དབུས་གཙང་ལོ་རྒྱུས་ཆེན་མོ་ལས། དབུས་ཁུལ་སྤྱི་བཤད། ས་བབ་ཆགས་ཚུལ་དང་། མིང་ཐོགས་ཚུལ་སོགས།

དབུས་གཙང་ལོ་རྒྱུས་ཆེན་མོ་ལས། དབུས་ཁུལ་སྤྱི་བཤད།  ས་བབ་ཆགས་ཚུལ་དང་། མིང་ཐོགས་ཚུལ་སོགས།

དབུས་ཁུལ་སྤྱི་བཤད།

དང་པོ། དབུས་ཀྱི་ས་བབ་ཆགས་ཚུལ།

        དབུས་ཁུལ་གྱི་ས་ཁམས་གནས་ཡུལ་ནི་ཤར་གྱི་གཞུང་ཐིག་ ༨༩།༤༥ ནས་ ༩༢།༣༢ དང་། བྱང་གི་འཕྲེད་ཐིག་ ༢༧།༡༥ ནས་ ༣༡།༠༢ བར་གནས་ཡོད། ཁུལ་དེའི་བྱང་ངོས་ནག་ཆུའི་ཡུལ་སྡེ་ཁག་དང་འབྲེལ་ཤིང་། ཤར་ངོས་ཀོང་པོ་རྒྱ་མདའ་དང་ནུབ་ངོས་གཙང་ཁུལ་རིན་སྤུང་རྫོང་། ལྷོ་ཕྱོགས་ལྷོ་ཁའི་ཡུལ་སྡེ་ཁག་དང་ས་འབྲེལ་ཡིན་ཞིང་། སྤྱིར་སྟངས་བྱང་མཐོ་ཞིང་ལྷོ་ནུབ་ཅུང་ཟད་དམའ་བའི་ཐོག་ས་མཐོའི་རི་ཁུལ་ཡོད་ལ་གཙང་འགྲམ་གཞུང་ཐང་གཤོངས་ཡིན།

སྤྱིར་རྒྱ་མཚོའི་ངོས་ལས་མཐོ་ཚད་སྤྱི་ཁྲེ་ ༣༦༠༠ ནས་ ༤༥༠༠ བར་ཡོད་ཅིང་། གནམ་གཤིས་ནི་ས་མཐོའི་སྐམ་སའི་རང་བཞིན་གྱི་གནམ་གཤིས་ཁོངས་སུ་གཏོགས་ཤིང་། མཁའ་རླུངས་མཐུག་ཚད་མཚོ་ངོས་ཀྱི་བརྒྱ་ཆ་ ༥ ནས་ ༧ བར་ལས་མེད་པ་ནི་དབུས་ཁུལ་གྱི་གནམ་གཤིས་ཀྱི་ཐུན་མིན་ཁྱད་ཆོས་རེད།

 

དང་པོ། དབུས་ཞེས་པའི་མིང་གི་ཐོགས་ཚུལ།

        གནའ་དུས་དབུས་ད་ལྟའི་དབུས་གཙང་གི་དབུས་ཀྱི་ཚིག་དོད་དུ་མདོ་ཞེས་འབྲི་བཞིན་ཡོད་པར་སྣང་། དེ་ཡང་སྤུར་རྒྱལ་བཙན་པོ་སྲོང་བཙན་སྒམ་པོ་དང་དབས་དབྱི་ཚབ་ཕ་སྤུན་དབར་མནའ་གཙིགས་མཛད་སྐབས།《ཏུན་ཧོང་ཡིག་རྙིང་》ལས། ཡར་མོ་ནི་ཆུ་ཐུངས་ཀྱིས། མདོ་ནས་ནྀ་རྩང་དུ་བསྲིང་། ཡར་མོ་ནི་ཞེང་ཆུངས་ཀྱིས། ལྷོ་ནས་ནྀ་བྱང་དུ་བསྐྱེད།[1] ཅེས་དང་། ཡང་སྤུར་རྒྱལ་བཙན་པོ་སྲོང་བཙན་སྒམ་པོས་ཕྱི་ལོ་ ༦༤༤ ལོར་ཞང་ཞུང་དབང་དུ་བསྡུས་པའི་མཛད་སྒོའི་ཐོག་སྲོང་བཙན་སྒམ་པོའི་མགུར་གླུའི་ནང་དུ་ཡང་གོང་མཚུངས། མདོ་དང་རྩང་།[2] ཞེས་པའི་ཐ་སྙད་དེ་བེད་སྤྱོད་བྱས་འདུག  མདོ་གཙང་ཞེས་པའི་དོན་ནི་ས་གཞི་གནས་བབ་ཀྱི་ཆ་ནས་བཏགས་པར་སེམས། དེ་ཡང་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། ལུང་པའི་ཕུ་མདོ་བྱ་བ་ལ། གཙང་མདའ་བྱ་བ་དང་།[3] ཞེས་གཙང་མདའི་དོན་ཕུ་མདོར་གོ་བ་ཡོད་པ་དང་། འབྲི་གུང་ཆེ་ཚང་རིན་པོ་མཛད་པའི་《ཏུན་ཧོང་བོད་ཀྱི་ཡིག་རྙིང་ལས་བྱུང་བ་བོད་བཙན་པོའི་རྒྱལ་རབས་》ནང་། མདོ་རྩང་གི་དོན་དབུས་གཙང་།[4] ཞེས་འགྲེལ་བར་མཛད་འདུག་ན། ད་ལྟའི་གཙང་ཕྱོགས་ཀྱི་ཡུལ་གྲུ་རྣམས་དབུས་ཕྱོགས་ལ་ལྟོས་ནས་ལུང་པའི་ཕུ་དང་། ད་ལྟ་དབུས་ཕྱོགས་རྣམས་གཙང་ཕྱོགས་ལ་ལྟོས་པས་མདའ་ཡིན་པས་དེ་ལྟར་བཀོལ་བར་སེམས་སོ། སྐབས་དེའི་མདོ་འམ་དབུས་ཀྱི་ཁོངས་སུ་དབུས་ཀྱི་ལྷོ་བྱང་གཉིས་ཀ་བསྡུ་མོད། དེང་དབུས་བྱང་ཕྱོགས་སམ་དེང་གི་ལྷ་ས་གྲོང་ཁྱེར་གྱི་མངའ་ཁོངས་ཙམ་ལས། དབུས་ལྷོ་བརྒྱུད་ལ་ལྷོ་ཁ་ཞེས་དབུས་ལས་ལོགས་སུ་འདོད་མོད། སྔ་དུས་ཁུལ་དེ་རྣམས་ཀྱང་དབུས་ཀྱི་ལྷོ་རྒྱུད་དམ་དབུས་ལྷོ་ཁ་ཞེས་དབུས་ཀྱི་ཁོངས་སུ་བརྩི་བའི་ལུགས་སུ་བརྩི་བ་་ཡིག་ལམ་ཁག་གསལ་པོར་འདུག     འོ་ན། མདོ་ཡི་དོད་དུ་དབུས་འབྲི་བའི་རྒྱུན་དེ་ནམ་ཞིག་ནས་བྱུང་བར་སྙམ་ན། དེ་ནི་སྤུར་རྒྱལ་བཙན་པོ་སྲོང་བཙན་སྒམ་པོའི་སྐུ་ཚེའི་སྟོད་ཙམ་ནས་འབོད་འགོ་ཚུགས་པར་སྣང་། དེ་ཡང་《ལྡེའུ་ཆོས་འབྱུང་》ལས། རྒྱལ་པོ་འདིིའི་སྐུ་ཚེ་སྟོད་ལ་བོད་རུ་བཞིར་ཕྱེ། ཞེས་དང་། བོད་རུ་བཞི་ནི་རུ་ལག གཡས་རུ། དབུ་རུ། གཡོ་རུ།[5] བཅས་ཡིན་པ་འཁོད་འདུག་པས་སོ། སྐབས་དེའི་དབུ་རུ་ནི་དེང་ལྷ་ས་གྲོང་ཁྱེར་གྱི་མངའ་ཁོངས་སུ་གཏོགས་པའི་ས་ཁུལ་ཕལ་མོ་ཆེ་བསྡུས་འདུག དེ་བཞིན་བོད་ཀྱི་སྐད་དོད་དུ་དབུས་གཙང་ཞེས་ཡིག་ངག་གཉིས་ནས་བརྗོད་པའི་རྒྱུན་དེ་ཡང་། བོད་སིལ་བུར་འཐོར་བའི་རྗེས་ཙམ་ལ་བྱུང་བར་སྣང་སྟེ། འོད་སྲུང་གི་སྐོར་གསུངས་སྐབས། 《ལྡེའུ་ཆོས་འབྱུང་》ལས། རྒྱལ་པོ་དེ་ཡང་ཡབ་གྲོངས་པི་རྗེས་ལ་སོང་བའི་རྗེ་བསོད་ནམས་ཆུང་བས་དབུས་གཙང་སོ་སོར་ཕྱེར།[6] ཞེས་འཁོད་འདུག་པ་དེ། ད་ཕན་ཁོ་བོས་མཐོང་བའི་རྩོད་མེད་ཡིད་རྟོན་རུང་བའི་ལོ་རྒྱུས་ཡིག་ལམ་ཁྲོད་དབུས་གཙང་ཞེས་པའི་ཐ་སྙད་འཁོད་སྔ་ཤོས་སུ་འདུག་སྙམ་སོ།

སྡེ་སྲིད་སངས་རྒྱས་རྒྱ་མཚོའི་དགོངས་བཞེད་ལྟར་ན། དབུས་ཞེས་པ་སངས་རྒྱས་ཆོས་ལུགས་དར་ཆེ་བའི་ས་དང་ཆབ་སྲིད་ཀྱི་བསྟི་གནས་ཀྱི་དབུས་ཡིན་པས་ན་དབུས་ཞེས་བཏགས་པར་འདོད་དེ། 《རབ་གསལ་གསེར་གྱི་སྙེ་མ་》ལས། གླིང་དགུའི་རྒྱལ་ཁམས་སུ་ཆོས་དར་བའི་ས་དང་ཁྱད་པར་མེས་དབོན་རྣམ་གསུམ་སོགས་འཕགས་མཆོག་ཕྱག་ན་པདྨོའི་སྤྲུལ་པའི་ཟློས་གར་ཆོས་རྒྱལ་རྣམས་བལྟམས་པས་དབུ་རུ་དང་གཡོ་རུའི་ཕྱོགས་འདིར་དབུས་ཞེས་པའི་ཐ་སྙད་བཞག[7] ཅེས་གསུངས།

 

གཉིས་པ། དབུས་ཀྱི་སྲིད་འཛིན་འཕོ་འགྱུར།

སྤུར་རྒྱལ་བཙན་པོས་བོད་ལ་དབང་ལུང་མ་བསྒྱུར་གོང་། སྐྱིད་ཤོད་སྟོད་སྨད་བར་གསུམ་མམ་ཡང་། དེང་གི་ལྷ་ས་དང་། སྟོད་ལུང་། སྟག་རྩེ། འཕན་པོ། མལ་གྲོ་རྫོང་ཁུལ་ལ་ཟིང་པོ་རྗེ་སྟག་སྐྱ་བོ་དང་། ཟིང་པོ་རྗེ་ཁྲི་པ་ཟུང་ཞེས་པའི་རྒྱལ་ཕྲན་འགའ་ཡོད་པ་ནི། 《ཏུན་ཧོང་མ་ཡིག་གོ་བདེར་བྲིས་པ།》ལས། ཉེན་ཀར་རྙིང་པ་(ལྷ་སའི་ནུབ་ཕྱོགས་ཀྱི་སྟོད་ལུང་གི་ཆར་གནས་ལ། མིང་གཞན་ཉེན་ཀར་ལྕང་བུ་ཞེས་ཀྱང་བྱ།[8])ན། ཟིང་པོ་རྗེ་སྟག་སྐྱ་བོ་ཡོད། སྤུར་བའི་ཡུ་སྣ་ན་(དེང་གི་འཕན་པོ་ལྷུན་གྲུབ་རྫོང་ཉི་མ་ལྕང་ར་ཤང་[9])ལ་ནི། ཟིང་པོ་རྗེ་ཁྲི་པང་སུམ་ཡོད།[10] ཅེས་དང་། སྟག་སྐྱ་བོའི་ཡུལ་(དེང་གི་དབུས་འཕན་པོའི་ཤར་ཕྱོགས།)དང་། ཡུལ་ཡེ་རབ་སྡེ་བཞི་(དེང་གི་དབུས་འཕན་པོ་ལྷུན་གྲུབ་རྫོང་ཁུངས་སུ་ཡོད།) ཀླུམ་ཡ་གསུམ་(ལྷ་ས་སྐྱིད་ཆུ་སྟོད་བརྒྱུད་བྱང་ངོས་སུ་ཡོད།)བཅས། ཟིང་པོ་རྗེ་ཁྲི་པང་སུམ་གྱི་མངའ་འོག་ཏུ་བསྡུས་སོ།[11] ཞེས་པ་སོགས་ལས་ཤེས་ཐུབ་ཅིང་།

སྤུ་རྒྱལ་བཙན་པོ་བོད་ལ་དབང་ལུང་བསྒྱུར་སྐབས། དབུས་གཙང་རི་བཞི་ལས་དབུ་རུ་དང་། བོད་སིལ་བུའི་སྐབས་ཡུམ་བརྟན་རྒྱལ་རྒྱུད་ཀྱི་བཟུང་བ་ནི་དབུ་གཡོར་འཁྲུག་་པའི་ལོ་རྒྱུས་ཡིག་ལམ་དང་། ལྷ་སའི་རྒྱལ་རྒྱུད་སོགས་ལས་ཤེས་ཐུབ་ཅིང་། དཔལ་ལྡན་ས་སྐྱ་པ་བོད་ལ་དབང་ལུང་བསྒྱུར་སྐབས། ཁུལ་འདིར་ཚལ་པ་ཁྲི་སྐོར་དང་། རྒྱ་མ་ཁྲི་སྐོར། འབྲི་གུང་ཁྲི་སྐོར། སྟག་ལུང་ཁྲི་སྐོར་ཞེས་ཡོངས་སུ་གྲགས་པའི་ཁྲི་སྐོར་བཞི་ཡི་ཁོངས་སུ་གཏོགས་ལ། སྡེ་སྲིད་ཕག་མོ་གྲུ་པའི་སྐབས་སྣེའུ་རྫོང་། བྱི་རི་སྟག་རྩེ་རྫོང་། འཕན་པོ་ལྷུན་གྲུབ་རྫོང་། ཆུ་ཤུར་ལྷུན་རྩེ་རྫོང་། བྲག་དཀར་བདེ་ཆེན་རྫོང་སོགས་དང་། སྡེ་སྲིད་གཙང་པའི་དུས་སྐབས་ཙམ་ལ་སྡེ་པ་སྐྱི་ཤོད་སྡེ་སོགས་དང་། དགའ་ལྡན་ཕོ་བྲང་པས་བོད་ལ་དབང་ལུང་བསྒྱུར་བ་ནས་ཕྱི་ལོ་ ༡༩༥༩ གོང་གཞིས་རྩའི་རྫོང་གཞིས་ལམ་ལུགས་ཀྱི་རྣམ་པའི་ཐོག་སྐབས་རེ་འཕོ་འགྱུར་ཕྲན་བུ་ཙམ་ལས། གཞི་རྩའི་་འཕན་སྟག་རྫོང་ཁག་དྲུང་དང་། སྟོད་ལུང་རྫོང་དང་། མལ་གྲོ་གུང་མཁར་རྫོང་། ཞོལ་པ་ལས་ཁུངས་འོག་རྫོང་གཞིས་བཅོ་བརྒྱད་བཅས་སོགས་འདུག

 

གསུམ་པ། ཞོལ་པ་ལས་ཁུངས་མངའ་འོག་རྫོང་གཞིས་དང་གཞན།

ཕྱི་ལོ་ ༡༩༥༤ ལོའི་སྐབས་དབུས་ཁུལ་དུ་རྫོང་གཞིས་ཇི་ཡོད་ལས། ཞོལ་པ་ལས་ཁུངས་ཀྱི་མངའ་འོག་རྫོང་གཞིས་དང་། དེ་མིན་དབུས་ཁུལ་གྱི་གཞུང་འོག་རྫོང་གཞིས་གཞན་རྣམས་དེང་རྫོང་གང་གི་ཁོངས་སུ་ཡོད་མེད་རགས་ཙམ་སྤྲོས་ན།

ལོ་རྒྱུས་ཐོག་གི་རྫོང་དང་གཞིས་ཀ། ད་ལྟའི་རྫོང་།

 

དང་པོ། ཞོལ་པ་ལས་ཁུངས་མངའ་ཞབས་ཀྱི་དབུས་ཁུལ་རྫོང་གཞིས།[12]
ཚལ་གཞིས། འབྲས་གླིང་། གྲ་བཞི་གཞིས།  གླང་རུ་གཞིས། སྐུ་འབུམ་ཐང་། ལྷ་ས།
བདེ་ཆེན་རྫོང་། ལྷོ་མོས། ཆོས་ལུང་། འབྲོམ་ཐོད་གཞིས། ལུམ་པ་གཞིས་(བརྟག་དགོས།)། སྟག་རྩེ་རྫོང་།
གདོང་དཀར་རྫོང་། སྣེའུ་གཞིས། སྐྱ་པོ། ལྷ་མོས་གཞིས། གདོང་དཀར་རྫོང་། སྟོད་ལུང་རྫོང་།
སྒྲགས་གཞིས། འཕྲེང་སྒོ་གཞིས། རྣམ་རྒྱལ་སྒང་གཞིས་(བརྟག་དགོས)། གོང་དཀར་རྫོང་།
ལྗངས། མཉེས་ཐང་གཞིས།  ཤེལ་གྲོང་གཞིས། གནམ་གཞིས། ཆུ་ཤུར་རྫོང་།
གཉིས། དབུས་ཁུལ་གྱི་རྫོང་གཞིས་གཞན།
ལྷུན་གྲུབ་རྫོང་། ཕོད་མདོ་རྫོང་། མཁར་རྩེ་རྫོང་། གླང་ཐང་རྫོང་། ཟ་ལ་གཞིས། ལྷུན་གྲུབ་རྫོང་།
ཆུ་ཤུར་རྫོང་། ཟད་གཞིས། ཆུ་ཤུར་རྫོང་།
མལ་གྲོ་གུང་དཀར། རིན་ཆེན་གླིང་། འོད་ཟེར་གྱང་། མལ་གྲོ་གུང་དཀར་རྫོང་།
སྟོད་ལུང་བདེ་ཆེན་རྫོང་། སྟོད་ལུང་ཚལ་བདེ་གཞིས། སྟོད་ལུང་རྫོང་།
སྙེ་མོ་སྨོན་མཁར་རྫོང་། སྨོན་མཁར་གཞིས། མར་རྐྱང་། སྙེ་མོ་རྫོང་།
ཡངས་ཅན་རྫོང་།  གནམ་མཚོ། སྙིང་དྲུང་། འདམ་གཞུང་རྫོང་།
སྟག་རྩེ་རྫོང་། སྟག་རྩེ་རྫོང་།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

 

[1] བོད་བཙན་པོའི་རྒྱལ་རབས། འབྲི་གུང་སྐྱབས་མགོན་ཆེ་ཚང། སྲོང་བཙན་དཔེ་མཛོད་ཁང་། ཕྱི་ལོ་ ༢༠༡༠། ཤོག་ ༡༩༣།

[2] གོང་བ་ཀླུ་འབུམ་རྒྱལ། སྤུ་རྒྱལ་བཙན་པོའི་སྐབས་ཀྱི་བརྡ་རྙིང་ཡིག་ཆ་སློབ་གསར་སྟོང་གི་འཇུག་སྒོ། མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༡༧༩།

[3] དེབ་ཐེར་དཀར་པོ། མཁས་དབང་དགེ་འདུན་ཆོས་འཕེལ། ཤེས་རིག་དཔར་ཁང་། ཕྱི་ལོ་ ༢༠༠༢། ཤོག་ ༩།

[4] བོད་བཙན་པོའི་རྒྱལ་རབས། འབྲི་གུང་སྐྱབས་མགོན་ཆེ་ཚང། སྲོང་བཙན་དཔེ་མཛོད་ཁང་། ཕྱི་ལོ་ ༢༠༡༠། ཤོག་ ༡༩༧།

[5] མཁས་པ་ལྡེའུ། རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༥། ཤོག ༢༥༣ ནས་ ༢༥༧ བར།

[6] མཁས་པ་ལྡེའུ། རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༥། ཤོག ༣༧༠།

[7] སྡེ་སྲིད་སངས་རྒྱས་རྒྱ་མཚོ། རབ་གསལ་གསེར་གྱི་སྙེ་མ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༩། ཤོག ༨༥།

[8] པ་སངས་དབང་འདུས། བོད་བཙན་པོའི་ལོ་རྒྱུས་ལ་ཞིབ་འཇུག་བྱས་ནས་ཐག་གཅོད་བྱུང་བའི་གནད་དོན་འགའི་དོགས་གནས་ལ་དཔྱད་པ། ཀྲུང་གོའི་བོད་ཀྱི་ཤེས་རིག ཕྱི་ལོ་ ༡༩༩༣།༡ ཤོག ༤༦།

[9] པ་སངས་དབང་འདུས། བོད་བཙན་པོའི་ལོ་རྒྱུས་ལ་ཞིབ་འཇུག་བྱས་ནས་ཐག་གཅོད་བྱུང་བའི་གནད་དོན་འགའི་དོགས་གནས་ལ་དཔྱད་པ། ཀྲུང་གོའི་བོད་ཀྱི་ཤེས་རིག ཕྱི་ལོ། ༡༩༩༣།༡ ཤོག ༤༦།

[10] པ་སངས་དབང་འདུས། བོད་བཙན་པོའི་ལོ་རྒྱུས་ལ་ཞིབ་འཇུག་བྱས་ནས་ཐག་གཅོད་བྱུང་བའི་གནད་དོན་འགའི་དོགས་གནས་ལ་དཔྱད་པ། ཀྲུང་གོའི་བོད་ཀྱི་ཤེས་རིག ཕྱི་ལོ། ༡༩༩༣།༡ ཤོག ༤༦།

[11]འབྲི་གུང་ཆེ་ཚང་། བོད་བཙན་པོའི་རྒྱལ་རབས། ཕྱི་ལོ། ༢༠༡༠། ཤོག ༡༥༨།

[12] ལྕགས་སྟག་ཞིབ་གཞུང་། ཀྲུང་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༩། ཤོག ༡ ནས་ ༤༠།

 

དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།