ཡུལ་འཕྲག་རྩེའི་མིང་གི་སྐོར་རགས་ཙམ་གླེང་བ།
བོད་བཞུགས་བུད་མེད་གཞོན་སྐྱེས་རྩོམ་པ་པོ། གླེང་བ་པོ། ལ་སྟོད་ཚེ་རིང་།
སྒང་པ་བོད་ཀྱི་ཆགས་ཚུལ་ལས་རིམ་བཞིན་ཆུང་མཐའ་ཡུལ་ལུང་ཁུག་ཕྱོགས་དབར་གྱི་སྔོན་གྱི་བྱུང་རབས་དང་། ད་ལྟའི་གནས་བབས། སླད་མའི་ཆག་འཇིག་གི་ཐད་ལ་བསམ་གཞིག་དང་བརྟག་དཔྱད་བྱེད་དགོས་པའི་འོས་འགན་ཞིག་དང་འདུ་ཤེས་ཤིག་ང་ཚོ་གཞོན་རབས་པར་ཡོད་དགོས་ཤིང་། ང་ཚོས་རྒན་རབས་ཚོའི་ངག་རྒྱུན་དག་ལོ་རྒྱུས་དེབ་ཐེར་གྱི་དཔེ་རུ་བླངས་ནས་རང་ཉིད་ལ་བློ་འདྲི་ཚ་འདྲིས་ནན་གྱིས་འཇུག་སྟེ།
བདེན་ལུགས་སྤང་བླང་འཇོག་ལེན་ཚུལ་གྱིས་སྒོ་ནས་ཤ་ཁྲག་ལས་མཆེད་པའི་མ་འོངས་པའི་བུ་རྒྱུད་དག་ལ་སྐྱེ་ཁུངས་དང་རིགས་ཁུངས་རྩད་ཆོད་པའི་དཔང་རྟགས་ཤིག་ཅི་ནས་ཀྱང་གཞོག་རྒྱུ་ཡོད་དགོས། དེ་ཡང་《རླངས་ཀྱི་པོ་ཏི་བསེ་རུ》ལས། རང་གི་སྐྱེས་རྒྱུད་མ་ཤེས་ན་ནགས་ཀྱི་སྤྲེའུ་འདྲ། ཆོ་འབྲང་མ་ཤེས་ན་གཡུ་འབྲུག་ཟོལ་མ་འདྲ། ཕ་མེས་ཀྱི་ཡིག་ཚང་མ་ཤེས་ན་མོན་ཕྲུག་ཡུལ་བོར་འདྲ། ཞེས་པའི་དཔེ་ལྟར་རོ།།
དང་པོ། རང་ཡུལ་འཕྲག་རྩེའི་གནས་ཡུལ་ངོས་འཛིན།
རང་ཡུལ་ནི་གཙང་ལ་སྟོད་ལྷོ་ཡི་ཁོངས་སུ་གཏོགས་པའི་དེང་གི་གཞིས་ཀ་རྩེའི་རྫོང་བཅོ་བརྒྱད་གྲས་ཀྱི་དིང་རི་རྫོང་གི་དིང་རི་རྙིང་པའི་ཁུལ་གྱི་ཡུལ་ལུང་ཞིག་ཡིན། ཐོག་མར། སྐྱེས་བུ་གླེང་བ་ལ་སྐྱེས་རྒྱུད་གླེང་དགོས་པའི་དཔེ་བཞིན།དིང་རི་ཅེས་པའི་མིང་ཐོགས་ཚུལ་ཐད་དིང་རི་ཁུལ་གྱི་དམངས་ཁྲོད་དུ་རྒྱ་གར་གྱི་གྲུབ་ཆེན་ཕ་དམ་པ་སངས་རྒྱས་ཀྱི་དིང་རྡོ་སྨུག་པོ་ཞེས་པ་གཡུགས་ནས་བབས་ཡུལ་དེ་རུ་སྒྲ་དིང་ཞེས་གྲགས་ནས་དིང་རི་ཞེས་ཐོགས་པའི་ཤོད་སྲོལ་བྱུང་ཡང་། མཐའ་གཅིག་ཏུ་དེ་ལྟར་ཡིན་པ་མི་ཁྱབ་ཏེ།《ཕ་དམ་པ་སངས་རྒྱས་ཀྱི་རྣམ་ཐར་དངོས་གྲུབ་འོད་སྟོང་འབར་བའི་ཉི་མ》ལས། “དིང་རི་གླང་འཁོར་དེ་མོན་བོད་གཉིས་ཀྱི་འཚམས་འབྲོག་ཡུལ་སྦ་ཁྱིམ་ཅི་ལེ་བ་་་་་གཅིག་འདུག”ཞེས་གསལ་བས། དེའི་ཐོག་ནས་ཕ་དམ་པ་སངས་རྒྱས་མ་བྱོན་གོང་ནས་ཐ་སྙད་དེ་བེད་སྤྱོད་བྱེད་ཀྱི་ཡོད་པ་ཤེས་ཐུབ།གཞན་ཡང་།《ཤེལ་དཀར་ཆོས་འབྱུང》ལས།“དིང་རི་ར་ས་དམར་པོ་ན་་་་་་་དེ་རྗེས་ཕ་དྲུག་དང་དིང་རིར་གྲོང་ཁྱེར་མང་རབས་ཆགས་འདྲ་བས་ཆོས་རྒྱལ་ཁྲི་སྲོང་གི་དམག་དེབ་ན་ཕ་དིང་གཉིས་ཡོད་དོ།” ཞེས་འཁོད་པས། དེས་ཀྱང་གོ་བ་ཅུང་ཟད་སྐྱེ་ནུས་སོ།།
དེ་ནས་དིང་རི་རྙིང་པ་ཅེས་པ་ནི། དེང་གི་སྒང་དཀར་གྲོང་བརྡལ་གྱི་བྱེ་བྲག་གྲོང་ཚོ་ཉི་ཤུ་རྩ་དྲུག་ཙམ་ཡོད་པའི་ཡུལ་ལུང་གི་སྤྱི་མིང་ཡིན་ཞིང་། ཐོག་མར་དིང་རི་རྫོང་ཞེས་པའི་ཐ་སྙད་འདི་གླང་འཁོར་དགོན་པའི་གཡས་གཡོན་དུ་གནས་པའི་ཡུལ་མིང་རྣམས་ཀྱི་སྤྱི་མིང་དུ་འབོད་ལ་རྫོང་གཞིས་ཀྱང་ཆགས། ཕྱིས་སུ་སྤྱི་ལོ་༡༩༥༠ནང་རྫོང་གཞིས་རྙིང་པ་རྣམས་གཅིག་སྒྲིལ་བྱས་ཏེ་དིང་རི་རྫོང་མི་དམངས་བྱ་བ་གསར་དུ་བཙུགས་ཤིང་། སྲིད་གཞུང་གི་གནས་ཡུལ་ཡང་ཤེལ་དཀར་གྲོང་དུ་བྱས་ནས་དིང་རི་རྫོང་གི་མིང་དེ་རང་སོར་བཞག དེ་ནས་མི་རིང་བར་རྫོང་སྲིད་གཞུང་སྒང་དཀར་རུ་སྤོས་པ་དང་སླར་ཡང་ཤེལ་དཀར་དུ་སྤོས་པར་གྲགས། དེ་ལྟར་རྫོང་མི་དམངས་གནས་ཡུལ་ཐེངས་གསུམ་ཙམ་ཡར་མར་གནས་སྤོས་བྱས་རྗེས། ཕྱིས་སུ་དིང་རི་རྫོང་གཞིས་ཤེལ་དཀར་གྲོང་དུ་གཏན་ཆགས་བྱུང་ཞིང་དིང་རི་གསར་པ་འབོད་ལ། སྒང་དཀར་ཁུལ་ལ་དིང་རི་རྙིང་པ་འབོད་པས། བདག་གི་ཕ་ཡུལ་འཕྲག་རྩེ་འདི་ཡང་དིང་རི་རྙིང་པའི་ཁོངས་སུ་གཏོགས་པའི་གྲོང་ཚོ་ཞིག་ཡིན་པས། དེ་ལྟར་རང་ཡུལ་འཕྲག་རྩེའི་གནས་ཡུལ་ནས་འགོ་བཙུགས་ཏེ་མིང་གི་ཐ་སྙད་ཐོགས་སྟངས་ཐད་ལ་རགས་ཙམ་གླེང་བར་འདོད་པའོ།།
གཉིས་པ། རང་ཡུལ་བྲག་རྩེའི་མིང་ལ་རགས་ཙམ་དཔྱད་པ།
གཅིག “འཕྲག་རྩེ་”ཞེས་པའི་ཐ་སྙད་བྱུང་སྟངས།
དེ་ཡང་དུས་རབས་བཅུ་གསུམ་སྐབས་ལ་བྱོན་པའི་གྲུབ་ཆེན་ཨོ་རྒྱན་པའི་དངོས་སློབ་བསོད་ནམས་འོད་ཟེར་ལགས་ཀྱི་《གྲུབ་ཆེན་ཨོ་རྒྱན་པའི་རྣམ་ཐར་ས་བྱིན་བརླབས་ཀྱི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ》ཅེས་པའི་ནང་དུ་“དེ་ནས་ལ་སྟོད་ལྷོ་ཡི་ཕྱོགས་སུ་བྱོན་ནས་འཕྲག་རྩེ་ཏི་ཏུང་དུ་གདན་ཏེ་རུས་བྱང་ཆུབ་རྒྱ་མཚོ་ལ་འབྲོ་མོ་ཞིག་བཙུན་མོར་བཞེས་པས།སྲས་བསོད་ནམས་གྲགས་སེ། བྱང་ཆུབ་གྲགས་སེ། ཡོན་ཏན་གྲགས་སེ་གསུམ་བྱུང་་་་་་་་་་་་”ཅེས་པར་གཞིགས་ན། སྐབས་དེ་དུས་ནས་རང་ཡུལ་གྲུབ་ཡོད་ཅིང་། ཡུལ་ཏི་ཏུང་ཅེས་པ་འཕྲག་རྩེ་གྲོང་གི་སྟོད་ཙམ་ན་ཆགས་པའི་གྲོང་ཚོ་ཞིག་ཡིན་པ་ལས་ཡུལ་མིང་ཆ་མང་བའི་གཞན་ཡུལ་དང་འཁྲུལ་མེད་པ་བདེ་དཔང་བྱེད་ཐུབ། གྲོང་ཚོ་དེ་གཉིས་དང་ཐོག་མར་སྡེ་བ་གཅིག་ཡིན་པར་བཤད་ཀྱང་སྡེ་བའི་མིང་ཅི་ཡིན་ཆ་མི་འཚལ་ཞིང་ཕྱིས་སུ་སྡེ་བའམ་གྲོང་ཚོ་གཉིས་སུ་གྱེས་པ་ཡིན་ཟེར་བ་དང་གྲུབ་ཆེན་ཨོ་རྒྱན་པའི་སྤོ་བོ་ཡུལ་ཏི་ཏུང་ནས་ཡིན་ཟེར་བའི་ངག་རྒྱུན་ཡང་གནས། ཕྱིས་སུ་དུས་རབས་བཅོ་ལྔ་པའི་སྐབས་གྲུབ་ཐོབ་ཐང་སྟོང་རྒྱལ་པོས་འཕྲག་རྩེའི་རི་སྟོད་ན་ལྕགས་ཆོས་<འཆོང་>མོ་དགོན་བཏབ་ཡོད་ཅིང་། ཡུལ་མིང་དང་དགོན་པ་གཉིས་ཀར་ལུང་དང་ཁུངས་བལྟོས་སའི་འབྲེལ་ཡོད་ལོ་རྒྱུས་ཡིག་ཆ་རྟ་རྔ་ཙམ་ཡང་མེད། གཅིག་བྱས་ན་སྔ་མོའི་སྐབས་ནས་ཡུལ་མིང་སྐོར་སོགས་ཀྱི་ལོ་རྒྱུས་དག་མཁས་པ་སུ་ཞིག་གིས་ཀྱང་ཡིག་ཆ་ལ་བཀོད་མཁན་མ་བྱུང་བ་ཡིན་སྲིད་ལ། ཡང་གཅིག་བྱས་ན་རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ་དགོན་པ་ལ་ཉམས་ཉེས་ཚབས་ཆེན་བྱུང་བ་དང་མཉམ་དུ་རྩ་མེད་སོང་བ་ཡང་ཡིན་དུ་སྲིད། གང་ལྟར་ཡང་མེས་པོས་བཞག་པའི་ངག་རྒྱུན་ཁོ་ན་ལས། ཡང་དག་གཅིག་ཏུ་ངེས་པའི་ལུང་པའི་ཐ་སྙད་གཅིག་མེད་པ་ནི་གཙོ་བོ་རང་ཡུལ་དུ་སྔ་མོ་ནས་འཚོ་བའི་མི་མང་ཆེ་བ་ཞིག་ཡིག་རྨོངས་ཡིན་ལ། མཁས་པ་ཡོད་ཀྱང་ལོ་རྒྱུས་ལ་དཔྱད་ཁོམ་མ་བྱུང་བའམ། ལོ་རྒྱུས་ཡིག་ཆ་ཡོད་ཀྱང་ཕྱི་རབས་པའི་ལག་ཏུ་ཐོབ་མེད་པའི་དབང་གིས། འཕྲག་རྩེའི་“འཕྲག་”ལ་དོ་སྣང་ཙམ་ཡང་མ་བྱུང་རྐྱེན་བེད་སྤྱད་མེད་པར་འགྱུར་ཟིན་ལ། གྲུབ་ཆེན་ཨོ་རྒྱན་པའི་སྐབས་ཀྱི་ཐ་སྙད་འཕྲག་རྩེ་དེ་མ་གཏོགས། གཞན་སྐྱེས་ཆེན་སུ་ཞིག་གིས་རྣམ་ཐར་དང་ལོ་རྒྱུས་ལ་སོགས་པའི་ནང་ཡུན་དུ་བཙལ་ཡང་མི་རྙེད་པའོ།།
གཉིས། “ཁྲག་རྩེ་”ཞེས་པའི་ཐ་སྙད་བྱུང་སྟངས།
ང་ཚོས་སྔ་ནས་བཟུང་སྟེ་དུས་ཡུན་རིང་པོ་ཞིག་བེད་སྤྱོད་བྱེད་པའི་ཐ་སྙད་ནི་ཁྲག་རྩེ་ཡིན་ཞིང་། ཐ་སྙད་འདི་ཆེས་ཐོག་མའི་ཐ་སྙད་དམ་ཡང་དག་གི་འབྲི་སྲོལ་མ་ཡིན་ཡང་། ཡུལ་ལུང་ཕོ་མོ་ཚང་མས་ཁས་ལེན་ནམ་མ་དག་རྒྱུན་འབྱམས་སུ་སོང་ཟིན་པས། ད་ལྟ་ཙམ་དུ་མ་ཟད།སླད་ཕྱིན་ཆད་ཀྱང་ཡུལ་མི་ཚོས་ཐ་སྙད་དེ་གཅིག་ཏུ་བེད་སྤྱོད་བྱེད་ཉེན་ཆེ། དམངས་ཁྲོད་དུ་ཡང་ཐ་སྙད་དེ་དང་འབྲེལ་བའི་གླེང་བྱ་མང་སྟེ། ཡུལ་མི་ཚང་མས་རྣ་བར་ཁུག་མྱོང་བའི་དམངས་སྒྲུང་“སྔ་མོ་ཞིག་ལ་ཡུལ་གླང་འཁོར་གྱི་གླང་གཅིག་ཡུལ་ཞིང་རི་བའི་ཞིང་ལ་ཤོར་ནས། ཡུལ་ཀུ་རའི་མི་ཡིས་ཀི་བཤད་རྒྱབ་པ་དང་། ཡུལ་གདོང་པའི་མི་ཡིས་རྡོ་གཞུས། ཡུལ་ཁྲག་རྩེ་རུ་ཁྲག་འདོན། ་་་་་་་་་་་་་་”ཅེས་པ་ཡོད་ལ། “མི་ངན་ཁྲག་རྩེ། ཆུ་ངན་ར་ཆུ།”ཅེས་པའི་ཁ་དཔེ་ནི། མི་ངན་པ་ཡུལ་ཁྲག་རྩེ་ན་ཡོད་པ་དང་། ཆུ་ངན་པ་ཡུལ་ར་ཆུ་ཞེས་པར་ཡོད་ཟེར་བ་བཞིན། ཐ་སྙད་དེ་ཡུལ་མིང་དུ་འདོད་མཁན་ཧ་ཅང་མང་།དེང་གི་དུས་སུ་གྲོང་ཚོའི་མིང་བྱང་ལ་“ཁྲག་རྩེ་གྲོང་ཚོ་”དང་། གྲོང་ཚོས་གཉེར་བའི་ཁེ་ལས་ཀྱི་སྒོ་བྱང་ལ་ཡང་“ཁྲག་རྩེ་གྲོང་ཚོའི་མཉམ་ལས་ཁང་གི་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་ས་ཚིགས།” “ཁྲག་རྩེ་གྲོང་ཚོའི་སྔོ་ལྗང་བ་མོའི་གསོལ་མར།”སོགས་ཡུལ་མིང་བཀོད་དགོས་ས་ཚང་མར་ཐ་སྙད་དེ་བེད་སྤྱོད་པས། མ་འོངས་པར་ཡང་ཐ་སྙད་དེ་རང་སྤྱོད་མཁན་མང་དུ་འགྲོ་སྲིད་པས།རང་ཡུལ་གྱི་ཐ་སྙད་དུ་ཁྲག་རྩེ་འབོད་མཁན་གྱི་ཡུལ་མི་ཚོ་དང་ཕྱི་ཕྱོགས་སྐྱེ་བོ་ཚང་མས་ཡུལ་མིང་དངོས་ནི་དོན་དངོས་ཐོག་གཞན་ཞིག་ཡོད་པ་མ་རྟོགས་པའི་ཕྱིར་རོ།།
གསུམ། ཡུལ་མིང་“བྲག་རྩེའི་”ཐ་སྙད་ཐོགས་སྟངས།
ཐོག་མར་བོད་དུ་ས་བབས་ཀྱི་ཆགས་ཚུལ་དང་། ཆགས་དབྱིབས།ས་ཆའི་ཁ་དོག་སོགས་ལ་བརྟེན་ནས་མིང་དུ་བཏགས་པའི་ཐ་སྙད་ཧ་ཅང་མང་སྟེ། དཔེར་ན། བྲག་སྟོད་དགོན་པ་ལྟ་བུ་བྲག་ཀྱི་སྟོད་ཙམ་ན་ཡོད་པས་དགོན་མིང་ལ་བྲག་སྟོད་དགོན་པ་བཏགས་པ་དང་། རོང་ཤར་ལྟ་བུ་གཡང་གཟར་གྲོག་རོང་གི་བར་ན་ཆགས་ཤིང་ཡུལ་ལམ་རི་ག་གེ་མོ་ཞིག་ལ་བལྟོས་ན་ཤར་ཕྱོགས་སུ་གནས་པས་ཡུལ་མིང་ལ་རོང་ཤར་བཏགས་པ། ས་སྐྱ་ལྟ་བུ་ས་སྐྱ་བོ་ཡིན་པ་ལ་བརྟེན་ནས་ཡུལ་མིང་ལ་ས་སྐྱ་ཞེས་བཏགས་པ་ལ་སོགས་དང་འདྲ་བར། མེས་པོའི་ངག་རྒྱུན་ལས།རང་ཡུལ་དང་ཐོག་མར་ཆགས་ས་དེ་ད་ལྟའི་ཡུལ་ཆགས་ས་དང་ཉེ་བའི་ར་མ་བྱང་གི་ས་བབས་ཅུང་མཐོ་བ་ཞིག་ཏུ་བྲག་རྩེ་གྲོང་བྱུང་བར་སེམས་ལ། ཕྱིས་སུ་མི་འབོར་མང་དུ་ཕྱིན་ནས་ད་ལྟའི་གྲོང་ཚོ་ཆགས་སའི་སའམ་ཐང་དུ་གནས་སྤོས་པར་བཤད་ཅིང་། ད་ལྟའང་གྱང་རོ་མང་པོ་མཐོང་རྒྱུ་ཡོད། རང་ཡུལ་ལ་བྲག་རྩེ་ཞེས་ཐོགས་པ་ཡང་ས་བབས་སྟེང་གི་ཆགས་ཚུལ་ལ་བརྟེན་ནས་ཡུལ་མིང་དུ་ཐོགས་པར་སོམས། རྒྱུ་མཚན་ནི་བྲག་རྩེ་ཞེས་པར་གོ་བ་བླང་ན་ཡུལ་དེ་བྲག་གི་རྩེ་ལྟ་བུར་ཆགས་ཡོད་པ་བཤད་པས། བྲག་རྩེ་གྲོང་དེ་བྲག་གི་རྩེ་མོར་མི་གནས་ཀྱང་རི་དམའ་པོ་གང་རུང་ཞིག་ལ་བལྟོས་ན་མཐོ་བ་ཡོད་པའི་དབང་གིས་མིང་དུ་བཏགས་པ་ཡིན་སྲིད། ཡང་ཅུང་སྒྲོ་བཏགས་དང་འུད་ཤོབ་ཀྱི་ཆ་ནས་མིང་དུ་བཏགས་པའང་ཡིན་སྲིད། ཕྱིས་སུ་ང་ཚོ་འཚོ་གནས་བྱེད་པའི་སྤྱི་ཚོགས་ལ་གནམ་ས་བླ་འོག་གི་འཕེལ་རྒྱས་བྱུང་བ་དང་བསྟུན་ནས། མི་མང་པོ་ཞིག་ལ་ཤེས་རིག་སྦྱོང་བའི་བསྐལ་པ་བཟང་པོའི་དུས་སུ། ཤེས་ཡོན་པ་ཚོས་རང་ཡུལ་གྱི་ཡུལ་མིང་གྱི་བྱུང་ཚུལ་ལ་དོགས་སློང་དང་བསམ་གཞིག ཞིབ་འཇུག་བྱ་རྒྱུའི་འཆར་སྒོ་དང་འདུན་པ་ཡོད་པ་ནི། ཤིན་ཏུ་བཟང་ཡང་། ཆེས་བློ་རྨུགས་པ་དང་ཡི་མི་རངས་པར་འགྱུར་བ་ནི་རང་ཡུལ་འཕྲག་རྩེའི་སྐོར་དང་འབྲེལ་བའི་དཔྱད་གཞི་ཤིན་ཏུ་དཀོན་པ་དེའོ། དེ་ཡང་གྲུབ་ཆེན་ཨོ་རྒྱན་པའི་རྣམ་ཐར་ལ་འཕྲག་རྩེ་ཞེས་འཁོད་པ་དང་། ཡུལ་མི་མང་ཆེ་བས་ཁྲག་རྩེ་ཞེས་འབོད་པའི་ཐ་སྙད་དང་བྲག་རྩེ་ལས་བྱུང་བར་སྙམ་སྟེ། དིང་རིའི་མི་ཡིས་སྒྲ་མང་པོ་ཞིག་ལ་སྒྲ་གདངས་མཐོ་བའམ་ཤུགས་ཆེ་བར་བཀླགས་པའི་རྣམ་པ་ཧ་ཅང་མང་བས། དཔེར་ན། སྐལ་བཟང་གི་“བཟང་”ལ“བསང་”དང་། ཐག་ཆོད་ཀྱི་“ཆོད་”ལ“ཅོད་” མཐོ་ཚད་ཀྱི་“ཚད་”ལ་“ཙད་” ད་གྱིན་<གིན་>གྱི་“གྱིན་”ལ་“ཀྱིན་”ལ་སོགས་ཡོད། དེ་ནང་བཞིན་དུ་བྲག་རྩེའི་“བྲག་”དེ་ཡང་སྒྲ་ཤུགས་ཆེ་བ་དང་སྒྲ་གདངས་མཐོ་བའི་དབང་གིས་“འཕྲག་” “ཁྲག་”དུ་འབོད་པས། རིམ་གྱིས་ཡུལ་ལུང་ཕོ་མོ་རྒན་གཞོན་ཚང་མའི་ཁ་སྐད་དུ་གྱུར་ཞིང་གྲུབ་ཆེན་ཁོང་གིས་ཀྱང་ཁ་སྐད་གཙོ་བོར་བཞག་ནས་ཡིག་གེར་བཀོད་པ་རེད་སྙམ།།
ཡིན་ནའང་། ཡིག་ངོར་འཁོད་ཡོད་པ་འབའ་ཞིག་ནི། ༼གྲུབ་ཆེན་ཨོ་རྒྱན་པའི་རྣམ་ཐར༽ནང་གི་“འཕྲག་རྩེ་”ཞེས་པ་ཡིན་པས། དེང་གི་དུས་སུ་ལུང་དང་ཁུངས་བཙན་པོ་མེད་པར་ནང་གི་བསམ་ཚུལ་དང་ཕྱི་ཡི་ཆགས་ཚུལ་ཁོ་ནར་གཞིགས་ནས། “བྲག་རྩེ་”ཡིན་པར་སྤྱད་ན། ཕྱི་རབས་ཀྱི་ཡུལ་མི་རབ་དང་རིམ་པ་ཚོས་ཡིག་ངོར་འཁོད་པ་ཉིད་རང་ཡུལ་མིན་པར་ཐེ་ཚོམ་དང་འཁྲུལ་བར་དོགས་པས། མུ་མཐུད་“འཕྲག་རྩེ་”ཞེས་བེད་དུ་སྤྱོད་པའམ། མིང་དུ་འདི་ལྟར་འབོད་ན་འོས་ཤིང་འཚམ་པར་མཐོང་ངོ་།།
གསུམ་པ། མཇུག་གཏམ།
གཏམ་དཔེ་ལ། བསྐལ་པའི་ཡུར་བུ་ལ་སྲིད་པའི་ཆུ་དྲངས་པ་ལས། དཔེ་ངན་གསར་འཛུགས་བྱས་པ་མིན། ཅེས་པ་ལྟར། རང་ཡུལ་དུ་འཚོ་བའི་ཕ་ཚ་བུ་རྒྱུད་ཡོད་དོ་ཅོག་གིས་རང་ཡུལ་གྱི་མིང་གི་ཐ་སྙད་སྐོར་ལ་གོ་བ་ལོན་རྒྱུ་ཞིག་དང་། རྒྱུས་ལོན་ཡོང་བའི་ཆེད་དུ་ཁྱི་ཡིས་སེང་གེའི་བཞུགས་ཁྲི་འཕྲོག་པ་ལྟ་བུའི་སྒོ་ནས་ཡུལ་མིང་གི་ཐ་སྙད་ཐད་ལ་དཔྱད་པ་ཅུང་ཟད་ཅིག་བྱེད་ཁུལ་བྱས་ཡོད། འདི་ནི་རང་ཉིད་མཁས་འདོད་དང་གྲགས་འདོད་མ་ཡིན་པར། མེས་པོ་གོང་མ་ཚོས་རང་ཡུལ་དང་འབྲེལ་བའི་ལོ་རྒྱུས་མང་པོ་ཞིག་ང་ཚོ་ལ་བཞག་མ་ཐུབ་རྐྱེན། རང་ཉིད་སྐྱེས་ས་འཚར་སར་གདོད་མའི་གནས་སྟངས་ཀྱི་ཁུངས་ལུང་དང་ལོ་རྒྱུས་ཀྱི་རྒྱབ་རྟེན་མེད་པའི་རྨོངས་པ་དང་ངོ་ཚ་སྤང་གང་ཐུབ་བྱེད་ཆེད་ཡིན་ལ། རང་ཡུལ་ལ་ཕན་ཐོགས་ཕྲན་བུ་ཡོང་རྒྱུའི་འདུན་པ་ཞིག་ཀྱང་བཅངས་ཡོད་པ་ཡིན། ཁ་དཔེ་ལ། ཁ་ལ་དཔག་པའི་སོ་དང་། མགོ་ལ་དཔག་པའི་ཞྭ་མོ། ཅེས་པ་ལྟ་བུའི་དཔེ་བཞིན། རང་ཡུལ་གྱི་ངོས་འཛིན་ཐད་ལ་ཤོད་དགོས་པའི་ལོ་རྒྱུས་ཤིག་དང་། གཏན་འཁེལ་བའི་ཐ་སྙད་ཅིག་མཁོ་ཐག་ཆོད་ཡིནཔས་ཀྱང་ངོ་།།
ང་ཚོས་མེས་པོ་དམ་པ་རྣམས་ཀྱིས་ང་ཚོར་ཅི་ཡང་བཞག་མེད་པར། འཁང་ར་དང་དམོད་མོ་སོགས་ཅི་ནས་ཀྱང་བྱེད་མི་རུང་། རྒྱུ་མཚན་ནི། ཁོང་ཚོ་ལ་དེ་ལྟ་བུའི་ལོ་རྒྱུས་གྱི་རྗེས་ཤུལ་འཇོག་པའི་ནུས་པ་མེད་སྲིད་ལ། བཞག་ཡོད་པའི་དབང་དུ་བཏང་ཡང་། ཕྱི་རྐྱེན་དུ་མ་ཞིག་གིས་མདུན་དུ་ང་ཚོས་ཁོང་ཚོ་ལ་འཁོན་དོན་ཅི་ཡང་མེད། ང་ཚོ་ལ་ཡོད་དགོས་པ་ནི་རང་ཉིད་ནས་ཁོང་ཚོའི་ལམ་ལ་མི་མཐུད་མ་བསྙེགས་པར་ང་ཚོ་དང་འདྲ་བའི་མ་འོངས་པའི་རང་ཡུལ་སྲུང་མཁན་ལ་རང་ཡུལ་དང་འབྲེལ་བའི་རིག་གནས་གང་མང་ཞིག་འཇོག་གང་ཐུབ་དང་། ད་ལྟ་གནས་པའི་སྲོལ་རྒྱུན་རིག་གནས་ཐ་དག་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་དུ་བཏང་ནས་རྒྱུན་འཛིན་བྱེད་རྒྱུར་འབད་དགོས། དེ་ནི་ང་ཚོས་ཕ་ཡུལ་ལ་ནམ་ཡང་དགའ་ཞེན་མཚོན་པའི་ལག་རྟགས་དང་། ཕ་ཡུལ་གྱིས་ང་ཚོ་ལ་གནང་བའི་ཚེ་གཅིག་གི་དགོད་སྒྲ་དང་འཛུམ་མདངས་ཡང་ཡིན་ངེས་སོ།།
སྤྱི་ལོ་༢༠༢༠ ལོའི་ཟླ་ ༡༠ པར།