་མ་པར་གྲགས་པའི་རྟོག་གེ་ཕྱོགས་ཙམ་རིག་པ་བསོད་ནམས་ཆུང་ཞིང་བློ་གྲོས་ཟབ་མོ་དང་མི་ལྡན་པ་རྣམས་ཀྱི་སྣང་ངོར་གནས་ལུགས་ཇི་ཙམ་ཟབ་པ་དེ་ཙམ་དུ་སྒྲོ་སྐུར་གྱི་གཞི་སྐྱེད་ཅིང་རྟོན་པ་བཞི་ཕྱིན་ཅི་ལོག་ཏུ་གྱུར་ནས་རྩོད་པའི་ཆོས་སུ་གྱུར་པའི་ཕྱིར། ལུགས་འདིའི་གྲུབ་མཐའི་གནད་གསང་རྣམས་འདིར་ནི་མ་སྤྲོས་པ་རྟོགས་པར་འདོད་ན་རྒྱ་བོད་ཀྱི་ཤིང་རྟ་ཆེན་པོ་རྣམས་ཀྱི་གཞུང་ལུགས་ལས་རྟོགས་པར་བྱའོ། །
ལྔ་པ་ཤིང་རྟ་གཉིས་ཀྱི་དགོངས་པ་གཅིག་ཏུ་ཆུབ་པར་གདམས་པ་ནི།
ཤིང་རྟའི་སྲོལ་གཉིས་སོ་སོའི་ཚུལ་རྟོགས་ནས། །དགོངས་པ་གཅིག་ཆུབ་སྒྲོ་སྐུར་ཉེས་ལས་གྲོལ། །
མདོ་རྒྱུད་ལྟ་བའི་དྲི་མེད་མིག་ལྡན་༼མཱ༡༥༣བ༽འགྱུར། །
རྒྱལ་བས་ལུང་བསྙོན་མེད་དུ་བསྟན་ཅིང་འཕགས་པའི་ས་ལ་བཞུགས་པ་རྩོད་པ་མེད་པ་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་ཤིང་རྟ་ཆེན་པོ་ཀླུ་ཐོགས་གཉིས་དང༌། དེ་དག་གི་དགོངས་པ་ལ་མཆོག་དམན་གྱི་ཁྱད་པར་གཏན་ནས་མེད་ཀྱང༌། དེ་ལྟར་སྣང་བ་ནི། རང་ཉིད་སྐལ་བ་དམན་ཅིང་བློ་གྲོས་ཕུར་ཁུང་ཐུག་པ་སྟེ། དེས་ན་ཤིང་རྟའི་སྲོལ་འབྱེད་གཉིས་སོ་སོའི་གཞུང་ལུགས་ཀྱི་ཚུལ་ཡང་མ་འདྲེས་པར་རྟོགས་ལ། གཉིས་ཀའི་དགོངས་པ་མཐར་ཐུག་དབུ་མའི་དོན་གཅིག་ཏུ་གནས་པར་རྟོགས་ཤིང་ཆུབ་ན་སྒྲོ་སྐུར་གྱི་ཉེས་པ་དུ་མ་ལས་གྲོལ་ཞིང༌། མདོ་རྒྱུད་ཀུན་ལ་ལྟ་བའི་དྲི་མ་མེད་པའི་བློ་མིག་དང་ལྡན་པར་འགྱུར་ཏེ། སྲོལ་གཉིས་པོ་གནས་སྐབས་དང་མཐར་ཐུག །རགས་པ་ཕྱི་དང་ཕྲ་བ་ནང༌། སྤྲོས་གཅོད་སྒོམ་དོན་སོགས་སུ་རྟོགས་ནས་མདོ་སྔགས་གཉིས་ཀྱི་ལྟ་བའང་འགལ་འདུའི་སྐྱོན་གྱིས་མ་རེག་པར་སོ་སྐྱེའི་བློས་བརྟགས་ལས་གྲོལ་བའི་སངས་རྒྱས་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པ་རྟོགས་པར་འགྱུར་རོ། །
དྲུག་པ་སྔགས་ཀྱི་ལྟ་བའི་ཁྱད་པར་དབྱེ་བ་ལ་གཉིས། དབུ་མའི་སློབ་དཔོན་སྤྱིའི་བཞེད་པ་དང༌། ཁྱད་པར་གར་གྱི་དབང་པོའི་བཞེད་པ་བཀོད་པའོ། །དང་པོ་ནི།
སྔགས་སུ་ཡུལ་ཅན་བདེ་བའི་ཐབས་ཀྱིས་ཁྱད། །སྤྲོས་བྲལ་ཡུལ་ལ་ཁྱད་མེད་རང་སྟོང་ལུགས། །
གཞན་སྟོང་ཡུལ་ཡང་སྤྲོས་བྲལ་ཙམ་པོ་མིན། །རྣམ་ཀུན་མཆོག་ལྡན་པྲ་ཕབ་ལྟ་བུར་བཞེད། །
ཁ་ཅིག་སྤྲོས་བྲལ་ཙམ་ཡང་ཐབས་ཀྱི་ཕྱིར། །ཕལ་པའི་མེ་དང་ཙནྡན་མེ་ལྟར་གསུངས། །
གསང་སྔགས་རྡོ་རྗེ་ཐེག་པའི་ལྟ་བ་དབུ་མ་གང་གི་དགོངས་པར་གནས་ཞེ་ན། འདི་ལ་སློབ་དཔོན་སོ་སོས་རང་ཕྱོགས་སུ་དྲངས་པའི་བཞེད་པ་མང་ཡང་དངོས་བསྟན་འཁོར་ལོ་ཐ་མ་དང་ཤིན་ཏུ་མཐུན་ཅིང༌། འཕགས་ཡུལ་གྱི་གཞུང་ཚད་ལྡན་རྣམས་༼མཱ༡༥༤ན༽སུའང་དེ་ལྟར་སྟོན་པ་ཤས་ཆེ་ལ། བོད་དུ་རང་སྟོང་གཞན་སྟོང་དུ་གྲགས་པའི་དབུ་མ་ཞལ་གྱིས་བཞེས་ཚུལ་གྱིས་བཞེད་པ་ཐ་དད་དུ་བྱུང་སྟེ། ཡུལ་ཅན་བདེ་བ་ཆེན་པོས་ཐབས་བྱས་པས་ཁྱད་པར་དུ་འཕགས་པར་གྲུབ་པ་ལས། སྟོང་ཉིད་སྤྲོས་བྲལ་གྱི་ཡུལ་ལ་སྔགས་ཕར་ཕྱིན་ཁྱད་པར་མེད་ཅེས་བཞེད་པ་རང་སྟོང་སྨྲ་བ་རྣམས་ཀྱི་ལུགས་དང༌། ཡུལ་ཅན་དེ་དང་མཚུངས་པ་ལ། ཡུལ་སྟོང་ཉིད་དེ་ཡང་སྤྲོས་བྲལ་སྟོང་པ་ཙམ་པོ་མ་ཡིན་ཏེ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་རྡུལ་ཕྲ་རབ་ཀྱི་ཆོས་ལས་འདས་ཤིང་པྲ་ཕབ་ཀྱི་སྣང་བརྙན་ལྟ་བུར་གཞན་སྟོང་པ་རྣམས་བཞེད་དོ། །ཁ་ཅིག་སྟོང་པ་སྤྲོས་བྲལ་གྱི་ངོ་བོ་ཙམ་དུ་སྔགས་ཕར་ཕྱིན་མཐུན་ཀྱང༌། ཐབས་ཀྱིས་ཁྱད་པར་དུ་བྱས་པའི་ཕྱིར་རྟོགས་ཚུལ་ལ་སྔགས་ཁྱད་པར་དུ་འཕགས་ཏེ། ཕལ་པའི་མེ་ལས་ཙནྡན་གྱི་མེ་རེག་བྱ་བདུན་འགྱུར་གྱིས་ཚ་བ་ལྟར་ཡིན་ནོ་གསུངས། སྤྱིར་ས་སྐྱ་པ་སོགས་ནི་ལྟ་བ་ལ་ཆོས་ཆོས་ཅན་གཉིས་ཀྱི་སྒོ་ནས་བཞག་ཅིང༌། ཆོས་སྤྲོས་བྲལ་གྱི་ངོ་ནས་སྔགས་ཕར་ཕྱིན་ཁྱད་པར་མེད་ཀྱང་ཆོས་ཅན་སྐུ་དང་ཡེ་ཤེས་སུ་ལྟ་བ་སྔགས་ཀྱི་ཁྱད་པར་ཏེ། རྗེ་བཙུན་ས་པཎ་གྱི་དགོངས་གཞི་སྔ་མ་ཡིན་ཅིང་ཕྱི་མ་ལ་དགག་པར་མཛད་པ་མེད་དོ། །
གཉིས་པ་ནི།
བདེ་སྟོང་ཟབ་གསལ་སྔགས་ཀྱི་དབུ་མ་ལ། །ཁྱད་ཆོས་དབུ་མའི་བྱེད་ལས་སྟོང་ཉིད་ཐབས། །
གཞི་ལ་ལས་བྱེད་ཟུང་འཇུག་སྐུ་སྒྲུབ་བཞིར། །གསུང་གི་རྡོ་རྗེ་འོད་མཚན་འཆང་བས་བཞེད། །
འགྱུར་མེད་ཀྱི་བདེ་བ⁽1733⁾་ཆེན་པོ་དང་སྤྲོས་པ་དང་བྲལ་བའི་སྟོང་ཉིད⁽1734⁾་དབྱེར་མི་ཕྱེད་པ་དེ་ཉིད་སྐྱེ་འཇིག་སྤངས་པས་ཟབ⁽1735⁾་ཅིང་གསལ་བ་སྟེ་ཁྱད་པར་བཞི་ལྡན་ནི་སྔགས་ཀྱི་དབུ་མའི་མཚན་གཞི་ཡིན་ལ། ཁྱད་ཆོས་ཨ་བ་དྷཱུ་ཏི་ལ་གནད་དུ་བསྣུན་པ་སོགས་ཐབས་ལམ་དབུ⁽1733⁾་མའི་བྱེད་ལས། རིལ་འཛིན་དང་རྗེས་གཞིག་སོགས་སྟོང་ཉིད་འཆར⁽1734⁾་བའི་ཐབས་གཞན། ༼མཱ༡༥༤བ༽གཞི་དངོས་པོའི་གནས་ལུགས་ལ་སྦྱང་གཞི་དང་སྦྱོང་བྱེད་ཀྱི་རྟེན་འབྲེལ་བསྒྲིགས་པའི་ལས⁽1735⁾་བྱེད་པ། ཆོས་ཅན་ཟུང་འཇུག་གི་སྐུ་མཐར་ཐུག་པ་སྒྲུབ་པ⁽1736⁾་བཞི་དང་ལྡན་པ་གསུང་གི་རྡོ་རྗེ་འོད་མཚན་ཅོད་པན་འཆང་བ་དྲུག་པ་བྱང་ཕྱོགས་ཀྱི་པཎྜི་ཏ་འཇམ་དབྱངས་ཆོས་ཀྱི་སྣང་བས་བཞེད་དོ། །
བདུན་པ་སྐྱེ་མེད་ཟུང་འཇུག་གི་ལྟ་བ་མདོར་བསྡུ་བ་ནི།
གཤིས་ལ་མེད་ན་བལྟས་པས་མི་འགྱུར་ཞིང༌། །སྟོང་ཉིད་རྟོགས་ཚེ་རྒྱུ་འབྲས་ལྷུན་གྱིས་གྲུབ། །
རྟེན་ཅིང་འབྲེལ་འབྱུང་འགག་མེད་གང་ཡིན་པ། །དེ་ཉིད་སྐྱེ་མེད་ཟུང་འཇུག་ཕྱག་རྒྱ་ཆེ། །
སོལ་བ་བཀྲུས་པས་དུང་དུ་མི་འགྱུར་བ་ལྟར་དངོས་པོ་གཤིས་ཀྱི་གནས་ལུགས་ལ་སངས་རྒྱས་ཀྱི་ཆོས་ཉིད་མེད་ན། ལུང་རིགས་ཀྱིས་དཔྱད་པའམ། རྟོག་སྒོམ་གྱིས་དེར་བལྟས་པས་འགྱུར་བ་མི་སྲིད་ཅིང༌། ཤེས་རབ་རྣམ་པ་གསུམ་ལ་བརྟེན་ནས་སྟོང་པ་ཉིད་འོད་གསལ་བའི་དོན་གོ་ཡུལ་ཙམ་དུ་མ་ལུས་པར་མངོན་སུམ་དུ་རྟོགས་པའི་ཚེ་རྒྱུ་འབྲས་ཀྱི་དོན་ལ་ཤུགས་ཀྱིས་མ་རྨོངས་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པས་གདངས་རྟེན་ཅིང་འབྲེལ་བར་འབྱུང་བ་འགགས་པ་མེད་པར་འཆར། དེའི་གཤིས་སྐྱེ་མེད་མངོན་སུམ་དུ་རྟོགས་པ་ལས་གཞན་དུ་མ་གཡོས་པས་ཐབས་ཤེས་ཟུང་དུ་འཇུག་པ་ནི་ཤེས་རབ་ཕར་ཕྱིན་ནམ་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་མདོ་རྒྱུད་རྣམས་ཀྱི་རྟོགས་དོན་མཐར་ཐུག་པ་ཡིན་ནོ། །གཙོ་བོ་ལྟ་བ་རྣམ་པར་ངེས་པ་སྐབས་གསུམ་པའི་འགྲེལ་པའོ།། །།
༈ སྐབས་བཞི་པ་བློ་ལྡོག་རྣམ་བཞི་རྣམ་པར་ངེས་པ་ལ་གཉིས། ཐོས་བསམ་གྱི་ལག་རྗེས་སྤྱིར་བསྟན་པ། བློ་ལྡོག་རྣམ་བཞི་བྱེ་བྲག་ཏུ་དབྱེ་བའོ། །དང་པོ་ནི།
ཐོས་བསམ་ལག་རྗེས་རིས་མེད་བསྟན་པ་དང༌། །བསྟན་འཛིན་ཀུན་ལ་བཅོས་མིན་དད་པ་སྐྱེ། །
ཕྱོགས་སུ་མ་ལྷུང་ལས་འབྲས་ཞིབ་མོར་སྤྱོད། །གསུང་རབ་གདམས་པར་ཤར་བས་༼མཱ༡༥༥ན༽རྒྱུད་གྲོལ་ཡང༌། །
ཐ་མལ་བློ་སྣ་བཙན་ཐབས་སྒྱུར་བ་ཡི། །མན་ངག་ལུགས་ཀྱི་བློ་ལྡོག་རྣམ་པ་བཞི། །
དེ་ལྟར་ཐོས་པ་ཕྱོགས་མེད་དུ་བྱས་ཤིང་དེའི་དོན་རིགས་པས་ཞིབ་མོར་བསམས་པས་ཐོས་བསམ་གཉིས་ཀྱི་ཤེས་རབ་རྒྱུད་ལེགས་པར་སྐྱེས་པའི་ལག་རྗེས། རིས་སུ་མ་ཆད་པའི་རྒྱལ་བའི་བསྟན་པ་ཐེག་པ་ཆེ་ཆུང་སྤྱི་དང༌། བསྟན་པ་དེ་ཉིད་འཛིན་པའི་དགེ་བའི་བཤེས་གཉེན་ཁྱད་པར་ཅན་ཀུན་ལ་རྒྱུ་མཚན་ཤེས་ནས་བཅོས་མིན་གྱི་དད་པ་སྐྱེ། བློ་སྐྱོ་མ་སྔ་བཙན་དང་རང་རང་གི་གྲུབ་མཐའ་དང་ཆོས་ལུགས་ཙམ་ལ་ཞེན་པའི་ཕྱོགས་སུ་མ་ལྷུངས་པར་གཟུ་བོར་གནས་ཤིང་ལས་འབྲས་ཀྱི་སྤང་བླང་མ་འཆོལ་བར་ཞིབ་མོར་སྤྱོད། རྒྱལ་བའི་གསུང་རབ་མདོ་རྒྱུད་ཐམས་ཅད་ཚིག་ཙམ་དུ་མ་ལུས་པ་རང་དང་རྒྱུད་ལ་སྦྱོར་བའི་གདམས་པར་ཤར་བས་རྒྱུད་རྣམ་པར་གྲོལ་བ་ནི་ཐོས་བསམ་གནད་དུ་སོང་བའི་ལག་རྗེས་ཡིན་པས། དེ་ལྟ་ན་དལ་འབྱོར་རྙེད་དཀའ་སོགས་ཀྱི་དམིགས་པ་ཕྲན་ཚེགས་ཆེད་དུ་བསམ་པ་ལ་མ་ལྟོས་ཀྱང༌། ཐོས་བསམ་ཚུལ་བཞིན་མ་ནུས་པའམ། ནུས་ཀྱང་ཐོས་དོན་རྒྱུད་ལ་མ་འབྱོར་བ་གང་ཟག་ཐ་མལ་པ་རྣམས་ཀྱི་བློ་སྣ་བཙན་ཐབས་སུ་སྒྱུར་བར་བྱེད་པ། མན་ངག་པ་རྣམས་ཀྱི་ལུགས་ཀྱི་བློ་ལྡོག་རྣམ་པ་བཞི་པོ་ལེགས་པར་བསམས་ནས་རྒྱུད་ལ་བསྐྱེད་པར་བྱའོ། །
གཉིས་པ་ལ་བཞི། ཚེ་འདི་ལས་བློ་ལྡོག་པ། འཁོར་བ་ལས་བློ་ལྡོག་པ། ཞི་བདེ་ལས་བློ་ལྡོག་པ། གཟུང་འཛིན་ལས་བློ་ལྡོག་པའོ། །དང་པོ་ལ་གཉིས། བློ་ལྡོག་བསྒོམ་པའི་རྟེན་དལ་འབྱོར་རྙེད་དཀའ་བསམ་པ། བློ་ལྡོག་དངོས་མི་རྟག་པ་བསམ་པའོ། །དང་པོ་ནི།
དལ་བརྒྱད་འབྱོར་པ་བཅུ་ལྡན་རིན་ཆེན་རྟེན། །དོན་ཆེ་རྒྱུ་འབྲས་དཔེ་ཡིས་རྙེད་པར་དཀའ། །
འདི་ལ་གསུམ། དལ་འབྱོར་ངོས་བཟུང༌། དེ་དོན་ཆེ་བ་དང༌། རྙེད་དཀའ་བར་བསམ་པའོ། །དང་པོ་ལ། དལ་བ་བརྒྱད་ནི་མི་༼མཱ༡༥༥བ༽ཁོམས་པ་བརྒྱད་དང་བྲལ་བ་སྟེ། མི་ཁོམས་པ་བརྒྱད་ནི། འཁོར་རྣམ་བཞི་མི་རྒྱུ་བའི་ཡུལ་མཐའ་འཁོབ་པ་དང༌། གླེན་ལྐུགས་དང་ཡན་ལག་དང་རྣ་བ་སོགས་དབང་པོ་མ་ཚང་བ་དང༌། ཚེ་སྔ་ཕྱི་དང་ལས་འབྲས་དང་དཀོན་མཆོག་གསུམ་མེད་པར་འཛིན་པའི་ལོག་ལྟ་ཅན་དང༌། སངས་རྒྱས་འབྱུང་བ་མེད་པས་རྒྱལ་བའི་བཀའ་མེད་པ་བཞི་ནི་མིའི་འགྲོ་བའི་མི་ཁོམས་པ་ཡིན་ལ། ངན་སོང་གསུམ་དང་ལྷ་ཚེ་རིང་པོ་ནི་མི་མ་ཡིན་པའི་མི་ཁོམས་པའོ། །ལྷ་ཚེ་རིང་པོ་ནི་བཤེས་སྤྲིང་ལས། འདུ་ཤེས་མེད་པ་པ་དང་གཟུགས་མེད་པ་གཉིས་ལ་བཤད་པའི་དང་པོ་ནི། བསམ་གཏན་བཞི་པའི་འབྲས་བུ་ཆེ་བའི་ཕྱོགས་གཅིག་ན་གྲོང་ལས་དགོན་པའི་ཚུལ་དུ་ཡོད་ལ། ཕྱི་མ་ནི་གཟུགས་མེད་དུ་སྐྱེས་པའི་སོ་སྐྱེའོ། །མི་ཁོམས་པ་བརྒྱད་ཀྱི་གཏམ་ལས། འདོད་པའི་བྱ་བས་རྟག་ཏུ་གཡེངས་པའི་འདོད་ལྷ་ལྷ་ཚེ་རིང་པོར་བཤད་དོ། །འབྱོར་པ་བཅུ་ལས་རང་འབྱོར་ལྔ་ནི། མི་ཉིད་དབུས་སྐྱེས་དབང་པོ་ཚང༌། །ལས་མཐའ་མ་ལོག་གནས་ལ་དད། །ཅེས་པའོ། །དེ་ལ་དབུས་སུ་སྐྱེས་པ་ནི་འཁོར་རྣམ་བཞི་རྒྱུ་བ་ཡོད་པར་སྐྱེས་པའོ། །དབང་པོ་ཚང་བ་ནི་གླེན་ལྐུགས་སུ་མ་སོང་ཞིང་ཡན་ལག་ཉིང་ལག་མིག་རྣ་སོགས་ཚང་བའོ། །ལས་མཐའ་མ་ལོག་པ་ནི། མཚམས་མེད་བྱས་སམ་བྱེད་དུ་བཅུག་པ་མ་ཡིན་པའོ། །གནས་ལ་དད་པ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀར་ཆོས་ཐམས་ཅད་སྐྱེ་བའི་གནས་དམ་པའི་ཆོས་འདུལ་བ་ལ་དད་པ་སྟེ། འདུལ་བ་ནི་འདིར་སྡེ་སྣོད་གསུམ་ག་ལ་བྱའོ། །ལྔ་པོ་དེ་རང་རྒྱུད་ཀྱིས་བསྡུས་ཤིང་ཆོས་སྒྲུབ་པའི་ཆ་རྐྱེན་ཡིན་པས་རང་འབྱོར་ཞེས་བྱའོ། །གཞན་འབྱོར་ལྔ་ནི། སངས་རྒྱས་བྱོན་དང་དམ་ཆོས་སྟོན། །བསྟན་པ་གནས་དང་དེ་རྗེས་འཇུག །གཞན་ཕྱིར་སྙིང་ནི་བརྩེ་བའོ། །ཞེས་པའོ། །དེ་ལ་སངས་རྒྱས་བྱོན་པའམ་འབྱུང་བ་ནི་བསྐལ་པ་གྲངས་མེད་པ་གསུམ་གྱིས་ཚོགས་༼མཱ༡༥༦ན༽བསགས་མངོན་པར་རྫོགས་པར་འཚང་རྒྱ་བའོ། །དམ་ཆོས་སྟོན་པ་ནི་སངས་རྒྱས་སམ་དེའི་ཉན་ཐོས་ཀྱིས་ཆོས་སྟོན་པའོ། །ཆོས་བསྟན་པ་གནས་པ་ནི་སངས་རྒྱས་ཤིང་ཆོས་བསྟན་པ་ནས་མྱ་ངན་ལས་མ་འདས་བར་དུ་དོན་དམ་པའི་ཆོས་མངོན་དུ་བྱེད་པའི་ཚུལ་གྱིས་སྒྲུབ་པའི་ཆོས་མ་ཉམས་པའོ། །ཆོས་གནས་པ་རྗེས་སུ་འཇུག་པ་ནི་ཆོས་རྟོགས་པ་དེ་ཉིད་ཀྱིས་སྐྱེ་བོ་རྣམས་ལ་དམ་ཆོས་མངོན་དུ་བྱ་བའི་མཐུ་ཡོད་པར་རིག་ནས། ཇི་ལྟར་རྟོགས་པ་ལྟར་བསྟན་པ་ལ་རྗེས་སུ་འཇུག་པའོ། །གཞན་གྱི་ཕྱིར་སྙིང་བརྩེ་བར་བྱེད་པ་ནི་སྦྱིན་པ་པོ་དང་སྦྱིན་བདག་གིས་ཆོས་གོས་སོགས་སྟེར་བའོ། །དེ་ལྔ་ནི་གཞན་རྒྱུད་ལ་ཡོད་ཅིང་ཆོས་སྒྲུབ་པའི་ཆ་རྐྱེན་ཡིན་པས་གཞན་འབྱོར་རོ། །གཉིས་པ་དེ་ཉིད་དོན་ཆེ་བར་བསམ་པ་ནི། དལ་བརྒྱད་འབྱོར་པ་བཅུ་དང་ལྡན་པ་ནི་ཤིན་ཏུ་རྙེད་པར་དཀའ་ཞིང་རྙེད་ན་མངོན་མཐོ་དང་ངེས་ལེགས་ཀྱི་གོ་འཕང་མཐའ་དག་སྒྲུབ་ནུས་པས་ཕན་ཐོགས་ཆེ་བའི་ཕྱིར་མི་ལུས་རིན་པོ་ཆེ་ཞེས་བྱ་སྟེ། སློབ་སྤྲིང་ལས། བདེར་གཤེགས་ལམ་བརྟེན་འགྲོ་བ་འདྲེན་པར་ཆས་གྱུར་ཅིང༌། །སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པ་གང་ཡིན་པ། །ལམ་དེ་ལྷ་དང་ཀླུ་ཡིས་རྙེད་མིན་ལྷ་མིན་དང༌། །མཁའ་ལྡིང་རིག་འཛིན་མིའམ་ཅི་དང་ལྟོ་འཕྱེས་མིན། །ཞེས་གསུངས་སོ། །དེས་ན་ཁམས་གསུམ་གྱི་ནང་ནས་ཁྱད་པར་དུ་འཕགས་པའི་རྟེན་བཟང་པོ་ད་རེས་ལན་གཅིག་ཙམ་རྙེད་ཅིང་རྙེད་པ་དོན་ཆེ་བའི་རྟེན་འདིས་མངོན་མཐོ་དང་ངེས་ལེགས་ཀྱི་རྒྱུ་ཉིན་མཚན་དུ་བརྩོན་པས་མ་བསྒྲུབ་ན་རིན་ཆེན་གླིང་ནས་ལག་སྟོང་དུ་ལོག་པ་ལས་ཀྱང་རྨོངས་ཚབ་ཆེ་བ་སོགས་ལ་བསམ་མོ། །གསུམ་པ་རྙེད་དཀའ་བར་བསམ་པ་ལ། རྒྱུའི་སྒོ་ནས་རྙེད་དཀའ་བ་ནི། སྤྱིར་བདེ་འགྲོ་ཙམ་ཞིག་ཐོབ་པ་ལའང་ཚུལ་ཁྲིམས་ལ་སོགས་པའི་དགེ་བ་རྣམ་དག་སྣ་གཅིག་བྱེད་དགོས་པ་དང༌། ཁྱད་པར་༼མཱ༡༥༦བ༽དུ་དལ་འབྱོར་ཚང་བར་ཐོབ་པ་ལ་ཚུལ་ཁྲིམས་རྣམ་པར་དག་པས་གཞི་བཟུང༌། སྦྱིན་སོགས་ཀྱིས་གྲོགས་བྱས། སྨོན་ལམ་དྲི་མ་མེད་པར་མཚམས་སྦྱར་བ་སོགས་དགེ་རྩ་མང་པོ་ཞིག་དགོས་ན། རྒྱུ་དེ་ལྟ་བུ་སྒྲུབ་པ་ཡང་ཤིན་ཏུ་ཉུང་བར་སྣང་བས་དེ་ལ་དཔག་ནས། འབྲས་བུ་བདེ་འགྲོའི་རྟེན་སྤྱི་དང་ཁྱད་པར་དལ་འབྱོར་རྙེད་དཀའ་བར་སེམས་པའོ། །འབྲས་བུའི་སྒོ་ནས་རྙེད་དཀའ་བ་ནི། སྤྱིར་ལུང་གཞི་ལས། ངན་འགྲོ་དང་བདེ་འགྲོ་ནས་ཤི་འཕོས་ཏེ་ངན་འགྲོར་འགྲོ་བ་ནི་ས་ཆེན་པོའི་རྡུལ་དང༌། དེ་ནས་བདེ་འགྲོར་འགྲོ་བ་ནི་སེན་མོའི་སྟེང་དུ་ཆགས་པའི་རྡུལ་ཙམ་ལས་མེད་པར་གསུངས་པས། རིགས་མི་མཐུན་ངན་འགྲོ་རྣམས་ལ་ལྟོས་ཏེ་བདེ་འགྲོ་ཙམ་ཡང་སྲིད་མཐར་སྣང་ལ། རིགས་མཐུན་བདེ་འགྲོ་ལ་ལྟོས་ཏེ་ཡང་དལ་བ་ཁྱད་པར་ཅན་ནི་ཆེས་དཀོན་པར་བསམ་པའོ། །དཔེའི་སྒོ་ནས་རྙེད་པ་དཀའ་བ་བསམ་པ་ནི། ཞི་བ་ལྷས། རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་གི །བུ་གར་རུ་སྦལ་མགྲིན་ཆུད་ལྟར། །མི་ཉིད་ཤིན་ཏུ་འཐོབ་དཀར་གསུངས། །ཞེས་དང༌། གཞན་ཡང་ཉིན་མོའི་སྐར་མ། ཨུ་དུམྦ་རའི་མེ་ཏོག་སོགས་རྣམ་གྲངས་དུ་མ་སྦྱར་ཏེ་ངེས་པ་རྙེད་པར་བྱའོ། །
གཉིས་པ་མི་རྟག་པ་བསམ་པ་ལ་གཉིས། འཇིག་རྟེན་འདིར་རིང་དུ་མི་གནས་པར་འཆི་བ་རྗེས་སུ་དྲན་པ་དང༌། འཇིག་རྟེན་གཞན་དུ་ཇི་ལྟར་འགྱུར་བའི་ཚུལ་ལ་བསམ་པའོ། །དང་པོ་ནི།
འཆི་ངེས་ནམ་འཆི་ཆ་མེད་འཆི་བའི་ཚེ། །ཆོས་མིན་མི་ཕན་རྩ་བའི་དམིགས་པ་གསུམ། །
ཡན་ལག་མི་ལྡོག་སྣོན་མེད་ལོང་སྐབས་མེད། །དུས་ལ་མ་ངེས་རྐྱེན་མང་ཉམས་ཆུང་དང༌། །
གཉེན་ལུས་ལོངས་སྤྱོད་མི་སྟངས་ཐག་གཅོད་བཅས། །རྒྱུ་མཚན་དགུ་སྦྱོར་འཆི་བ་རྗེས་སུ་དྲན། །
འཆི་བ་མི་རྟག་པ་བསམ་པ་ལ། སྐྱེ་བའི་རྟགས་ཀྱིས་འཆི་བར་གྲུབ་པས་ཅིས་ཀྱང་འཆི་ངེས་པ་དང༌། རྒན་གཞོན་མ་ངེས་༼མཱ༡༥༧ན༽པར་ཤི་བའི་རྟགས་ཀྱིས་ནམ་འཆི་ཆ་མེད་པ་དང༌། འཆི་བའི་ཚེ་ཆོས་མ་གཏོགས་གང་གི་ཀྱང་མི་ཕན་པར་ལུང་གིས་བསྒྲུབས་ཏེ་བསམ་པ་ནི་རྩ་བའི་དམིགས་པ་གསུམ་ཡིན་ལ། དེ་རེ་རེ་ལའང་ཡན་ལག་གསུམ་གསུམ་སྦྱར་ཏེ། འཆི་བདག་ངེས་པར་འོང་ཞིང་དེའང་ཐབས་གང་གིས་ཀྱང་མི་ཟློག་པ་དང༌། ཚེ་ལ་བསྣོན་པ་མེད་ཅིང་འབྲིད་བྱེད་ཉིན་མཚན་སྐད་ཅིག་རེ་རེ་ཞིང་ཡོད་པ་དང༌། གསོན་པའི་ཚེ་ཡང་ཆོས་དང་འཇིག་རྟེན་གྱི་བྱ་བཞག་བསམ་ཚད་ལག་ཏུ་ལེན་པའི་ལོང་སྐབས་མེད་པར་འཆི་བ་ཐོག་ཏུ་བབས་པ་ན་འཆི་ངེས་པའི་རྒྱུ་མཚན་གསུམ། གླིང་གཞན་དག་ཏུ་ཚེ་ཚད་ཕལ་ཆེར་ངེས་པ་ཡོད་ཀྱང་འཛམ་བུའི་གླིང་པའི་ཚེ་ཚད་ཀྱི་དུས་ལ་ངེས་པ་མེད་པ་དང༌། ནང་གི་ནད་དང་ཕྱི་རོལ་འབྱུང་གདོན་སོགས་འཆི་བའི་རྐྱེན་ནི་ཤིན་ཏུ་མང་ཞིང་གསོན་པ་ཉིད་ཀྱང་འཆི་བའི་དོན་དུ་ཞུགས་པ་ཡིན་པས་ཡིད་བརྟན་མེད་པ་དང༌། ལུས་ཆུ་བུར་ལྟ་བུར་ཤིན་ཏུ་ཉམ་ཆུང་བས་གནོད་པ་ཆུང་ངུས་ཀྱང་སྲོག་འཇིག་པར་བྱེད་པས་ན་ནམ་འཆི་ཆ་མེད་པའི་རྒྱུ་མཚན་གསུམ། འཆི་བའི་ཚེ་གཉེན་གྲོགས་འཁོར་གཡོག་བརྒྱ་སྟོང་ཡོད་ཀྱང་གཅིག་ཀྱང་ཁྲིད་དབང་མེད་པ་དང༌། ལྷན་ཅིག་སྐྱེས་པའི་ལུས་གཅེས་པར་བསྐྱངས་པ་ཉིད་ཀྱང་ས་རྡོ་ལྟར་འདོར་དགོས་པ་དང༌། ལོངས་སྤྱོད་འབྱོར་པ་དཔག་མེད་ཡོད་ཀྱང་ཁབ་ཙམ་ཁྱེར་ས་མེད་པས་དེ་དག་གིས་འཆི་བའི་སྐབས་སུ་མི་སྟངས་པས་ཆོས་མ་གཏོགས་ཅིས་ཀྱང་མི་ཕན་པའི་རྒྱུ་མཚན་གསུམ་སྟེ། རྒྱུ་མཚན་དགུ་པོ་སྦྱོར་ལ་འཆི་བ་རྗེས་སུ་དྲན་པར་བྱའོ། །
གཉིས་པ་ནི།
ཤི་ནས་འགྲོ་བ་གཉིས་སུ་སྐྱེ་བ་སྟེ། །དེ་དག་བསམ་ནས་ཚེ་འདིར་བློ་ལྡོག་བྱ། །
དེ་ལྟར་མྱུར་དུ་འཆི་བར་ངེས་པས་ཚེ་འདིར་བསྡད་ལོངས་མེད་ཅིང་ཤི་བའི་འོག་ཏུ་མེད་ནས་མི་འགྲོ་བར་སྐྱེ་བ་བླངས་དགོས་སོ། །དེ་ཡང་འགྲོ་བ་གཉིས་༼མཱ༡༥༧བ༽ལས་གཞན་སྐྱེ་ས་མེད་པས་བདེ་འགྲོའམ་ངན་འགྲོར་སྐྱེའོ། །དེའང་རང་དབང་མེད་ཅིང་ལས་ཀྱི་གཞན་དབང་ཅན་ཡིན་པས། ལས་དཀར་ནག་གིས་ཇི་ལྟར་འཕངས་པ་བཞིན་སྐྱེའོ། །དེ་ལྟར་ན་བདག་ངན་སོང་དུ་སྐྱེས་ན་ཇི་འདྲ་ཞིག་ཏུ་འགྱུར་སྙམ་དུ་ངན་འགྲོའི་སྡུག་བསྔལ་བསམ་སྟེ། ཀླུ་སྒྲུབ་ཀྱིས། རབ་ཏུ་ཚ་ཞིང་གྲང་བ་ཡི། །དམྱལ་བ་ཉི་མ་གཅིག་བཞིན་དྲན། །བཀྲེས་སྐོམ་དག་གིས་རིད་པ་ཡི། །ཡི་དྭགས་དག་ཀྱང་དྲན་པར་བྱ། །རྨོངས་པའི་སྡུག་བསྔལ་རབ་མང་བའི། །བྱོལ་སོང་བལྟ་ཞིང་དྲན་པར་བྱ། །དེའི་རྒྱུ་རྣམས་སྤང་བདེ་རྒྱུ་སྤྱད། །ཐོབ་དཀའ་འཛམ་གླིང་མི་ཡི་ལུས། །དེ་ཐོབ་དུས་སུ་ངན་སོང་རྒྱུ། །རབ་ཏུ་བསྒྲིམས་ཏེ་བཅད་པར་བྱ། །ཞེས་སོ། །དེའང་དམྱལ་བ་ལ་ཚ་གྲང་གཙོ་བོར་གྱུར་པའི་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་དེ། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་ནས། དམྱལ་བ་བྲིས་པ་མཐོང་དང་ཐོབ་པ་དང༌། །དྲན་དང་བཀླག་དང་གཟུགས་སུ་བགྱིས་རྣམས་ཀྱང༌། །འཇིགས་པ་སྐྱེད་པར་གྱུར་ན་མི་བཟད་པའི། །རྣམ་སྨིན་འབྲས་བུ་མྱོང་རྣམས་སྨོས་ཅི་འཚལ། །ཞེས་དང༌། འདི་ན་ཉིན་གཅིག་མདུང་ཐུང་སུམ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ཡིན་པ། །དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ལའང༌། འོལ་ཡང་མི་ཉེ་ཆར་ཡང་མི་ཕོད་དོ། །ཞེས་གསུངས་སོ། །ཡི་དྭགས་ལའང་བཀྲེས་སྐོམ་ལ་སོགས་པའི་སྡུག་བསྔལ་མང་པོ་ཡོད་དེ། ཡི་དྭགས་ན་ཡང་འདོད་པས་ཕོངས་པ་ཡིས། །བསྐྱེད་པའི་སྡུག་བསྔལ་རྒྱུན་ཆགས་མི་འཆོས་པ། །བཀྲེས་སྐོམ་གྲང་དྲོ་ངལ་དང་འཇིགས་པ་ཡིས། །བསྐྱེད་པ་ཤིན་ཏུ་མི་བཟད་བསྟེན་འཚལ་ལོ། །ཞེས་གསུངས་སོ། །དུད་འགྲོ་ལའང་གཅིག་ལ་གཅིག་ཟ་བ་ལ་སོགས་པའི་སྡུག་བསྔལ་ཡོད་དེ། དུད་འགྲོའི་སྐྱེ་གནས་ན་ཡང་བསད་པ་དང༌། བཅིངས་དང་བརྡེག་༼མཱ༡༥༨ན༽སོགས་སྡུག་བསྔལ་སྣ་ཚོགས་པ། །ཞི་འགྱུར་དགེ་བ་སྤངས་པ་རྣམས་ལ་ནི། །གཅིག་ལ་གཅིག་ཟ་ཤིན་ཏུ་མི་བཟད་པ། །ཞེས་གསུངས་སོ། །དེ་ལྟར་འཆི་བ་རྗེས་སུ་དྲན་པ་དང་ཤི་ནས་ངན་སོང་དུ་ལྟུང་བའི་སྡུག་བསྔལ་དག་ལ་བསམས་ཏེ་ཚེ་འདི་ལ་བློ་ལྡོག་ཅིང་འཇིག་རྟེན་ཕྱི་མ་ལ་དོན་གཉེར་གྱི་བློ་བསྐྱེད་པར་བྱའོ། །
གཉིས་པ་འཁོར་བ་ལས་བློ་ལྡོག་པ་ལ་གཉིས། བདེ་སྡུག་གི་རྒྱུ་ལས་འབྲས་བསམ་པ། འཁོར་བའི་ཉེས་དམིགས་བསམ་པའོ། །དང་པོ་ལ་གཉིས། ལས་འབྲས་སྤྱིར་བསམ་པ། ལྕི་ཡང་སོགས་བྱེ་བྲག་ཏུ་བསམ་པའོ། །དང་པོ་ནི།
མི་བསླུ་འཕེལ་ཆེ་མ་བྱས་མི་ཕྲད་ཅིང༌། །བྱས་པ་ཆུད་མི་ཟ་བ་ལས་ཀྱི་ལམ། །
སྤྱིར་སོ་སོ་སྐྱེ་བོ་དང་འཕགས་པ་གང་ཡིན་ཀྱང་ཚོར་བ་སིམ་པའི་རྣམ་པ་ཅན་གྱི་བདེ་བ་ཐ་ན་སེམས་ཅན་དམྱལ་བར་སྐྱེས་པ་ན་རླུང་བསིལ་བ་ལངས་པ་ལ་བརྟེན་ནས་སྐྱེས་པ་ཡན་ཆད་ཐམས་ཅད་ནི་སྔོན་དགེ་བའི་ལས་བསགས་པ་ལས་འབྱུང་གི་མི་དགེ་བའི་ལས་ལས་བདེ་བ་འབྱུང་བ་ནི་གནས་མེད་ལ། ཚོར་བ་གདུང་བའི་རྣམ་པ་ཅན་གྱི་སྡུག་བསྔལ་ཐ་ན་དགྲ་བཅོམ་པའི་རྒྱུད་ལ་སྐྱེས་པ་མན་ཆད་སྔོན་མི་དགེ་བ་བསགས་པ་ལས་འབྱུང་གི །དགེ་བའི་ལས་ལས་སྡུག་བསྔལ་འབྱུང་བ་ནི་གནས་མེད་དེ། རིན་ཆེན་ཕྲེང་བ་ལས། མི་དགེ་བ་ལས་སྡུག་བསྔལ་ཀུན། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །དགེ་ལས་བདེ་འགྲོ་ཐམས་ཅད་དང༌། །སྐྱེ་བ་ཀུན་ཏུ་བདེ་བ་དག །ཅེས་སོ། །ལས་དེའང་མཚན་ཉིད་བཞི་དང་ལྡན་ཏེ། ལས་འབྲས་ངེས་པ། འཕེལ་ཆེ་བ། མ་བྱས་པ་དང་མི་འཕྲད་པ། བྱས་པ་ཆུད་མི་ཟ་བའོ། །དང་པོ་ནི། བདེ་སྡུག་གི་འབྲས་བུ་དགེ་སྡིག་ཅི་རིགས་པ་དང་ཕན་ཚུན་འཆོལ་བའམ། རྒྱུ་མེད་དང་གཙོ་བོ་དང་དབང་ཕྱུག་སོགས་མི་མཐུན་པའི་རྒྱུ་ལས་འབྱུང་བ་༼མཱ༡༥༨བ༽ཡང་མིན་པར་དགེ་མི་དགེའི་ལས་སྤྱི་ལས་བདེ་སྡུག་སྤྱི་དང༌། བདེ་སྡུག་གི་ཁྱད་པར་སྣ་ཚོགས་པ་རྣམས་ཀྱང་ལས་གཉིས་ཀྱི་ཁྱད་པར་སྣ་ཚོགས་ལས་ཅུང་ཟད་ཀྱང་མ་འཆོལ་བར་སོ་སོར་འབྱུང་བའི་ལས་འབྲས་ངེས་ཅན་ནམ་མི་སླུ་བ་ལ་ངེས་པ་རྙེད་པ་ནི། སངས་རྒྱས་པ་རྣམས་ཀྱི་ཡང་དག་པའི་ལྟ་བ་ཞེས་པ་དཀར་ཆོས་ཐམས་ཅད་ཀྱི་གཞིར་བསྔགས་པའོ། །གཉིས་པ་ནི། ལས་དགེ་བ་ཆུང་ངུ་ལས་ཀྱང་འབྲས་བུ་བདེ་བ་ཤིན་ཏུ་ཆེ་བ་འབྱུང་ལ། ལས་མི་དགེ་བ་ཆུང་ངུ་ལས་ཀྱང་འབྲས་བུ་སྡུག་བསྔལ་ཤིན་ཏུ་ཆེན་པོ་འབྱུང་བས་ནང་གི་རྒྱུ་འབྲས་ཀྱི་འཕེལ་འདྲ་བ་ནི་ཕྱི་རོལ་གྱི་རྒྱུ་འབྲས་ལ་མེད་དོ། །དེ་ཡང་ཚོམ་ལས། སྡིག་པ་ཆུང་ངུ་བྱས་པས་ཀྱང༌། །འཇིག་རྟེན་ཕ་རོལ་འཇིགས་ཆེན་འགྱུར། །ཕུང་ཁྲོལ་ཆེན་པོ་བྱེད་འགྱུར་ཏེ། །ཁོང་པར་སོང་བའི་དུག་བཞིན་ནོ། །བསོད་ནམས་ཆུང་ངུ་བྱས་པས་ཀྱང༌། །འཇིག་རྟེན་ཕ་རོལ་བདེ་ཆེན་འདྲེན། །དོན་ཆེན་དག་ཀྱང་བྱེད་འགྱུར་ཏེ། །འབྲུ་རྣམས་ཕུན་ཚོགས་སྨིན་པ་བཞིན། །ཞེས་སོ། །གསུམ་པ་ནི། བདེ་སྡུག་མྱོང་བའི་རྒྱུར་གྱུར་པའི་ལས་མ་བསགས་ན། འབྲས་བུ་བདེ་སྡུག་གཏན་མི་མྱོང་བ་སྟེ། སྟོན་པས་ཚོགས་གྲངས་མེད་པ་བསགས་པའི་འབྲས་བུ་ལ་སྤྱོད་པ་རྣམས་ཀྱི་ཡང་དེའི་རྒྱུ་ཐམས་ཅད་བསགས་མི་དགོས་ཀྱང་ཆ་གཅིག་བསགས་དགོས་པར་གསུངས་པས་སོ། །བཞི་པ་ནི། ལས་དགེ་མི་དགེ་བྱས་པ་རྣམས་ཀྱིས་ཡིད་དུ་འོང་མི་འོང་གི་འབྲས་བུ་འབྱིན་པ་སྟེ། ལུང་ལས། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །ཅེས་གསུངས་སོ། །
གཉིས་པ་ལྕི་ཡང་སོགས་བྱེ་བྲག་ཏུ་བསམ་པ་ནི།
ལྕི་ཡང་ཞིང་བསམ་རྟེན་དངོས་སྟོབས་ཆེ་བས། །རྣམ་སྨིན་རྒྱུ་མཐུན་བདག་པོའི་འབྲས་བུ་འབྱིན། །
༼མཱ༡༥༩ན༽དེའང་ལེགས་སྤྱད་ཉེས་སྤྱད་ཀྱི་སྤྱོད་པ་འཇུག་པའི་སྒོ་ནི་གསུམ་དུ་ངེས་ལ། སྒོ་གསུམ་གྱི་དགེ་མི་དགེ་ཐམས་ཅད་ལས་ལམ་བཅུ་ཁོ་ནར་འདུས་པ་མ་ངེས་ཀྱང་དགེ་མི་དགེའི་ཆེ་ལོང་ངམ་རགས་པ་ཁ་ན་མ་ཐོ་བའི་གཞི་ཆེ་བ་རྣམས་བཅོམ་ལྡན་འདས་ཀྱིས་གནད་བསྡུས་ནས་ནག་པོའི་ལས་ལམ་བཅུར་གསུངས་ཤིང༌། དེ་དག་སྤངས་ན་དོན་ཤིན་ཏུ་ཆེ་བའི་གནད་རྣམས་ཀྱང་བཅུར་འདུ་བ་གཟིགས་ནས་དཀར་པོའི་ལས་ལམ་བཅུར་གསུངས་ཏེ། མཛོད་ལས། དེ་ལས་ཆེ་ལོང་བསྡུས་ནས་ནི། །དགེ་དང་མི་དགེ་ཅི་རིགས་པར། །ལས་ཀྱི་ལམ་ནི་བཅུར་གསུངས་སོ། །ཞེས་དང༌། ལུང་རྣམ་འབྱེད་ལས་ཀྱང༌། ངག་རྣམས་བསྲུངས་ཤིང་ཡིད་ཀྱིས་རབ་བསྡམས་ཏེ། །ལུས་ཀྱིས་མི་དགེ་བ་དག་མི་བྱེད་ཅིང༌། །ལས་ལམ་བཅུ་པོ་འདི་དག་རབ་སྦྱངས་ན། །དྲང་སྲོང་གསུངས་པའི་ལམ་ནི་ཐོབ་པར་འགྱུར། །ཞེས་གསུངས་སོ། །ལས་ལམ་བཅུ་པོ་ནི་ཡོངས་སུ་གྲགས་ཆེ་བས་འདིར་ཞིབ་ཏུ་མ་སྨོས་ཤིང་གོང་དུའང་ཕྱོགས་ཙམ་བཤད་ཟིན་ལ། དེ་དག་ལྕི་ཡང་གི་ཁྱད་པར་ནི། སའི་དངོས་གཞི་ལས་ལྕི་བའི་ཚུལ་དྲུག་གསུངས་ཏེ། མངོན་པར་འདུ་བྱེད་པ་ནི་དུག་གསུམ་མམ་དེ་གསུམ་མི་ལྡན་པའི་བསམ་པ་དྲག་པོས་ལས་ཀུན་སློང་བའོ། །གོམས་པ་ནི་དགེ་མི་དགེའི་ལས་གཉིས་ཡུན་རིང་པོ་ནས་ཀུན་ཏུ་བསྟེན་གོམས་ལན་གྲངས་མང་དུ་བྱས་པའོ། །ངོ་བོ་ཉིད་ནི་ལུས་ངག་གི་བདུན་ཕྱི་མ་ཕྱི་མ་ལས་སྔ་མ་སྔ་མ་ལྕི་ཞིང༌། ཡིད་ཀྱི་གསུམ་ནི་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ལྕི་བའོ། །གཞི་ནི་སངས་རྒྱས་ཆོས་དགེ་འདུན་བླ་མ་ལྟ་བུ་རྣམས་ལ་ཕན་གནོད་བྱེད་པའོ། །མི་མཐུན་པའི་ཕྱོགས་གཅིག་ཏུ་ངེས་པ་ནི་ཇི་སྲིད་འཚོ་བའི་བར་དུ་གཅིག་ཏུ་ངེས་པར་མི་དགེ་བའི་ལས་བླངས་ཏེ་འདུག་ལ། དགེ་བ་ནི་གཅིག་ཀྱང་མི་བྱེད་པའོ། །མི་མཐུན་ཕྱོགས་སེལ་བ་ནི། མི་དགེ་བའི་༼མཱ༡༥༩བ༽ཕྱོགས་སྤངས་ཏེ་འདོད་ཆགས་དང་བྲལ་ནས་དགེ་བའི་ལས་སྤྱོད་པའོ། །བཤེས་སྤྲིང་ལས་ཀྱང༌། རྟག་དང་མངོན་པར་ཞེན་དང་གཉེན་པོ་མེད། །ཡོན་ཏན་གཙོ་ལྡན་གཞི་ལས་བྱུང་བའི་ལས། །དགེ་དང་མི་དགེ་རྣམ་ལྔ་ཆེན་པོ་སྟེ། །དེ་ལས་དགེ་བ་སྤྱོད་ལ་བརྩོན་པར་གྱིས། །ཞེས་སོ། །དེའང་དཀོན་མཆོག་ལ་སོགས་པ་ཡོན་ཏན་དང་ལྡན་པའི་གཞི་དང་ཕ་མ་སོགས་ཕན་འདོགས་པའི་གཞི་གཉིས་སུ་ཕྱེ་བས་ལྔའོ། །སྟོབས་དང་ལྡན་པའི་ལས་ནི་བཞི་སྟེ། ཞིང༌། བསམ་པ། རྟེན། དངོས་པོའི་སྒོ་ནས་སྟོབས་ཆེ་བའོ། །དང་པོ་ནི། དཀོན་མཆོག་གསུམ་དང་བླ་མ་དང་དེ་འདྲ་བ་ཕ་མ་སོགས་ཏེ་འདི་དག་ལ་ནི་བསམ་པ་ཤུགས་དྲག་པོ་མེད་ཅིང་ཕན་གནོད་ཆུང་ངུ་ཞིག་བྱས་ཀྱང་བསོད་ནམས་དང་ཁ་ན་མ་ཐོ་བ་ཆེ་བའི་ཕྱིར་རོ། །ཁྱད་པར་བྱང་ཆུབ་སེམས་དཔའ་ནི་དགེ་མི་དགེའི་ཞིང་ཤིན་ཏུ་སྟོབས་ཆེ་སྟེ། འགའ་ཞིག་ཁྲོས་ནས་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་བཙོན་ར་མུན་ནག་ཏུ་བཅུག་པ་བས་ཁྲོས་ཏེ་བྱང་སེམས་ལ་རྒྱབ་ཀྱིས་ཕྱོགས་ཏེ་འདུག་ནས་མ་རུངས་པ་འདི་མི་ལྟའོ་ཞེས་ཟེར་ན་སྡིག་ཆེས་གྲངས་མེད་པ་སྐྱེད་པ་དང༌། མཆོད་རྟེན་གདྒཱའི་ཀླུང་གི་བྱེ་མ་སྙེད་བཤིག་པ་དང་བསྲེགས་པ་ལས་བྱང་སེམས་ལ་ཁོང་ཁྲོ་དང་གནོད་སེམས་བསྐྱེད་ཅིང་མི་སྙན་པར་སྨྲས་ན་སྡིག་ཆེ་བ་དང༌། བསོད་ནམས་བསགས་པའི་ཞིང་ཡང་དེ་བཞིན་མཆོག་ཏུ་གྱུར་པར་གསུངས་སོ། །གཉིས་པ་ནི། རིན་ཆེན་ཕུང་པོའི་མདོ་ལས། སྟོང་གསུམ་གྱིས་སེམས་ཅན་ཐམས་ཅད་སོ་སོ་ནས་སངས་རྒྱས་ཀྱི་མཆོད་རྟེན་རི་རབ་ཙམ་བྱེད་ལ། དེ་དག་ལའང་བསྐལ་པ་བྱེ་བ་སྙེད་དུ་བསྟི་སྟང་དུ་བྱ་བ་ཐམས་ཅད་ཀྱིས་བསྟི་སྟང་དུ་བྱེད་པ་ལས་བྱང་སེམས་ཀྱིས་ཐམས་ཅད་མཁྱེན་པའི་སེམས་དང་མ་བྲལ་བས་མེ་ཏོག་གཅིག་ཙམ་དོར་བ་བསོད་ནམས་མང་བར་གསུངས་ཏེ། དེ་བཞིན་དུ་ཐོབ་བྱ་མཆོག་དམན་དང་རང་གཞན་གྱི༼མཱ༡༦༠ན༽དོན་ལ་དམིགས་པ་སོགས་བསམ་པའི་ཁྱད་པར་ཅན་དང༌། དེའང་ཤུགས་དྲག་ཞན་དང་རྒྱུན་རིང་ཐུང་སོགས་ཀྱི་སྒོ་ནས་ཤེས་པར་བྱའོ། །ཉེས་སྤྱོད་ལའང་ཉོན་མོངས་པའི་བསམ་པ་ཤུགས་དྲག་པ་དང་རྒྱུན་རིང་བས་སྟོབས་ཆེ་ལ། དེའི་ནང་ནས་ཁོང་ཁྲོ་ཤིན་ཏུ་སྟོབས་ཆེ་སྟེ། སྤྱོད་འཇུག་ལས། བསྐལ་པ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེར་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང༌། །ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། །ཅེས་སོ། །དེའང་ཚངས་པ་མཚུངས་པར་སྤྱོད་པ་དང༌། དེ་ལས་ཀྱང་རྒྱལ་སྲས་ལ་ཁྲོ་བ་ནི་ཤིན་ཏུ་ལྕི་བར་གསུངས་སོ། །གསུམ་པ་ནི། ལྕགས་ཀྱི་གོང་བུ་ཆུང་ཡང་གཏིང་དུ་བྱིང་ལ། དེ་ཉིད་སྣོད་དུ་བྱས་པ་ནི་ཆ་ཡང་སྟེང་དུ་འཕྱོ་བ་བཞིན་དུ། མི་མཁས་པ་དང་མཁས་པས་བྱས་པའི་སྡིག་པ་ཡང་ལྕི་བ་དང་ཡང་བར་གསུངས་སོ། །དེའང་སྔ་མའི་ལས་ལ་འགྱོད་ནས་ཕྱི་མ་སྡོམ་ཞིང་སྡིག་པ་མི་གསང་བ་དེའི་གཉེན་པོ་དགེ་བ་བྱེད་པའི་མཁས་པ་ལ་ཡང་བར་གསུངས་ཀྱི། དེ་དག་མི་བྱེད་པར་ཁྱད་གསོད་ཀྱི་སྒོ་ནས་ཤེས་བཞིན་དུ་འཇུག་པར་མཁས་པར་རློམ་པ་ལ་ནི་ལྕི་བ་ཡིན་ནོ། །དགེ་བ་བྱེད་པ་ལའང་གནད་དོན་ཤེས་པའི་མཁས་པ་དང༌། སྡོམ་པ་དང་ལྡན་པ་དང༌། ཏིང་ངེ་འཛིན་གྱི་ཁྱད་པར་ཅན་དང་ལྡན་པ་རྣམས་རིམ་གྱིས་ཕན་ཡོན་འགྱུར་ཁྱད་ཆེ་བ་ཡིན་ནོ། །བཞི་པ་ནི། སེམས་ཅན་ལ་སྦྱིན་པ་གཏོང་བ་ལ་ཆོས་ཀྱི་སྦྱིན་པ་དང༌། སངས་རྒྱས་མཆོད་པ་ལ་སྒྲུབ་པའི་མཆོད་པ་ནི་ཟང་ཟིང་གི་སྦྱིན་པ་དང་མཆོད་པ་ལས་ཆེས་ཕུལ་དུ་བྱུང་བ་སྟེ་དེས་མཚོན་ནས་གཞན་ཡང་ཤེས་པར་བྱའོ། །ལས་ལམ་དེ་དག་གིས། རྣམ་སྨིན་གྱི་འབྲས་བུ། རྒྱུ་མཐུན་གྱི་འབྲས་བུ། བདག་པོའི་འབྲས་བུ་འབྱིན་པར་འགྱུར་ཏེ། དང་པོ་ནི། ལས་ལམ་བཅུ་པོ་རེ་རེ་ཡང་གཞི་དུག་གསུམ་ཆེ་འབྲིང་ཆུང་གསུམ་ལ་བསྟེན་པས་གསུམ་གསུམ་མོ། །དེ་ལ་སྲོག་གཅོད་༼མཱ༡༦༠བ༽སོགས་ཆེན་པོ་བཅུ་པོ་རེ་རེས་དམྱལ་བ། འབྲིང་བཅུ་པོ་རེ་རེས་ཡི་དྭགས། ཆུང་ངུ་བཅུ་པོ་རེ་རེས་དུད་འགྲོར་སྐྱེ་བར་སའི་དངོས་གཞིར་གསུངས་ལ། ས་བཅུ་པའི་མདོ་ལས་ནི་ཆུང་འབྲིང་གཉིས་ཀྱི་འབྲས་བུ་ལྡོག་སྟེ་གསུངས་སོ། །གཉིས་པ་ནི། ངན་འགྲོ་ནས་མིར་སྐྱེས་ཀྱང་རྗེས་སུ་འབྲང་བ་སྟེ། ཇི་སྐད་དུ། གསོད་པ་ཡིས་ནི་ཚེ་ཐུང་འགྱུར། །རྣམ་པར་འཚེ་བས་གནོད་པ་མང༌། །བརྐུས་པ་ཡིས་ནི་ལོངས་སྤྱོད་ཕོངས། །བྱི་བོ་བྱས་པས་དགྲ་ཟླར་བཅས། །རྫུན་དུ་སྨྲ་བས་སྐུར་བ་སྟེ། །ཕྲ་མ་ཡིས་ནི་བཤེས་དང་འབྱེད། །ཚིག་རྩུབ་ཉིད་ཀྱིས་མི་སྙན་ཐོས། །མ་འབྲེལ་བས་ནི་ཚིག་མི་བཙུན། །བརྣབ་སེམས་ཡིད་ལ་རེ་བ་འཇོམས། །གནོད་སེམས་འཇིག་པ་སྦྱིན་པར་བྱེད། །ལོག་པར་ལྟ་བས་ལྟ་ངན་ཉིད། །ཅེས་སོ། །གསུམ་པ་ནི། ཕྱི་རོལ་གྱི་ཡུལ་ལ་ཉེས་པ་འབྱུང་བ་སྟེ། ཕྱི་རོལ་གཟི་ཆུང་གནོད་པ་མང༌། །རྡུལ་འཁྲིགས་དྲི་ང་མཐོ་དམན་ཅན། །ཚྭ་སྒོ་ཅན་དང་ལོག་པ་དང༌། །འབྲས་བུ་ཕྲ་ཁ་ཆུང་ངམ་མེད། །ཅེས་གསུངས་པ་ལྟར་རོ། །དགེ་བའི་ལས་སྟོབས་ཆེ་ཆུང་སྔ་མས་རིགས་འགྲེ་ཞིང༌། རྣམ་སྨིན་ནི། དགེ་བའི་ལས་ཆུང་ངུ་དང་འབྲིང་དང་ཆེན་པོས་མི་དང་འདོད་ལྷ་དང་ཁམས་གོང་མ་གཉིས་ཀྱི་ལྷར་སྐྱེའོ། །རྒྱུ་མཐུན་དང་བདག་འབྲས་ནི་མི་དགེ་བ་ལས་བཟློག་སྟེ་སྦྱར་རོ། །དེ་དག་འཕེན་རྫོགས་ཀྱི་དབྱེ་བ་ནི། བདེ་འགྲོར་འཕེན་པའི་ལས་ནི་དགེ་བ་དང༌། ངན་འགྲོར་འཕེན་པའི་ལས་ནི་མི་དགེ་བ་ཡིན་ལ་རྫོགས་བྱེད་ལ་ངེས་པ་མེད་དེ་བདེ་འགྲོར་ཡང་ཡན་ལག་དང་ཉིང་ལག་དང་དབང་པོ་མ་ཚང་བ་དང་མདོག་མི་སྡུག་པ་དང༌། ཚེ་ཐུང་བ་དང༌། ནད་མང་བ་དང༌། དབུལ་བ་སོགས་ནི་མི་དགེ་བས་བྱེད་ལ་དུད་འགྲོ་དང་ཡི་དྭགས་ལའང་དཔལ་འབྱོར་ཕུན་སུམ་ཚོགས་པ་ཡོད་པ་ནི་དགེ་བས་བྱེད་པའོ། །དེ་ལྟར་འཕེན་བྱེད་དགེ་བས་འཕངས་པ་ལ་རྫོགས་བྱེད་དགེ་བས་རྫོགས་པ་དང་མི་དགེ་བས་རྫོགས་པ་གཉིས་༼མཱ༡༦༡ན༽དང༌། འཕེན་བྱེད་མི་དགེ་བས་འཕངས་པ་ལ་རྫོགས་བྱེད་མི་དགེ་བས་རྫོགས་པ་དང་དགེ་བས་རྫོགས་པ་གཉིས་ཏེ་མུ་བཞིའོ། །མྱོང་བར་ངེས་པ་དང་མ་ངེས་པ་གཉིས་ལས་མྱོང་ངེས་ནི་བསམ་བཞིན་དུ་བྱས་པ་དང་བསགས་པའོ། །མྱོང་བར་མ་ངེས་པ་ནི་བསམ་བཞིན་དུ་བྱས་ལ་མ་བསགས་པའོ། །བྱས་པ་དང་བསགས་པའི་ཁྱད་པར་ལ་བྱས་པ་ནི་བསམ་པའམ་བསམས་ནས་ཀྱང་ལུས་ངག་གིས་ཀུན་ནས་བསླང་བའོ། །བསགས་པ་ནི་རྨི་ལམ་དུ་བྱས་པ་སོགས་བཅུ་པོ་མ་གཏོགས་པའི་ལས་སོ། །མ་བསགས་པ་ནི་རྨི་ལམ་དུ་བྱས་པ་སོགས་རྣམ་པ་བཅུ་པོའོ། །མྱོང་ངེས་ལ་འབྲས་བུ་མྱོང་བའི་དུས་ཀྱི་སྒོ་ནས་གསུམ་སྟེ་མཐོང་ཆོས་ལ་མྱོང་བ་ནི་ལས་དེའི་འབྲས་བུ་ཚེ་འདི་ལ་མྱོང་བའོ། །སྐྱེས་ནས་མྱོང་གྱུར་ནི་ཚེ་གཉིས་པ་ལ་འབྲས་བུ་མྱོང་བའོ། །ལན་གྲངས་གཞན་ལ་མྱོང་བ་ནི་ཚེ་གསུམ་པ་ཕན་ཆད་དུ་མྱོང་བའོ། །དེ་དག་གི་ཚུལ་ལའང་ལེགས་པར་བསམ་པར་བྱའོ། །
གཉིས་པ་འཁོར་བའི་སྡུག་བསྔལ་བསམ་པ་ལ་གཉིས། སྡུག་བསྔལ་བརྒྱད་དང༌། སྤྱིའི་སྡུག་བསྔལ་གསུམ་བསམ་པའོ། །དང་པོ་ནི།
སྐྱེ་རྒ་ན་འཆི་སྡུག་པ་བྲལ་བ་དང༌། །མི་སྡུག་ཕྲད་ཅིང་འདོད་པ་བཙལ་མ་རྙེད། །
ཉེར་ལེན་ཕུང་པོ་སྡུག་བསྔལ།
ཞེས་པ་སྟེ། ངན་འགྲོ་སྡུག་བསྔལ་གྱི་རང་བཞིན་ཡིན་པ་རྟོགས་སླ་མོད། མཐོ་རིས་ནའང་བདེ་བ་མེད་ཅིང་སྤྱིར་འཁོར་བ་མཐའ་དག་སྡུག་བསྔལ་ཁོ་ནའི་རང་བཞིན་ཡིན་ཏེ། མགོན་པོ་བྱམས་པས། མི་གཙང་བ་ལ་དྲི་ཞིམ་མེད་བཞིན་འགྲོ་ལྔ་དག་ན་བདེ་བ་མེད། །དེ་ཡི་སྡུག་བསྔལ་རྟག་ཏུ་མེ་མཚོན་རྒྱ་ཚྭ་ལ་སོགས་རེག་སྐྱེས་བཞིན། །ཅེས་གསུངས་སོ། །དེ་ལ་སྡུག་བསྔལ་གྱི་གཙོ་བོ་ནི་བརྒྱད་དེ། དང་པོ་སྐྱེ་བ་སྡུག་བསྔལ་དང་ལྡན། སྐྱེ་བ་གནས་ངན་ལེན་དང་ལྡན། སྐྱེ་བ་སྡུག་བསྔལ་གྱི་གནས་སུ་གྱུར། སྐྱེ་བ་ཉོན་མོངས་ཀྱི་༼མཱ༡༦༡བ༽གནས་སུ་གྱུར། སྐྱེ་བ་མི་འདོད་བཞིན་དུ་འབྲལ་བའི་ཆོས་ཉིད་ཡིན་པས་སྡུག་བསྔལ་གྱི་ཡན་ལག་ལྔ་དང་ལྡན། གཉིས་པ་རྒས་པ་ལ་གཟུགས་ཉམས་པ། མཐུ་སྟོབས་ཉམས་པ། དབང་པོ་ཉམས་པ། ཡུལ་ལ་ལོངས་སྤྱད་པ་ཉམས་པ། ཚེ་ཡོངས་སུ་ཉམས་པ་སྟེ་ཡན་ལག་ལྔ། གསུམ་པ་ན་བ་ལ། ལུས་ཀྱི་རང་བཞིན་འགྱུར་བ། སྡུག་བསྔལ་དང་ཡིད་མི་བདེ་འཕེལ་བ། ཡུལ་གྱི་ལོངས་སྤྱོད་ཡིད་དུ་འོང་བ་ལ་སྤྱད་དབང་མེད་པ། ཡིད་དུ་མི་འོང་བ་བསྟེན་དགོས་པ། སྲོག་དང་འབྲལ་བར་ཉེ་བ་སྟེ་ཡན་ལག་ལྔ། བཞི་པ་འཆི་བ་ལ། ཉེ་དུ། འཁོར་གཡོག །ལོངས་སྤྱོད། རང་ལུས་ཏེ་ཕུན་སུམ་ཚོགས་པ་བཞི་དང་བྲལ་ལ། འཆི་བའི་ཚེ་སྡུག་བསྔལ་དང་ཡིད་མི་བདེ་བའི་ཚོར་བ་དྲག་པོ་མྱོང་བ་སྟེ་ཡན་ལག་ལྔ་པོ་རྣམས་ལ་སེམས་པའོ། །ལྔ་པ་མི་སྡུག་པ་དང་འཕྲད་པའི་སྡུག་བསྔལ་ལ་ལྔ་སྟེ། དགྲ་ལྟ་བུ་ལ་ཕྲད་པ་ཙམ་གྱིས་སྡུག་བསྔལ་དང་ཡིད་མི་བདེ་སྐྱེ་བ་དང༌། དེས་ཆད་པ་གཅོད་པ་སོགས་འཇིགས་པའི་གནས་སུ་གྱུར་པ་དང༌། གཏམ་ངན་པས་འཇིགས་པ་དང༌། ཉམ་ང་བཞིན་དུ་འཆི་བས་འཇིགས་པ་དང༌། ཆོས་དང་འགལ་བས་ཤི་བའི་འོག་ཏུ་ངན་འགྲོར་སོང་དོགས་ནས་འཇིགས་པ་སྟེ་དེ་དག་ལ་སེམས་པའོ། །དྲུག་པ་སྡུག་པ་དང་བྲལ་བའི་སྡུག་བསྔལ་ལ་ལྔ་སྟེ། ཆེས་ཕོངས་པའི་གཉེན་ལ་སོགས་པ་དང་བྲལ་ན་དེས་སེམས་ལ་མྱ་ངན་སྐྱེ་བ་དང༌། ངག་ཏུ་སྨྲེ་སྔགས་འདོན་པ་དང༌། ལུས་ལ་གནོད་པ་སྐྱེད་པ་དང༌། ཡུལ་དེའི་ཡོན་ཏན་དྲན་ཞིང་འདོད་པས་ཡིད་གདུང་བ་དང༌། དེའི་ལོངས་སྤྱོད་མ་ཚང་བ་སྟེ་དེ་རྣམས་སེམས་པའོ། །བདུན་པ་འདོད་པ་བཙལ་ཏེ་མ་རྙེད་པའི་སྡུག་བསྔལ་བསམ་པ་ལ་ལྔ་སྟེ། སྡུག་པ་དང་བྲལ་བ་དང་འདྲའོ། །དེའི་ངོ་བོ་ནི། སོ་ནམ་བྱས་ཀྱང་སྟོན་ཐོག་མ་གྲུབ་པ་དང༌། ཚོང་བྱས་ཀྱང་ཁེ་སྤོགས་མ་ཐོན་པ་སོགས་༼མཱ༡༦༢ན༽ཏེ། གང་ལ་རེ་བ་དེ་འབད་ནས་བཙལ་ཡང་མ་རྙེད་པས་ཡི་ཆད་པའི་སྡུག་བསྔལ་ལོ། །འདི་དག་སྐྱེ་བཞིས་བསྡུས་པའི་འགྲོ་བ་ཐམས་ཅད་ལ་ཡོད་མོད་ཀྱང་མི་ལ་གཙོ་ཆེར་སྦྱོར་དུ་ཡོད་པས་ཁ་ཅིག་གིས་མིའི་སྡུག་བསྔལ་ཁོ་ནར་བཞག་པའོ། །བརྒྱད་པ་མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་ཞེས་གསུངས་པའི་དོན་བསམ་པ་ལ་ལྔ་སྟེ། མངོན་པར་འགྲུབ་པའི་སྡུག་བསྔལ་གྱི་སྣོད་དང༌། མངོན་པར་གྲུབ་པ་ལ་བརྟེན་པའི་སྡུག་བསྔལ་གྱི་སྣོད་དང༌། སྡུག་བསྔལ་གྱི་སྡུག་བསྔལ་གྱི་སྣོད་དང༌། འགྱུར་བའི་སྡུག་བསྔལ་གྱི་སྣོད་དང༌། འདུ་བྱེད་ཀྱི་སྡུག་བསྔལ་གྱི་རང་བཞིན་དུ་གྱུར་པ་སྟེ་དེ་དག་ལ་ཡང་ཡང་སེམས་པའོ། །དེ་ལ་དང་པོ་ནི། ཉེར་ལེན་གྱི་ཕུང་པོ་འདི་བླངས་པ་ལ་བརྟེན་ནས་སྐྱེ་བ་ཕྱི་མ་ཕན་ཆད་ཀྱི་སྡུག་བསྔལ་རྣམས་འདྲེན་པའོ། །གཉིས་པ་ནི། ཕུང་པོ་གྲུབ་ཟིན་ལ་བརྟེན་པའི་ན་རྒ་སོགས་ཀྱི་རྟེན་དུ་གྱུར་པའོ། །གསུམ་པ་དང་བཞི་པ་ནི། སྡུག་བསྔལ་གཉིས་པོ་དེའི་གནས་ངན་ལེན་རྗེས་སུ་འབྲེལ་བས་དེ་གཉིས་སྐྱེད་པའོ། །ལྔ་པ་ནི། ཉེར་ལེན་གྱི་ཕུང་པོ་གྲུབ་ཙམ་གྱིས་འདུ་བྱེད་སྡུག་བསྔལ་གྱི་རང་བཞིན་དུ་སྐྱེ་སྟེ། ལས་ཉོན་སྔ་མའི་གཞན་དབང་དུ་གྱུར་པའི་འདུ་བྱེད་ཐམས་ཅད་འདུ་བྱེད་ཀྱི་སྡུག་བསྔལ་ཡིན་པའི་ཕྱིར་རོ། །ཉེར་ལེན་གྱི་ཕུང་པོའི་རང་བཞིན་གྱི་འཁོར་བ་ལ་སྐྱོ་བ་རྣལ་མ་ཞིག་མ་སྐྱེས་ན་ཐར་པ་དོན་གཉེར་གྱི་བློ་རྣལ་མ་སྐྱེ་བ་མེད་ཅིང་སེམས་ཅན་འཁོར་བར་འཁྱམས་པ་ལ་སྙིང་རྗེ་ཆེན་པོ་ཡང་སྐྱེ་ཐབས་མེད་པས། ཐེག་པ་ཆེ་ཆུང་གང་དུ་འཇུག་ཀྱང་བསམ་པ་འདི་ཤིན་ཏུ་གལ་ཆེའོ། །
གཉིས་པ་སྤྱིའི་སྡུག་བསྔལ་གསུམ་བསམ་པ་ནི།
ཐམས་ཅད་ཀྱང༌། །
ཡིད་བརྟན་མེད་ཅིང་མི་ངོམས་ཐོག་མེད་ཞུགས། །སྡུག་བསྔལ་གསུམ་བསམ་འཁོར་བར་བློ་ལྡོག་གོ །
འཁོར་བ་པའི་འགྲོ་བ་ཐམས་ཅད་ཀྱང༌། ངེས་པ་མེད་པ་དང༌། ངོམས་མི་ཤེས་པ་དང༌། ལུས་ཡང་དང་ཡང་དུ་འདོར་བ་དང༌། ཡང་དང་ཡང་དུ་ཉིང་མཚམས་སྦྱོར་བ་དང༌། ཡང་དང་ཡང་དུ་མཐོ་དམན་དུ་འགྱུར་བ་དང༌། གྲོགས་མེད་༼མཱ༡༦༢བ༽པའི་ཉེས་པ་དྲུག་བཤེས་སྤྲིང་ལས་གསུངས་པ་ནི། བསྡུ་ན་གསུམ་དུ་འདུ་སྟེ། འཁོར་བ་ལ་ཡིད་བརྟན་བྱས་མེད་པ་དང༌། དེའི་བདེ་བ་ལ་ཇི་ཙམ་དུ་སྤྱད་ཀྱང་ངོམས་པའི་མཐའ་མེད་པ་དང༌། ཐོག་མ་མེད་པ་ནས་ཞུགས་པའོ། །དང་པོ་ལ་བཞི་ལས། ལུས་ཐོབ་པ་ལ་ཡིད་བརྟན་མི་རུང་བ་ནི་ཡང་དང་ཡང་དུ་ལུས་འདོར་བའོ། །ཕན་གནོད་བྱེད་པ་ལ་ཡིད་བརྟན་མི་རུང་བ་ནི་ཕ་བུ་དང༌། མ་ཆུང་མར་འགྱུར་བ་དང༌། དགྲ་བཤེས་སུ་འགྱུར་བ་སོགས་ངེས་པ་མེད་པའོ། །ཕུན་ཚོགས་ཐོབ་པ་ལ་ཡིད་བརྟན་མི་རུང་བ་ནི་མཐོ་ས་ནས་དམའ་སར་ལྟུང་བའོ། །འགྲོགས་པ་ལ་ཡིད་བརྟན་མི་རུང་བ་ནི། གྲོགས་མེད་པར་འགྲོ་བའོ། །གཉིས་པ་ནི། སྔོན་དང་ཕྱི་མའི་མཐའ་མི་མངོན་པར་ཡོངས་སུ་འཁོར་བ་ན་ལྷ་དང་མིའི་དབང་ཕྱུག་དག་ཏུ་གྱུར་ནས་འདོད་པའི་དགའ་བདེ་དཔག་ཏུ་མེད་པ་ལ་ལོངས་སྤྱད་ཀྱང་ལན་ཚྭའི་ཆུ་འཐུང་བའམ་གཡན་པ་ཕྲུག་པ་ལྟར་ཅུང་ཟད་ཀྱང་ངོམས་མ་ཤེས་པས་སྲེད་པ་ཇེ་འཕེལ་དུ་འགྱུར་བའོ། །གསུམ་པ་ནི། ཡང་ཡང་ཉིང་མཚམས་སྦྱོར་བ་སྟེ་སྐྱེ་བ་བརྒྱུད་པའི་མཐའ་མི་མངོན་པའོ། །མིའི་སྡུག་བསྔལ་གཞན་ཡང་ཚོགས་ཀྱི་གཏམ་ལས། ངན་འགྲོའི་སྡུག་བསྔལ་མ་ལུས་པ། །མི་རྣམས་ལ་ཡང་ཡོད་པར་སྣང༌། །སྡུག་བསྔལ་གཟིར་བས་དམྱལ་བར་མཚུངས། །དབུལ་བས་གཤིན་རྗེའི་འཇིག་རྟེན་པ། །མི་ཡི་དུད་འགྲོའི་སྡུག་བསྔལ་ཡང༌། །མཐུ་ལྡན་སྟོབས་ཀྱི་མཐུ་མེད་པར། །རྣམ་པར་གནོན་ཞིང་འཚེ་བ་དག །ཆུ་བོ་ལྟ་བུ་ཉིད་ཡིན་ནོ། །ཞེས་དང༌། བཞི་བརྒྱ་པ་ལས། མཆོག་ལ་ཡིད་ཀྱི་སྡུག་བསྔལ་ཏེ། །ཐ་མལ་རྣམས་ལ་ལུས་སྐྱེས་སོ། །སྡུག་བསྔལ་ཉིད་ཀྱིས་འཇིག་རྟེན་འདི། །ཉིན་རེ་ཉིན་རེ་འཇོམས་པར་བྱེད། །ཅེས་གསུངས་པ་ལྟར་དང༌། ལྷ་མ་ཡིན་རྣམས་ལྷའི་དཔལ་འབྱོར་མི་བཟོད་པའི་ཕྲག་དོག་གིས་ཡིད་གདུང་ལ། དེ་ལ་བརྟེན་ནས་ལྷ་དང་འཐབ་པ་ན་ལུས་བཅད་པ་དང་བྲལ་བ་སོགས་ཀྱི་སྡུག་༼མཱ༡༦༣ན༽བསྔལ་དུ་མ་མྱོང་བ་དང༌། དེ་རྣམས་ཤེས་རབ་དང་ལྡན་ཡང་རྣམ་སྨིན་གྱི་སྒྲིབ་པ་ཅན་ཡིན་པས་རྟེན་དེ་ལ་བདེན་པ་མཐོང་མི་རུང་བར་གསུངས། འདོད་པའི་ལྷ་རྣམས་ཀྱང་འཆི་འཕོ་བ་དང་ལྟུང་བའི་སྡུག་བསྔལ། སྤ་ཀོང་བའི་སྡུག་བསྔལ། བཅད་པ་དང་འདྲལ་བ་དང་གསོད་པ་དང་སྤྱུགས་པའི་སྡུག་བསྔལ་རྣམས་ཡོད་ཅིང༌། ཁམས་གོང་མ་གཉིས་ཀྱི་ལྷ་རྣམས་ལ་སྡུག་བསྔལ་གྱི་སྡུག་བསྔལ་མེད་ཀྱང༌། ཉོན་མོངས་པ་དང་ལྡན་ཞིང་སྒྲིབ་པ་དང་བཅས་ལ། འཆི་འཕོ་བ་དང་གནས་པ་ལ་རང་དབང་མེད་པས་གནས་ངན་ལེན་གྱིས་ནི་སྡུག་བསྔལ་ལོ། །མདོར་ན་ཁམས་གསུམ་གནས་རིས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གསུམ་གྱི་རྒྱ་མཚོར་རྟག་ཏུ་གཡེང་བའི་ཚུལ་ལ་བསམ་སྟེ་འཁོར་བ་ལས་བློ་ལྡོག་གོ །
གསུམ་པ་ཞི་བདེ་ལས་བློ་ལྡོག་པ་ནི།
རྒྱུ་འབྲས་མན་ངག་བདུན་གྱིས་གཞན་དོན་བློ། །སྐྱེ་གཞི་སེམས་སྙོམས་པ་དང་ཡིད་འོང་བསྒྲུབ། །
བྱང་ཆུབ་དོན་གཉེར་བྱམས་དང་སྙིང་རྗེ་ཆེ། །ལྷག་པའི་བསམ་པས་ཞི་བདེར་བློ་ལྡོག་བྱ། །
དེ་ལྟར་འཁོར་བའི་ཉེས་དམིགས་བསྒོམས་པས་སྲིད་པ་ཐམས་ཅད་མེའི་འོབས་ལྟར་མཐོང་སྟེ་ཉོན་མོངས་པ་དང༌། སྡུག་བསྔལ་ཉེ་བར་ཞི་བའི་ཐར་པ་ཐོབ་འདོད་ཀྱིས་ཡིད་ཀུན་ཏུ་གདུངས་བ་དེས། ལམ་བསླབ་པ་གསུམ་ལ་བསླབ་ན་འཁོར་བ་ལས་གྲོལ་བའི་ཐར་པ་འཐོབ་ཅིང༌། དེའང་མཐོ་རིས་ཀྱི་དཔལ་ལྟར་སླར་ལྡོག་པའང་མ་ཡིན་མོད། འོན་ཀྱང་སྐྱོན་ཟད་པ་དང་ཡོན་ཏན་ཐོབ་པ་ཕྱོགས་རེ་བ་ཡིན་པས་རང་དོན་མ་རྫོགས་ལ། དེ་ཉིད་ཀྱིས་ན། གཞན་དོན་ཡང་ཉི་ཚེ་བར་ཟད་ཅིང་མཐར་སངས་རྒྱས་ཀྱིས་བསྐུལ་ནས་ཐེག་ཆེན་དུ་འཇུག་དགོས་པར་རིགས་ཤིང༌། དེའི་འཇུག་སྒོ་ནི་བྱང་ཆུབ་ཀྱི་སེམས་ཁོ་ན་ཡིན་ལ། དེ་རྒྱུད་ལ་ནམ་སྐྱེས་པ་༼མཱ༡༦༣བ༽ན་ཐེག་ཆེན་པར་འཇོག་གོ །འདི་ལ་སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ། །ཞེས་གསུངས་ཏེ། དེའང་ནས་ཀྱི་ས་བོན་ནི་རྐྱེན་སུ་དང་ཚོགས་ཀྱང་འབྲས་ལ་སོགས་པའི་མྱུ་གུའི་རྒྱུར་མི་རུང་བས་ན་མྱུ་གུའི་རྒྱུ་ཐུན་མོང་མིན་པ་ཡིན་ལ། དེས་ཟིན་པའི་ཆུ་ལུད་སོགས་ཀྱང་ནས་ཀྱི་མྱུ་གུའི་རྒྱུར་འགྱུར་བ་དེ་བཞིན་དུ་བླ་མེད་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་མྱུ་གུའི་རྒྱུའི་ནང་ནས་ས་བོན་ལྟ་བུ་ཐུན་མོང་མ་ཡིན་པའི་རྒྱུ་ཡིན་ལ། སྟོང་ཉིད་རྟོགས་པའི་ཤེས་རབ་ནི་ཆུ་ལུད་སོགས་དང་འདྲ་བར་བྱང་ཆུབ་གསུམ་ཀའི་རྒྱུ་ཐུན་མོང་བ་ཡིན་ནོ། །དེའི་ཕྱིར་རྒྱུད་བླ་མ་ལས་ཀྱང༌། ཐེག་མཆོག་ལ་མོས་ས་བོན་ཤེས་རབ་ནི། །སངས་རྒྱས་ཆོས་སྐྱེད་མ་དང༌། ཞེས་ཐེག་པ་མཆོག་ལ་མོས་པ་ནི་ཕའི་ས་བོན་དང༌། བདག་མེད་རྟོགས་པའི་ཤེས་རབ་ནི་མ་ལྟ་བུར་གསུངས་ཏེ། དཔེར་ན་ཕ་བོད་ལ་བུ་རྒྱ་ཧོར་སོགས་སྐྱེ་མི་སྲིད་པས་ཕ་ནི་བུའི་རིགས་ངེས་པའི་རྒྱུ་ཡིན་ལ། མ་བོད་ལ་ནི་བུ་སྣ་ཚོགས་པ་སྐྱེ་བས་ཐུན་མོང་གི་རྒྱུར་འགྱུར་བ་བཞིན་ནོ། །ཀླུ་སྒྲུབ་ཀྱིས་ཀྱང༌། སངས་རྒྱས་རང་སངས་རྒྱས་རྣམས་དང༌། །ཉན་ཐོས་རྣམས་ཀྱི་ངེས་བསྟན་པ། །ཐར་པའི་ལམ་ནི་གཅིག་ཉིད་ཁྱོད། །གཞན་དག་མེད་ཅེས་བྱ་བར་ངེས། །ཞེས་ཤེར་ཕྱིན་ལ་བསྟོད་པས། ཉན་རང་རྣམས་ཀྱང་དེ་ལ་བརྟེན་ལ། དེས་ན་ཤེར་ཕྱིན་ལ་ཡུམ་ཞེས་ཀྱང་གསུངས་པས། ཐེག་པ་ཆེ་ཆུང་གཉིས་ཀའི་སྲས་ཀྱི་ཡུམ་ཡིན་པའི་ཕྱིར་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཐེག་པ་ཆེ་ཆུང་འབྱེད་པ་མིན་གྱི། བྱང་ཆུབ་ཀྱི་སེམས་དང་སྤྱོད་པ་རླབས་ཆེ་བ་རྣམས་ཀྱི་འབྱེད་པ་ཡིན་ནོ། །དེའི་ཕྱིར་ཐོག་མར་བྱང་ཆུབ་ཀྱི་སེམས་སྦྱང་དགོས་པས། དེའི་མན་ངག་ལ་ཇོ་བོ་རྗེ་ནས་བརྒྱུད་པ་ལ་ལུགས་གཉིས། ཤ་ར་བའི་སློབ་མ་གཏུམ་སྟོན་བློ་གྲོས་༼མཱ༡༦༤ན༽གྲགས་ནས་བརྒྱུད་པ་ལ་རྒྱུ་འབྲས་རིམ་པ་ལྔ་སྟེ། བདག་སངས་རྒྱས་ཐོབ་དགོས་པ་ལ་སངས་རྒྱས་ཀྱི་རྒྱུར་བྱང་ཆུབ་ཀྱི་སེམས་དགོས་པར་འདུག །དེའི་རྒྱུར་སྙིང་རྗེ་དགོས་པར་འདུག །དེའི་རྒྱུར་བྱམས་པ་དགོས་པར་འདུག །དེའི་རྒྱུར་བྱས་པ་ཤེས་ཤིང་དྲིན་དུ་གཟོ་བ་དགོས་པར་འདུག །དེའི་རྒྱུ་སེམས་ཅན་ཐམས་ཅད་ཕ་མར་ཤེས་པ་དགོས་པར་འདུག །སེམས་ཅན་ཐམས་ཅད་ཕ་མ་ཡིན་དྲིན་རེ་ཆེ། འདི་རྣམས་སྡུག་བསྔལ་དང་བྲལ། བདེ་ཞིང་སྐྱིད་ན་ཅི་མ་རུང༌། འདི་རྣམས་བདེ་བ་ལ་འགོད་པའི་ཕྱིར་སངས་རྒྱས་ཐོབ་པར་བྱའོ། །སངས་རྒྱས་ཐོབ་ནས་ཀྱང་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་བཞག་པར་བྱའོ་སྙམ་དུ་བསམ་པའོ། །ཡང་བྱ་ཡུལ་བའི་སློབ་མ་གཙང་པ་རིན་པོ་ཆེ་ནས་བརྒྱུད་པ་ལ་རྒྱུ་འབྲས་མན་ངག་བདུན་ལ་བློ་སྦྱོང་བར་གསུངས་ཏེ། དེའི་དབང་དུ་བྱས་ན། འཐོབ་བྱའི་སངས་རྒྱས་ཉིད། རྒྱུ་མེད་རྐྱེན་མེད་ལས་མ་ཡིན་ཏེ་རྒྱུ་བྱང་ཆུབ་ཀྱི་སེམས་ལས་སྐྱེ། དེ་ལྷག་པའི་བསམ་པ་རྣམ་པར་དག་པར་ལས་སྐྱེ། དེ་སྙིང་རྗེ་ཆེན་པོ་ལས་སྐྱེ། དེ་བྱམས་པ་ཆེན་པོ་ལས་སྐྱེ། དེ་ཡིད་དུ་འོང་བ་ལས་སྐྱེ། དེ་བྱས་པ་ཤེས་ཤིང་དྲིན་དུ་གཟོ་བ་ལས་སྐྱེ། དེ་མའི་འདུ་ཤེས་བསྒོམས་པ་ལས་སྐྱེ་བར་གསུངས་སོ། །དེའང་གཞན་དོན་གྱི་བློ་སྐྱེ་བའི་གཞི། རང་ཉིད་སེམས་ཅན་ལ་ཆགས་སྡང་དང་བྲལ་བའི་སེམས་སྙོམས་པ་བསྒྲུབ་སྟེ། དེའང་ཐོག་མར་ཕན་གནོད་གང་ཡང་མ་བྱས་པའི་བར་མ། དེ་ནས་མཛའ་བཤེས། དེ་ནས་གནོད་བྱེད་ཀྱི་དགྲ། དེ་ནས་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་བསྒོམས་ཏེ། དེའང་སེམས་ཅན་གྱི་ངོས་ནས་ནི་ཐམས་ཅད་བདེ་བ་འདོད་སྡུག་བསྔལ་མི་འདོད་པར་མཚུངས་པས་ན། ཁ་ཅིག་ལ་ཉེ་བར་བཟུང་ནས་ཕན་འདོགས་ཤིང༌། ཁ་ཅིག་ལ་རིང་བར་བཟུང་ནས་གནོད་པ་བྱེད་༼མཱ༡༦༤བ༽པའམ། ཕན་པ་མི་བྱེད་པ་མི་རིགས་སོ་སྙམ་པ་དང༌། རང་གི་ངོས་ནས་ནི་ཐོག་མ་མེད་པ་ནས་འཁོར་བ་ན་སེམས་ཅན་གང་ལས་བརྒྱར་བདག་གི་གཉེན་དུ་མ་གྱུར་པ་ནི་གང་ཡང་མེད་པས། གང་ལ་ནི་ཆགས་པར་བྱ་ལ། གང་ལ་ནི་སྡང་བར་བྱ་སྙམ་དུ་སེམས་པའོ། །ཞེས་སྒོམ་རིམ་བར་པ་ལས་གསུངས་པ་ལྟར་རོ། །དེ་ནས་ཐམས་ཅད་ཡིད་འོང་གི་རྣམ་པ་ཅན་དུ་བསྒྲུབས་ཏེ། དེའང་སེམས་ཅན་རེ་རེ་བཞིན་ཡང་རང་གི་མར་བསམ་པ། དེའི་དྲིན་དྲན་པ། དེའི་ཕྱིར་དེ་ཉིད་འཁོར་བ་ནས་འདོན་པའི་དྲིན་གཟོ་བྱ་དགོས་པར་བསམ་མོ། །འཁོར་བ་ལས་སྒྲོལ་བའི་ཐབས་བདག་ཉིད་བྱང་ཆུབ་ཆེན་པོའི་གོ་འཕང་དོན་དུ་གཉེར་བར་འདོད་པས། དེའི་རྒྱུ་སེམས་ཅན་རྣམས་ལ་བྱམས་པ་དང༌། སྙིང་རྗེ་དང༌། ལྷག་པའི་བསམ་པ་བསྒོམས་ལ་བློ་སྦྱང་བར་བྱའོ། །དེ་ལ་བྱམས་པའི་དམིགས་པ་ནི། བདེ་བ་དང་མི་ལྡན་པའི་སེམས་ཅན་ནོ། །རྣམ་པ་ནི་བདེ་བ་དང་ཕྲད་ན་ཅི་མ་རུང༌། བདེ་བ་དང་ཕྲད་པར་གྱུར་ཅིག་སྙམ་པ་དང༌། བདེ་བ་དང་ཕྲད་པར་བྱའོ་སྙམ་པའོ། །ཕན་ཡོན་ནི། རིན་ཆེན་ཕྲེང་བ་ལས། རྫེའུ་ཚོད་སུམ་བརྒྱའི་ཁ་ཟས་དག །ཉིན་རེ་དུས་གསུམ་བྱིན་པས་ཀྱང༌། །བྱམས་པ་ཡུད་ཙམ་ཐང་གཅིག་གི །བསོད་ནམས་དག་ལ་ཆར་མི་ཕོད། །ལྷ་མི་བྱམས་པར་འགྱུར་བ་དང༌། །དེ་དག་ཀྱང་ནི་སྲུང་བ་དང༌། །ཡིད་བདེ་བ་དང་བདེ་མང་དང༌། །དུག་དང་མཚོན་གྱིས་གནོད་མེད་དང༌། འབད་པ་མེད་པར་དོན་འཐོབ་དང༌། །ཚངས་པའི་འཇིག་རྟེན་སྐྱེ་འགྱུར་ཏེ། །གལ་ཏེ་གྲོལ་བར་མ་གྱུར་ཀྱང༌། །བྱམས་ཆོས་ཡོན་ཏན་བརྒྱད་ཐོབ་བོ། །ཞེས་གསུངས་པས་མཚོན་མཐའ་ཡས་སོ། །སྒོམ་པའི་རིམ་པ་ནི་ཐོག་མར་མཛའ་བཤེས་དང༌། དེ་ནས་བར་མ་དང༌། དེ་ནས་དགྲ་ལ་བསྒོམ་པར་བྱ་ཞིང༌། དེ་ནས་སེམས་ཅན་ཐམས་ཅད་༼མཱ༡༦༥ན༽ལ་རིམ་པ་བཞིན་དུ་བསྒོམ་མོ། །སྒོམ་ཚུལ་ནི་ཇི་ལྟར་སེམས་ཅན་སྡུག་བསྔལ་གྱིས་སྡུག་བསྔལ་བའི་ཚུལ་ཡང་ཡང་བསམ་ན་སྙིང་རྗེ་སྐྱེ་བ་ལྟར། སེམས་ཅན་ལ་ཟག་བཅས་ཟག་མེད་ཀྱི་བདེ་བ་མེད་ཅིང༌། བདེ་བས་ཕོངས་ལུགས་རྣམས་ཡང་ཡང་བསམ་སྟེ། དེ་གོམས་པ་ན་བདེ་བ་དང་ཕྲད་འདོད་ངང་གིས་འབྱུང་ལ། དེའང་དགེ་བ་སྣ་ཚོགས་པ་རྣམས་ཡིད་ལ་བྱས་ནས་དེ་དག་སེམས་ཅན་རྣམས་ལ་བསྟབ་པར་བྱའོ། །སྙིང་རྗེའི་དམིགས་པ་ནི། སྡུག་བསྔལ་གསུམ་གྱིས་ཅི་རིགས་པར་སྡུག་བསྔལ་བའི་སེམས་ཅན་ནོ། །རྣམ་པ་ནི་སྡུག་བསྔལ་དེ་དག་དང་བྲལ་ན་སྙམ་པ་དང༌། བྲལ་བར་གྱུར་ཅིག་སྙམ་པ་དང༌། དབྲལ་བར་བྱའོ་སྙམ་པའོ། །སྒོམ་པའི་རིམ་པ་ནི། ཐོག་མར་མཛའ་བཤེས་དང༌། དེ་ནས་བར་མ་དང༌། དེ་ནས་དགྲ་དང༌། དེ་ནས་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ལའང་བསྒོམ་མོ། །དེ་ལྟར་བཏང་སྙོམས་དང༌། བྱམས་པ་དང༌། སྙིང་རྗེ་ལ་ཡུལ་སོ་སོར་ཕྱེ་ནས་རིམ་ཅན་དུ་བསྒོམ་པ་དེ་ནི་ཆོས་མངོན་པའི་མདོའི་རྗེས་སུ་འབྲངས་ནས་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ་ཡིན་ལ་གནད་ཤིན་ཏུ་ཟབ་པའོ། །སྒོམ་ཚུལ་ནི་མར་གྱུར་པའི་སེམས་ཅན་དེ་རྣམས་སྲིད་པར་ལྟུང་ནས་སྤྱི་དང་སོ་སོའི་སྡུག་བསྔལ་ཇི་ལྟར་ཉམས་སུ་མྱོང་བ་རྣམས་ལ་སེམས་པའོ། །སྙིང་རྗེ་སྐྱེས་པའི་ཚད་ནི། སྒོམ་རིམ་དང་པོ་ལས། གང་གི་ཚེ་ཡིད་དུ་འོང་བའི་བུ་མི་བདེ་བ་བཞིན་དུ་སེམས་ཅན་ཐམས་ཅད་ལའང་སྡུག་བསྔལ་གཏན་ནས་བྱང་བར་འདོད་པའི་རྣམ་པའི་སྙིང་རྗེ་རང་གི་ངང་གིས་འཇུག་པ་བདག་ཉིད་ཀྱིས་མཚུངས་པར་འཇུག་པར་འགྱུར་བ་དེའི་ཚེ། དེ་རྫོགས་པ་ཡིན་པས་སྙིང་རྗེ་ཆེན་པོའི་མིང་འཐོབ་སྟེ། ཞེས་གསུངས་ཏེ། འདི་བྱམས་པ་ཆེན་པོ་སྐྱེས་པའི་ཚད་ཀྱང་རིག་པར་བྱའོ། །ལྷག་པའི་བསམ་པ་ནི། དེ་ལྟར་བྱམས་པ་དང་སྙིང་རྗེ་བསྒོམས་པའི་མཐར། ཀྱེ་༼མཱ༡༦༥བ༽མ་བདག་ལ་སྡུག་ཅིང་ཡིད་དུ་འོང་བའི་སེམས་ཅན་འདི་དག་འདི་ལྟར་བདེ་བས་ཕོངས་པ་དང༌། སྡུག་བསྔལ་གྱིས་མནར་ན་འདི་དག་ཇི་ལྟར་བདེ་བ་དང་ཕྲད་པ་དང༌། སྡུག་བསྔལ་ལས་ཐར་བར་བྱ་སྙམ་དུ་སེམས་ཤིང༌། དེ་དག་སྒྲོལ་བའི་ཁུར་ཁྱེར་བ་ལ་ཐ་ན་ཚིག་ཙམ་གྱིས་ཀྱང་བློ་སྦྱོང་ལ་དེ་དག་གནས་སྐབས་ཀྱི་བདེ་བ་མཐོ་རིས་དང༌། ཐར་པ་ཉི་ཚེ་བ་ཙམ་མ་ཡིན་པར་བྱང་ཆུབ་ཆེན་པོ་ཁོ་ན་ལ་འགོད་པར་འདོད་པའི་བསམ་པ་དང་མ་བྲལ་བ་ནི། ལྷག་པའི་བསམ་པ་ཁྱད་པར་དུ་འཕགས་པ་སྟེ། དེའང་ཉན་རང་གི་འཕགས་པ་དག་ཀྱང་འཁོར་བར་མི་ལྡོག་ཅིང་སྤྲོས་མེད་ལ་སེམས་ངང་གིས་གནས་པ་དང་ཡོན་ཏན་དུ་མ་དང་ཡང་ལྡན་པ་ཡིན་པས། རང་ཅག་སོ་སོ་སྐྱེ་བོ་ལ་ལྟོས་ན་བློས་མི་འཁྱུད་པའི་རྔམ་ཆེན་ཡིན་མོད་ཀྱི། སངས་རྒྱས་བྱང་སེམས་རྣམས་ཀྱིས་སྒྲིབ་པ་གཉིས་སྤང་ཚུལ་དང༌། ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་རྒྱས་ཚུལ་དང༌། ཡོན་ཏན་མུ་མཐའ་མེད་པ་མངའ་ཚུལ་དང༌། ཐུགས་རྗེའི་ཤུགས་དང་ནུས་མཐུའི་རྩལ་རྟོགས་པར་དཀའ་བ་བཞུགས་ཚུལ་དང༌། ཕྱོགས་ཐམས་ཅད་ལ་དུས་ཐམས་ཅད་དུ་སེམས་ཅན་གྱི་དོན་སྤྱོད་པའི་ཕྲིན་ལས་འཇུག་ཚུལ་བསམ་གྱིས་མི་ཁྱབ་པ་རྣམས་དང་བསྐྲུན་ན། ཉན་རང་གི་རྣམ་གྲོལ་དེ་ཆེས་ཆུང་བར་འདུག་སྟེ། དཔེར་ན་རི་རབ་དང་ཉུངས་ཀར་གྱི་ཁྱད་ལས་ཀྱང་ཁྱད་པར་ཆེ། དེས་ན་རང་དོན་སྤངས་རྟོགས་ཐམས་ཅད་ཡོངས་སུ་རྫོགས་ནས་གཞན་དོན་ཕྲིན་ལས་ཟད་པ་མེད་པའི་རང་བཞིན་ཅན་ཐར་པའི་མཆོག་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ། ཇི་ལྟར་བྱས་ན་བདག་སངས་རྒྱས་ཐོབ་པར་གྱུར་ཅིག་གུ་སྙམ་དུ་ཡང་ཡང་བསམ་ནས་དམན་པའི་ཞི་བདེ་ལས་བློ་ལྡོག་པར་བྱའོ། །
བཞི་པ་གཟུང་འཛིན་ལས་བློ་ལྡོག་པ་ནི།
ཆོས་ཀུན་རང་བཞིན་སྐྱེ་བ་མེད་པའི་དོན། །སོར་རྟོག་གིས་དཔྱོད་གཟུང་འཛིན་བློ་ལྡོག་བྱ། །
ཀུན་ནས་ཉོན་མོངས་པ་དང་རྣམ་པར་༼མཱ༡༦༦ན༽བྱང་བའི་ཆོས་ཀུན་གྱི་རང་བཞིན་གདོད་མ་ནས་སྐྱེ་བ་མེད་པའི་དོན་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཡང་དང་ཡང་དུ་རྟོག་ཅིང་དཔྱོད་པས། དེ་ལས་འཕགས་པའི་ཡེ་ཤེས་སྐྱེ་ཞིང་འདི་ལྟར་སྣང་བའི་གཟུང་འཛིན་གྱི་འཁྲུལ་པ་མཐའ་དག་ལས་བློ་ལྡོག་པར་འགྱུར་ཏེ། དེའི་ཡུལ་བདེན་པ་གཉིས་ལ་སོགས་པ་གོང་དུ་སྨོས་ཟིན་ཅིང༌། ཡུལ་ཅན་སོར་རྟོག་ཉིད་བསམ་བྱུང་གི་ཤེས་རབ་སྐྱེད་པ་ལ་གལ་ཆེ་བ་ནི། འོད་སྲུངས་ལེའུ་ལས། འོད་སྲུངས་འདི་ལྟ་སྟེ། དཔེར་ན་ཤིང་གཉིས་རླུང་གིས་དྲུད་པ་དེ་ལས་མེ་འབྱུང་སྟེ། བྱུང་ནས་ཤིང་གཉིས་སྲེག་པ་དེ་བཞིན་དུ། འོད་སྲུངས་ཡང་དག་པར་སོ་སོར་རྟོག་པ་ཡོད་ན་འཕགས་པའི་ཤེས་རབ་ཀྱི་དབང་པོ་སྐྱེ་སྟེ། དེ་སྐྱེས་པས་ཡང་དག་པར་སོ་སོར་རྟོག་པ་དེ་ཉིད་སྲེག་པར་བྱེད་དོ། །ཞེས་སོ་སོར་རྟོག་པ་ལས་འཕགས་པའི་ཤེས་རབ་སྐྱེ་བར་གསུངས་ལ། སྒོམ་རིམ་བར་པ་ལས་ཀྱང༌། དེས་དེ་ལྟར་ཤེས་རབ་ཀྱིས་རྣམ་པར་དཔྱད་དེ་གང་གི་ཚེ་རྣལ་འབྱོར་པས་དངོས་པོ་གང་གི་ངོ་བོ་ཉིད་དོན་དམ་པར་ངེས་པར་མི་འཛིན་པ་དེའི་ཚེ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་འཇུག་གོ །ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པ་ཉིད་ཀྱང་རྟོགས་སོ། །གང་ཞིག་ཤེས་རབ་ཀྱི་དངོས་པོའི་ངོ་བོ་ཉིད་སོ་སོར་བརྟགས་ནས་མི་སྒོམ་གྱི། ཡིད་ལ་བྱེད་པ་ཡོངས་སུ་སྤངས་པ་ཙམ་འབའ་ཞིག་སྒོམ་པར་བྱེད་པ་དེས་རྣམ་པར་རྟོག་པ་ནམ་ཡང་མི་ཟློག་ཅིང༌། ངོ་བོ་ཉིད་མེད་པ་ཉིད་ནམ་ཡང་རྟོགས་པར་མི་འགྱུར་ཏེ། ཤེས་རབ་ཀྱི་སྣང་བ་མེད་པའི་ཕྱིར་རོ། །འདི་ལྟར་ཡང་དག་པར་སོ་སོར་རྟོག་པ་ཉིད་ལས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་མེ་བྱུང་ན་གཙུབ་ཤིང་གཙུབས་པའི་མེ་བཞིན་དུ་རྟོག་པའི་ཤིང་སྲེག་གོ །ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །ཞེས་སོ། །སྒོམ་པ་ལའང་བསམ་པ་གལ་ཆེ་བ་ནི། དམ་པ་སྔ་མ་རྣམས་ཀྱི་ཞལ་ནས། ༼མཱ༡༦༦བ༽སྔར་ཐོས་པའི་ཆོས་རྣམས་བློ་ལ་རུང་གིས་ཡོད་པར་བྱས་ལ། ཡང་དང་ཡང་དུ་སེམས་པར་བྱེད། འཇལ་བར་བྱེད། རྟོགས་པར་བྱེད་དགོས། ཆོས་བརྗོད་དུ་བཅུག་ནས་སེམས་འཛིན་རྐྱང་པ་རེ་ལ་སློབ་པ་དེ་ལ་གྲོགས་མེད། སྒོམ་ཆེན་རབ་ལ་སྟོན་པ་རབ། སྒོམ་ཆེན་འབྲིང་ལ་སྟོན་པ་འབྲིང་འོང་བ་ཡིན། ཇི་ཙམ་བསྒོམ་པ་དེ་ཙམ་དུ་ཆོས་ཤེས་པར་ཇེ་ཆེར་འགྲོ་བ་ཞིག་དགོས། དེ་ལྟར་བསམ་པས་ངེས་ཤེས་བརྟན་ན། དགེ་མི་དགེའི་བསམ་པ་ཐམས་ཅད་རྟོག་པ་ཡིན་པས་སྤང་བྱ་ཡིན་ཞེས་སྡིག་གྲོགས་ཀྱིས་ཟེར་བ་ན། ཆོས་ནས་དེ་ལྟར་མ་གསུངས། དགེ་བའི་བཤེས་གཉེན་ཡང་དེ་ལྟར་མི་བཞེད་སྙམ་ནས་ཁོའི་ཁ་ལ་མི་ཉན་པ་ཞིག་འོང༌། དེ་མེད་ན་དད་པ་ནི་བག་རེ་ཡོད། ཤེས་རབ་མེད་པ་དེ་ལ་ངུ་བའི་ཁ་ལ་བལྟས་ན་ངུ་བྲོ། དགོད་པའི་ཁ་ལ་བལྟས་ན་དགོད་བྲོ། ཆུ་སྣ་བཞིན་དུ་ཅི་ཟེར་ལ་བདེན་སྙམ་ནས་གར་ཁྲིད་སར་འགྲོ་གསུང་ངོ༌། །བློ་ལྡོག་རྣམ་བཞི་རྣམ་པར་ངེས་པའི་སྐབས་བཞི་པའི་འགྲེལ་པའོ། །
ཐེག་པའི་སྒོ་ཀུན་ལས་བཏུས་པ་གསུང་རབ་རིན་པོ་ཆེའི་མཛོད་བསླབ་པ་གསུམ་ལེགས་པར་སྟོན་པའི་བསྟན་བཅོས་ཤེས་བྱ་ཀུན་ཁྱབ་ཅེས་བྱ་བ་ལས་ལྷག་པ་ཤེས་རབ་ཀྱི་བསླབ་པ་རིམ་པར་ཕྱེ་བ་སྟེ་གནས་བདུན་པའི་འགྲེལ་པ་གྲུབ་བོ།། །།