ས་བཅད་གསུམ་པ། ཡུལ་སྡེ་དང་། རི། ལ། མཚོ། གཙང་པོ།
ལེ་ཚན་དང་པོ། ཡུལ་སྡེ་ཆེ་ཁག
ལྡིང་སྟངས། བང་གཤོངས། དངོས་པ། ལན་པ། ཁེ་ནང་། ཞོལ་ཁ་ཞོལ་པ། རྩ་མ་རྫོང་། ཀ་ལ། གྱ་ར། རྩྭ་བཀག དགོན་གསར། དུ་མ། བླ་རུ། གཞིས་ཙོང་། དམུ་པ།[1] མཚོ་ཞུགས། པུ་རུ། བྱེ་པ། མཚོ་སྒོ། དམོས་མཚོ་མོ། གྱོང་པ།[2] རྫ་ལ། ལོབ། ཁྲེ་པ། འབྲུག་ལ་ནང་གི་གཞུང་བརྒྱུད་ལ་གཞུང་སྒེར་མཆོད་གསུམ་གྱི་ཡུལ་སྡེ་ལ། འབྲུག་ལ། སྟོད་སྐོར།[3] གྲུམ་ཐང་། རིན་ཆེན་གླིང་། སྤུ་ལོད། རྩྭ་ར། སྦེ་ལ། འབྲུ་ལ་དགོན་པ། སྐྱིད་མོ་གཤོངས། གྲབ་སྟོད། བྲག་སྨད། པ་ནང་། ནང་ཟླ།[4] གནམ་གསལ། ནང་མདའ། དགའ་ཐང་། བྱེ་པ། ལྷ་དགའ།[5]
ལེ་ཚན་གཉིས་པ། རི་དང་། ལ། མཚོ། གཙང་པོ།
རྒྱལ་ཆེན་གནམ་ལྷ་དཀར་པོ། ཀོང་བཙུན་དེ་མོ་བླ་རི། སྐྱུ་མ་གནས་རི། བསམ་གཏན་གླིང་རི། བདེ་ཆེན་ཤེལ་གྱི་རི། རྫ་ལ་རི། གྱ་ར་རི། དངོས་ཨ་སྤང་ལ་ལྕགས་ཀྱི་སྒོ། ཨ་ཙ་ཁྲོ་ལ། གནམ་སྤུངས་ཡ་ལ་སྤང་གི་སྒོ། བྱང་འགྱིང་ལ་ཤིང་གི་སྒོ། འབྲུ་ལ་རྡོ་རྗེ་བྲག བྲག་གསུམ་མཚོ། གཡུང་མཚོ་སྦས་རལ་མཚོ། ཧི་དགའ་མཚོ། ཨར་རྩ་མཚོ། སྒྲོལ་མ་ཆུ་མིག ཆབ་ནག་དྲི་བཙན་གཙང་པོ། བྲག་གསུམ་མཚོ་ཆུ། འབྲུག་ལ་གཙང་པོ། ཞོ་ཁ་གཙང་པོ་སོགས་མཆིས། དེ་དག་ལས་བྲག་གསུམ་མཚེའུ་ནི་ཚྭ་མེད་ཆུའི་འགག་མཚོ་ཆེ་ཤོས་ཤིག་ཡིན་ལ་བོད་མི་ཚོས་སྲིད་པའི་གནས་མཚོ་རྩལ་ཆེན་དུ་བརྩི། མཚོ་དེའི་མཐའ་འཁོར་རི་བོས་བསྐོར་ཞིང་གནམ་གཤིས་ཚ་གྲང་རན་པ། མཐོ་ཚད་རྒྱ་མཚོའི་ངོས་ལས་སྨིས་ ༣༥༣༨ དང་རིང་ཚད་ལ་ཕལ་ཆེར་སྤྱི་ལེ་ ༡༥ ཡོད་ཅིང་ཆ་སྙོམས་ཞེང་ཚད་སྤྱི་ལེ་ ༢༌༥ དང་གཏིང་ཟབ་ཤོས་སྨིས་ ༡༦༦ བཅས་ཡིན།[6] མཚོ་དཀྱིལ་གྱི་བཀྲ་ཤིས་གླིང་ཕྲན་སྟེང་མཚོ་རྫོང་ཞེས་པའི་དགོན་ཆུང་ཞིག་ཀྱང་ཆགས་ཡོད། མཚོའི་ནུབ་ངོས་སུ་གེ་སར་རྒྱལ་པོའི་མདའ་འཕེན་ཡུལ་གྲགས་པའི་གནས་ཤིག་ཡོད་པར་ངག་རྒྱུན་དུ་ས་ག་ཟླ་བའི་ཚེས་བཅོ་ལྔ་འཆར་རིམ་བཞིན་དུ་སྔོ་ཐིང་ངེར་སྣང་བའི་མཚོ་གཏིང་གི་དཀྱིལ་དུ་ཐི་གུ་དཀར་པོ་རིང་པོ་ཞིག་ཐོན་པ་དེ་གནས་དེའི་མི་ཚོས་གེ་སར་རྒྱལ་པོར་བསྒྲོན་རྒྱུའི་ཁ་བཏགས་དཀར་པོར་བརྩི་བ་ཡིན།[7]
ས་བཅད་བཞི་པ། ཞིང་འབྲོག་ཐོན་ཁུངས།
ཞོ་ཁ་རྫོང་ནི་ཞིང་ལས་ཁེར་རྐྱང་གི་རྫོང་ཞིག་ཡིན་ལ། ཞོ་ཁ་ཁུལ་གྱི་ས་ཞིང་ཕལ་མོ་གནམ་ཆུ་ཁོ་ནར་རྟེན་ནས་ཞིང་ལས་འདེབས་ལས་བྱེད་རྒྱུ་ལས། གཙང་ཆུ་དང་རྒྱུག་ཆུ་ཡུ་བར་དྲངས་ནས་ཞིང་ཆུར་འདྲེན་བཀོལ་བྱེད་མཁན་ཧ་ལམ་མེད། དེ་བཞིན་ཞིང་ཁའི་ལུད་ཀྱང་ཤིང་ནགས་བསྲེགས་པའི་ཐལ་བ་དང་ཁྱིམ་ལུད་གཉིས་ཀ་བེད་སྤྱོད་གཏོང་། ལོ་ཏོག་གཙོ་བོ་ནས་དང་། གྲོ། སྲན་མ། པད་ཁ་སོགས་ཐོན་སྐྱེད་བྱེད་ཅིང་། ཞིང་པའི་སྒོ་ཕྱུགས་ནི་གཡག བ་གླང་། མཛོ། བོང་བུ། རྟ་དང་། ལུག ར་སོགས་གསོ་ཚགས་བྱེད། རང་བྱུང་བཟའ་བཅའི་རིགས་ལ། སེ་ཤ དཀར་ཤ།འདམ་ཤ ཆོ་ལོ། གྲོ་མ། གཡའ་སྒོག འཛིམ་བུ། སྒོག་སྐྱ། སླེ། ཨ་ལོ། ཟྭ་ཚོད། ལྕང་། སྙ་ལོ། བསིལ་འབྲུམ། སིལ་རིལ། ཀུ་ཤུ། རྒུན་འབྲུམ། ཁམ་བུ། སྟར་ག ལི། ཤིང་དམར། སྒ་སེར་སོགས་སྐྱེ། ཞིང་ལས་ཐོན་སྐྱེད་ལག་ཆར་ས་གནས་རང་ནས་ཤིང་དང་ལྕགས་བཅས་ལས་བཟོ་བསྐྲུན་བྱས་པའི་ས་ཞིང་རྨོ་བྱེད་དུ་ཐོང་གཤོལ་དང་། གཉའ་ཤིང། རི་བཅས་དང་། ཞིང་ཆུ་གཏོང་སྐབས་ལྕགས་ཁྱེམ་དང་། ཏོག་རྩེ། ཡུར་མ་རྒྱག་བྱེད། བཙས་མ་བརྔ་བྱེད་ཟོ་ར། གཡུལ་ཁའི་སྐབས་སུ་རྒྱག་འཕེན་དབྱུག་པ། རྒྱབ་ར། སྦར་མོ། ཁྲོལ་མ་སོགས་ཡོ་ཆས་བཟོ་སྐྲུན་བྱེད།
ས་བཅད་ལྔ་པ། ཁྱད་ལྡན་ལས་རིགས།
ལེ་ཚན་དང་པོ། ཞོ་ཁའི་བོད་དངུལ།
བོད་ཀྱི་སྲིད་སྐྱོང་དེ་མོ་བློ་བཟང་འཕྲིན་ལས་རབ་རྒྱས་ཀྱི་དུས་སྐབས་(ཁྲི་བཞུགས་ལོ་1757-1778)སུ། ཀོང་པོ་ཞོ་ཁ་ཁུལ་དུ་བོད་དངུལ་སྤར་འདེབས་བཟོ་གྲྭ་གསར་བཙུགས་ཀྱིས། ལྕགས་སྟག་ཕྱི་ལོ་ ༡༨༩༠ ལོར་ཊམ་དཀར་བཅོ་ལྔ་ཉེར་བཞི་འཁོད་པ་དང་། དེའི་ཕྱི་ལོར་བཅོ་ལྔ་ཉེར་ལྔ་འཁོད་པའི་ཊམ་གསར་སྤར་འདེབས་གནང་བ་དང་ཆབས་ཅིག ཆུ་འབྲུག་ཕྱི་ལོ་ ༡༨༩༣ ལྷ་ལྡན་སྨོན་ལམ་ཆེན་མོར་དངུལ་ཕུད་སྐུ་འགྱེད་གནང་བ་དང་སྦྲགས། དེ་ནས་བཟུང་རྒྱ་ཁྱབ་ཡོངས་ལ་འགྲེམ་གཏོང་མཛད།[8]ཅེས་བྱུང་བ་ལས། ཞོ་ཁ་རྫོང་ནས་ཐོན་ཞིང་ལས་སྣོན་བྱས་པའི་ཤོག་བུ་ནི་བོད་གཞུང་གི་དངུལ་ལོར་རྒྱུ་ཆའི་སྤུས་ལེགས་ཀྱི་གྲས་ཤིག་དང་། ཁུལ་དེ་ནི་གཞུང་འབྲེལ་གྱི་དངུལ་ཐོག་མར་སྤར་འདེབས་བྱ་ཡུལ་ཞིག་ཀྱང་ཡིན་འདུག།།
ལེ་ཚན་གཉིས་པ། ཞོ་ཁའི་བོད་ཤོག
སྤྱིར་བོད་དང་ཡང་སྒོས་ཀོང་པོ་ཁུལ་གྱི་ཤོག་བུའི་ཐུན་མིན་ཤོག་བུའི་ཐོན་ཁུངས་ཤིག་ནི། ཞོ་ཁ་རྫོང་གི་ཁྱད་ལྡན་ལས་རིགས་ཀོང་ཤོག་གམ་བོད་ཤོག་བཟོ་གྲྭ་ཡིན་ཞིང་། རྫོང་དེ་ནས་ཐོན་པའི་བོད་ཤོག་གི་རྒྱུ་ཆ་ནི་རེའུ་ལྕག་དང་། ཨ་ག་རུ། སྟག་པའི་ཤིང་སོགས་ཡིན། རྒྱུ་ཆ་མི་འདྲ་བས་སྤྱོད་སྒོ་དང་སྤུས་ཚད་ཀྱང་མི་འདྲ་བའི་བོད་ཤོག་སྣ་ཚོགས་བཟོ་ཆོག བོད་ཤོག་བཟོ་རྩལ་གྱི་བརྒྱུད་རིམ་ནི་ཤོག་བུའི་རྒྱུ་ཆའི་པགས་པ་བཤུ་བ་དང་། འདུལ་བ། བཙོ་བ། སྦོང་བ། བཤལ་བ། དཀྲོག་པ། སྦྱོང་བ། བཀྲམ་པ་སོགས་ཀྱི་ལས་གྲུབ། ཀོང་པོ་ཞོ་ཁ་ནས་ཐོན་པའི་བོད་ཤོག་ནི་བྲི་ཤོག་དཀྱུས་མར་སྤྱོད་སྒོ་ཆེ་བས།[9] དེ་སྔའི་གབུས་གཞུང་གི་ཤོག་བུ་བཟོ་གྲྭ་དེ་བཞིན་ཞོ་ཁ་རྫོང་གི་ཉེ་འགྲམ་དུ་བཙུགས་ཡོད།
ས་བཅད་དྲུག་པ། སྲོག་ཆགས་དང་། སྐྱེ་དངོས། གཏེར་ཁ།
ཞོ་ཁ་རྫོང་ཁུལ་དུ་གཅན་གཟན་སྲོག་ཆགས་མི་རྒོད་དང་། སྟག གཟིག དྲེད། གསའ་གཟིག གཡི། ཝ་མོ། སྤྱང་ཀི སྲམ། དོམ། ས་མ་གཟིག དྲེད་མོང་། ཕ་ར། དྲུམ་པ་སོགས་དང་། རི་དྭགས་སུ་ཤྭ་བ། རྒྱ་ར། གླ། གནའ། ར་རྒོད། རྒྱ་གོར། གཉན། གཙོད། སྤྲེའུ་སོགས་མཆིས། འདབས་ཆགས་སུ་གོང་མོ། ཁྲུང་ཁྲུང། ངང་སེར། གོ་ལིང་། བྱ་སྒང་། ཟི་དུར། འཇོལ་མོ། ཀ་ལ་ཕིང་། ཁང་བྱི། འདག་བྱིལ། ཁ་ཏ། ཕོ་རོག པིང་སྐྱུ་མ། བྱ་གླག་སོགས་བྱ་རིགས་སྣ་ཚོགས་ཤིག་ཡོད། མདོར་ན་ཞོ་ཁ་རྫོང་ཁོངས་སུ་རི་སྐྱེས་སྲོགས་ཆགས་དང་སྐྱེ་དངོས་རིགས་དྲུག་ཅུ་རེ་གསུམ་ཙམ་ཡོད་ཅིང་། དེའི་ནང་འོ་གསོའི་རིགས་བཅོ་ལྔ་དང་རྣམ་གྲངས་ཞེ་བཅུ་ཞེ་གསུམ་ཡོད་པའི་ཁྲོད་ཕ་ཝང་དང། སྤྲེའུ། རི་ཞིམ། གཡི། སྲ། ཕག་རྒོད། ས་མཐོའི་རི་བོང་། བོད་ཀྱི་བྱི་བ་སོགས་དང་། འདབས་ཆགས་རིགས་སུམ་ཅུ་སོ་དྲུག་རྣམ་གྲངས་ཉིས་བརྒྱ་བཅུ་མེད་གཉིས་ཀྱི་ཁྲོད་ཁྲུང་ཁྲུང་མགོ་ཁྲ་དང། འཇོལ་དཀར། བྱ་དགག ཐང་དཀར་རྒོད་པོ་དང་ལྷ་བྱ་གོང་མོ། དེ་བཞིན་སྐམ་ཆུ་གཉིས་གནས་དང་གོགས་བགྲོད་རིགས་དྲུག་ཙམ་ཡོད་པར་བཤད།
སྐྱེ་དངོས་ཀྱང་བསང་གི་རིགས་ལ། ཤུག་པ། བ་ལུ། སུ་ལུ། གཡའ་ཚན། གངས་དཀར། ཤ་ཕྲུག འཁན་པ། ཆུ་ཤིང་འོམ་བུ། བསང་སྣ་ཉི་ཤུ་རྩ་གཅིག་ཡོད་པར་བཤད།[10] ཤིང་སྣའི་རིགས་ཐང་ཤིང་དང་། སྟག་པ། བླ་མ་ཤིང་། མཛོ་མོ་ཤིང་། ཚར་མ་ཤིང་། གདུང་ཤིང་། གླང་མ། ཐང་ཤིང་། སྦྱར་དཀར། མྱང་རྩི་སྤྲས། སྡོང་ཕུང་། སྦ་ཤིང་། སྨྱུག་ཤིང་། ཟངས་ཤིང་། བེ་ཤིང་། ཙན་དན་དཀར་མ་སོགས་དང་། མེ་ཏོག་ལ་བ་ལུའི་མེ་ཏོག སུ་ལུའི་མེ་ཏོག ཚར་མའི་མེ་ཏོག ཁྲག་ཤ་མེ་ཏོག སེར་ཆེན་མེ་ཏོག ཧ་ལོའི་མེ་ཏོག སྤང་རྒྱན་མེ་ཏོག ཁྱུང་ལུང་མེ་ཏོག སྐལ་བཟང་མེ་ཏོག ཞོ་སྟོན་མེ་ཏོག འབྲས་སིལ་མེ་ཏོག གོས་ཆེན་མེ་ཏོག གང་ཟང་མེ་ཏོག དཀར་ཡོལ་མེ་ཏོག་དང་། རང་བྱུང་ཟ་ཆའི་རིགས་ཟྭ་ཚོད་དང་། སྔོ་ཚལ་གླེས། འཛིམ་བུ། ཆུ་དཀར། སྒོག་པ་བླ་མ། སྐྱ་སྒོག རི་སྒོག གྲོ་མ། སེར་ཤ།སྤང་ཤ དབྱར་རྩྭ་དགུན་འབུ། རྩི་དཀར། སྨུག་རྩི། སྤང་སྤོས། ཆུ་ཤ ཆོ་ལོ་སོགས་སྐྱེ།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] འདི་སྒེར་ང་ཕོད་པའི་སྒེར་གཞིས།
[2] འདི་འབྲུ་ལ་དགོན་པའི་མཆོད་གཞིས་ཡིན།
[3] འདི་འབྲུ་ལ་དགོན་པའི་མཆོད་གཞིས་ཡིན།
[4] ཞོལ་ཁ་རྫོང་གི་ཡུལ་སྡེ་ཁག་གི་མིང་དབུ་ལ་ཚེ་དབང་ལགས་སུ་བཅར་འདྲི་ཞུས། ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༡༧། རྡ་རམ་ཤཱ་ལ།
[5] བོད་ཀྱི་ས་མིང་དཔྱད་གཞིའི་ཡིག་རིགས་བསྡུས་བསྒྲིགས། བོད་རང་སྐྱོང་ལྗོངས་གསར་བརྗེ་ཨུ་ཨོན་ལྷན་ཁང་ཐིག་རིས་ཅུས། ཕྱི་ལོ་ ༡༩༧༧། ༡༨ ནས་ ༢༡།
[6] ཀྲུང་གོའི་བོད་ལྗོངས། ཀྲུང་གོའི་བོད་ལྗོངས་དུས་དེབ་ཁང། ཕྱི་ལོ་ ༢༠༠༩།༡༡ ཤོག ༤༣-༤༤ །
[7] ཀྲུང་གོའི་བོད་ལྗོངས། ཀྲུང་གོའི་བོད་ལྗོངས་དུས་དེབ་ཁང། ཕྱི་ལོ་ ༢༠༠༩།༡༡ ཤོག ༤༣-༤༤ །
[8] ཞྭ་སྒབ་པ་དབང་ཕྱུགས་བདེ་ལྡན། བོད་ཀྱི་སྲིད་དོན་རྒྱལ་རབས། སྨད་ཆ། ཤེས་རིག་པར་ཁང་། ཕྱི་ལོ་ ༡༩༧༦། ཤོག ༦༨།
[9] བོད་ཀྱི་དངོས་མིན་རིག་གནས་ཤུལ་བཞག་གི་དཔེ་རིས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༣། ཤོག ༨༠།
[10] བོད་ཀྱི་ཡུལ་ལུང་ཁག་གཅིག་གི་ལོ་རྒྱུས་ཕྱོགས་བསྡེབས། ངག་རྒྱུན་ལོ་རྒྱུས་དེབ་ཕྲེང་། ༢༩། བོད་ཀྱི་དཔེ་མཛོད་ཁང་། ཕྱི་ལོ། ༢༠༡༢། ཤོག ༡༩༡།
དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།