དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ཉང་པོ་ལྷ་གསོལ་དང་ཇོ་མོའི་བི་ཤུའི་འགྲན་བསྡུར།

དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ཉང་པོ་ལྷ་གསོལ་དང་ཇོ་མོའི་བི་ཤུའི་འགྲན་བསྡུར།

ས་བཅད་བརྒྱད་པ། དམངས་སྲོལ།

༡ ཉང་པོ་ལྷ་གསོལ་དང་ཇོ་མོའི་བི་ཤུའི་འགྲན་བསྡུར།

 

རྫོང་དེའི་དཔོན་འབངས་མི་སེར་སྤྱི་ནས་སྲུང་བརྩི་བྱེད་པའི་ཉང་པོ་ལྷ་གསོལ་ཞེས་པ་ནི། བོད་ཀྱི་གདོད་མའི་ཆོས་ལུགས་བོན་དང་འབྲེལ་བའི་སྤྱི་ཚོགས་ཀྱི་དུས་སྟོན་ཞིག་ཡིན་འདུག་ཅིང་། དེ་ཡང་། བོན་རིར་གནས་པའི་བོན་གྱི་སྟོན་ཤེས་རབ་ཀྱི་སྐུ་གསུང་རྟེན་བྱིན་རླབས་ཅན་བོར་སྟོར་དུ་ཤོར་བ། ཡུལ་དེའི་ལྷ་སྡེ་མི་སྡེས་དཔུང་དམག་དང་བཅས་སླར་ཡུལ་དུ་གདན་དྲངས་པའི་ལྷ་བསུའི་དགའ་སྟོན་ཞིག་ཡིན་འདུག་ཅིང་།

ལྷ་གསོལ་དུས་ཚེས་ནི་སྐུ་རྟེན་གྱིས་ལུང་བསྟན་བྱུང་བར་འཆད་སྲོལ་ཡོད་པ་ལྟར། ལོ་རེའི་རྟ་ལོ་ནམ་ཡིན་གྱི་སྟོན་ཟླ་འབྲིང་པོའམ་ཕག་ཟླ་ཁྲུམ་སྟོད་ཟླ་བའི་ཡར་ངོའི་ཚེས་ ༡༠ ཉིན་ཀོང་ཡུལ་བོན་ཁག་གཙོས་ལྷ་སྡེ་མི་སྡེ་རྣམས་ཀྱིས་ཉིན་གྲངས་གསུམ་རིང་སྤྱིར་བོད་ཁམས་རུ་བཞི། སྒོས་ཉང་དྭགས་ཀོང་གསུམ། ཡང་སྒོས་ཇོ་མོ་རྫོང་གི་ཡུལ་ལུང་དེར་ནད་ཡམས་འཁྲུག་རྩོད། མུ་གེ ལོ་ཉེས། ཕྱུགས་ཉེས། གནོད་ཀྱི་ཕྱྭ་གཡང་སོགས་མི་ཡོང་བར། ལོ་ཕྱུགས་བཟང་ཞིང་ཆར་ཆུ་རྟག་ཏུ་འབབ་པའི་རྟེན་འབྲེལ་སླད། ཉང་པོ་ལྷ་བསུ་ཞེས་བོན་རིའི་གནས་ཀྱི་དུས་སྟོན་སྐབས། ཆོས་ལུགས་བྱེད་སྒོ་ཙམ་མ་ཟད་རིག་རྩལ་བྱེད་སྒོ་འདྲ་མིན་གྱི་སྒོ་ནས་སྲུང་བརྩི་རྒྱ་ཆེར་བྱེད་སྲོལ་ཡོད།[1]

ཇོ་མོའི་བི་ཤུའི་འགྲན་བསྡུར་གྱི་རིག་གནས་ལ་ལོ་ངོ་  ༡༥༠༠  ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་དམངས་ཁྲོད་ཀྱི་རིག་གནས་ཤིག་ཡིན་ཞིང་། རྫོང་ཁུལ་དེའི་ལོ་གསར་དགའ་གཏོང་དང་འོང་སྐོར་དབྱར་སྐྱིད་སོགས་ཀྱི་དུས་སྟོན་སྐབས་འཆར་ཅན་རྩེད་འགྲན་བྱེད་པའི་མདའ་རྩེད་ཀྱི་བྱེད་སྒོ་ཞིག་ཡིན། བེ་ཤུའི་འགྲན་བསྡུར་ནང་རོལ་རྩེད་དང་། ལུས་སྦྱོང། རིག་གནས་སྒྱུ་རྩལ་བཅས་ཚུད་ཡོད་ཅིང་། མདའ་རྩེད་ཀྱི་འགྲན་བསྡུར་དངོས་གཞིའི་ནང་བཞུགས་མཁན་གཙོ་བོ་སྐྱེས་པ་ལས་བུད་མེད་མེད་ཀྱང་། བུད་མེད་ཚོས་ཁུལ་དེའི་ཁྱད་ཆོས་ལྡན་པའི་མདའ་གླུ་ལེན་པ་དང་བྲོ་འཁྲབ་བྱེད་སྒོར་མཉམ་ཞུགས་ཀྱིས་སྲུང་བརྩི་བྱེད།

 

༢ རྨེ་རུའི་མི་ནག་གི་འཆམ།

རྫོང་དེར་ཐུན་མིན་འཁྲབ་སྲོལ་མཆིས་པའི་རྨེ་རུའི་མི་ནག་འཆམ་ཞེས་པའི་དམིགས་བསལ་ཁྱད་ཆོས་གཙོ་བོ་ནི། གར་འཆམ་དེ་བཞིན་མི་སྐྱས་འཁྲབ་སྟོན་བྱེད་སྲོལ་ཡོད་པ་དེ་ཡིན། གར་འཆམ་དེ་ཡང་ཐོག་མར་རྨེ་རུ་ཁུལ་ནས་དར་བས་རྨེ་རུའི་གར་འཆམ་ཞེས་ཐོགས་ལ། དེར་མི་ལོ་ ༡༣༠༠ ལྷག་གི་ལོ་རྒྱུས་ལྡན་ཡོད་པར་བཤད་རྒྱུན་མཆིས། དུས་ཕྱིས་གར་འཆམ་དེ་ཀོང་པོའི་རྫོང་གཞིས་ཡུལ་ལུང་གཞན་དག་ཏུའང་དར་ཁྱབ་བྱུང་འདུག རྫོང་དེར་འཁྲབ་སྲོལ་ཡོད་པའི་གར་འཆམ་དེ་ནི་ལོ་རེའི་ས་ཞིང་རྨོས་རྒྱག་གྲུབ་རྗེས་ཀྱི་བོད་ཟླ་ ༢ ཚེས་ ༢༨ ནས་༢༩ བར་དང་། དེ་མིན་ཞིང་ལས་ཐོན་སྐྱེད་ཡོངས་སུ་འཇུག་སྒྲིལ་སྐབས་ཀྱི་བོད་ཟླ ༨ ཚེས་ ༢༨ ནས་༢༩ ཉིན་གཉིས་ཙམ་རིང་རྫོང་གཞིས་མངའ་འབངས་ཚང་འཛོམས་ཀྱིས་གར་འཆམ་འཁྲབ་ཅིང་དུས་སྟོན་གཏོང་སྲོལ་ཡོད་པ་ཡིན། སྤྱིར་མི་ནག་གར་འཆམ་གྱི་སྒྱུ་རྩལ་རྣམ་པ་ནི་སྐྱེས་པའི་ཁེར་འཁྲབ་བྱེད་པའི་གནའ་བོའི་གར་གྱི་རིགས་ཤིག་ཡིན། འཆམ་ཆས་སུ་སྐྱེས་པ་ཚོས་མགོ་ལ་རྒྱལ་བ་རིགས་ལྔའི་ཞལ་འབག་དང་། ལག་གཡས་སུ་རྔ་དང་གཡོན་དུ་རྔ་དབྱུག་བཟུང་ནས་བརྡུང་ཞོར་དུ་འཁྲབ་སྟོན་བྱེད། གར་གྱི་སྟངས་སྟབས་ནི་བརྗིད་ཅིང་ཤུགས་དྲག་ཆེ་ལ། གཞི་རྒྱ་ཆེ་ཞིང་བྱུང་རིམ་ཁ་ཚང་བས་རྒྱུན་གཏན་གྱི་གར་འཆམ་གྱི་ཁྱད་ཆོས་མངོན་པར་རྫོགས་ལ། ཐུན་མོང་མ་ཡིན་པའི་མི་རིགས་དང་ས་གནས་ཀྱི་ཁྱད་ཆོས་མངོན་པར་གསལ་ཡོད།[2]

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] ཀོང་པོའི་རིག་དངོས་གནད་བསྡུས། ཉིང་ཁྲི་རྫོང་དམངས་ཁྲོད་པུ་ཏི་ཆེན་པོ་གསུམ་གྱི་དོན་གཅོད་ཁང་། ཕྱི་ལོ་ ༡༩༩༣། ཤོག ༢༦-༣༨ ནང་དེའི་སྐོར་ཞིབ་པར་གསལ།

[2] ཀླུ་མོ་སྐྱིད། ཉིང་ཁྲིའི་མི་ནག་གི་འཆམ་རྒྱག་རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས་གྲས་སུ་ཚུད་པ། ཀྲུང་གོའི་བོད་ལྗོངས་དྲ་བ། ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡༢ །

 

དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།