འགྲམ་ཁུལ་གྱི་ངོ་སྤྲོད་མདོར་བསྡུས་དང་། མེས་རབས་ཀྱི་ལོ་རྒྱུས།

འགྲམ་ཁུལ་གྱི་ངོ་སྤྲོད་མདོར་བསྡུས་དང་། མེས་རབས་ཀྱི་ལོ་རྒྱུས།

བོད་ལྗོངས་ཀྱི་མཐའ་མཚམས་འགྲམ་ཁུལ་གྱི་ངོ་སྤྲོད་མདོར་བསྡུས་དང་། མེས་རབས་ཀྱི་སྣང་བརྙན་བཞད་པའི་མེ་ལོང་།

རྩོམ་པ་པོ། འཇམ་དཔལ་རབ་བརྟན།

 

སྔོན་གླེང་།

 

གང་གི་ཐུགས་བརྩེ་ཉེར་བཟུང་ནས། །ལྟ་བ་ཐམས་ཅད་སྤང་བའི་ཕྱིར། །

དམ་པའི་ཆོས་ནི་སྟོན་མཛད་པ། །གོ་ཏམ་དེ་ལ་ཕྱག་འཚལ་ལོ། །

ཞེས་མཆོད་བརྗོད་ཀྱི་སྔུན་བསུས་ནས་མི་ལོ་ཉི་ཤུ་ཙམ་གྱི་སྔོན་ནས་གུས་པས་སྦས་པའི་རྣལ་འབྱོར་པ་དིང་རི་བླ་མ་པདྨ་ཚེ་རིང་མཆོག་ལ་མི་ཚེའི་ལོ་རྒྱུས་སོགས་འདྲི་འགོ་བརྩམས་པ་དང་ཆབས་ཅིག་དཔལ་སྤྲུལ་པདྨ་མདོ་སྔགས་བསྟན་འཛིན་མཆོག་གི་མཛད་རྣམ་གང་གསུངས་པ་རྣམས་ཟུར་མཆན་དུ་བཏབ་པ་དང་། ཁོང་གི་གཅུང་པོ་གསང་སྔགས་རིག་འཛིན་མཆོག་ལ་མི་ཚེའི་ལོ་རྒྱུས་དང་འབྲེལ་བའི་སྐོར་དང་། སྙན་གྲགས་ཅན་གྱི་འགྲམ་པ་དྲུང་ཡིག་པ་སངས་སོགས་ཀྱི་སྐོར་ལ་འདྲི་རྩད་བྱས་པའི་ཞོར་ལ་གོར་བོད་ས་མཚམས་གཉའ་ནང་སྨད་འགྲམ་གྱི་སྐོར་སོགས་དང་། བོད་རྒྱ་ནག་དམར་པོའི་ལག་ཏུ་མ་ཤོར་བའི་སྔོན་གྱི་སྐོར་དང་། ཕྱི་ལོ་ ༡༩༥༩ རྗེས་ཀྱི་སྐོར་ལ་འདྲི་རྩད་བྱས་པའི་གྲུབ་འབྲས་ལས་གཉའ་ནང་སྨད་ཡུལ་སྡེ་བཞི་དང་། དགོན་སྡེ་གསུམ་གྱི་ངོ་སྤྲོད་མདོར་བསྡུས་རེ་དང་། མེས་རབས་རྣམས་ཀྱི་མི་ཚེའི་ལོ་རྒྱུས་དང་། དཔལ་སྤྲུལ་པདྨ་མདོ་སྔགས་བསྟན་འཛིན་མཆོག་གི་མཛད་རྣམ་མདོར་བསྡུས་བཅས་སྒྲོ་བཏགས་དང་བཅོས་ལྷད་མེད་པར་བྲིས་ཡོད། སྤྱིར་གུས་པ་ཤེས་ཡོན་གྱིས་དབུལ་ཀྱང་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་རྒྱལ་རབས་སློབ་དཔོན་ཤིན་ཏུ་བཀའ་དྲིན་ཅན་ལོ་རྒྱུས་སྨྲ་བའི་དབང་ཕྱུག་སློབ་དཔོན་ཆེན་པོ་བྱམས་པ་བསམ་གཏན་མཆོག་གིས་ཐུགས་བརྩེས་རྗེས་སུ་བཟུང་ནས་ཞུ་དག་དང་ལམ་སྟོན་སོགས་གནང་བ་དང་། སྙན་ངག་མཁན་དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ་མཆོག་ནས་མེས་པོའི་ལོ་རྒྱུས་ལ་ཞུ་དག་སོགས་དང་། གཞན་མགོ་ཚྭ་ཕུར་པ་རིན་པོ་ཆེ་མཆོག་དང་། དགེ་མང་མཁན་ཆེན་པདྨ་དབང་རྒྱལ་མཆོག་དང་། གདུང་སྲས་བླ་མ་ལྷུན་གྲུབ་མཆོག་དང་། སྒོ་གསར་སྐུ་ཞབས་ངག་དབང་བཀའ་བརྒྱུད་སོགས་ཀྱིས་དུས་ཚོད་གལ་ཆེན་དེ་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་དང་། དམིགས་བསལ་གྱི་བྱང་ནག་ཆུ་ཁ་པ་སེར་བྱེས་དགེ་བཤེས་ཐུབ་བསྟན་རྣམ་དག་མཆོག་ནས་དཔལ་སྤྲུལ་རིན་པོ་ཆེའི་གསུང་རྩོམ་དང་ཁོང་དང་འབྲེལ་བ་ཡོད་པའི་རི་ཁྲོད་གཉིས་པོའི་སྐོར་གྱི་གནས་ཚུལ་དང་ཡིག་ཆ་མཁོ་སྒྲུབ་གནང་བར་སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ་བ་དང་ཆབས་ཅིག་ཆོས་གྲོགས་དགེ་བཤེས་ངག་དབང་བསྟན་འཕེལ་མཆོག་ནས་བསྐྱར་ཞིབ་ཞུ་དག་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། འདི་སྐབས་དེབ་འདི་འདོད་བློ་ཁེངས་པ་ཞིག་མ་བྱུང་ཡང་། སྙན་གྲགས་ཅན་གྱི་འགྲམ་པ་དྲུང་ཡིག་པ་སངས་ཀྱི་སྲས་འགྲམ་པ་ངག་དབང་འཕྲིན་ལས་ལ་སྲས་གསུམ་དང་སྲས་མོ་གསུམ་ལས་འཚོ་བཞུགས་སྲས་མོ་ཆོས་འཛིན་ཁོང་དགུང་ལོ་གྱ་བདུན་ལ་ཕེབས་སྐབས་གུས་པ་ཡང་འབྲུག་སྤ་གྲོ་སྟག་ཚང་གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་གནས་ཁྱད་པར་ཅན་གནས་མཇལ་དང་ཆབས་ཅིག་བལ་ཡུལ་དུ་བཀུར་འོས་དགེ་བསྙེན་ཆོས་འཛིན་དང་བཙུན་མ་དབྱངས་ཅན་གཉིས་ཞལ་མཇལ་ནས་ཟླ་བ་གཉིས་དང་ཉིན་གསུམ་པ། བོད་ཟླ་ ༡༡ པའི་ཡར་ངོའི་ཚེས་ ༡༠ (ཕྱི་ལོ་ ༢༠༢༠ ཕྱི་ཟླ་ ༡ ཚེས་ ༥།) གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་དུས་ཚིགས་ཁྱད་པར་ཅན་ཉིན་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འདབས་ཀྱི་གཟིམ་ཤག་ཏུ་དགོང་མོའི་ཆུ་ཚོད་ ༨ དང་སྐར་མ་ ༨ ཐོག་སྐུ་གཤེགས་པ་ཡིད་སྐྱོའི་གནས་ཚུལ་ཐོས་པས་༸གོང་ས་ཡིད་བཞིན་ནོར་བུར་བསྔོ་རྟེན་ཞིག་ཕུལ་བ་ལགས། ད་ལྟ་འཚོ་བཞུགས་བཙུན་མ་དབྱངས་ཅན་ (དགུང་ལོ་༧༣།) བགྲེས་སོང་ཁོང་ལ་གུས་པའི་དེབ་འདི་སྤྱན་འབུལ་ཞུ་ཐུབ་ན་གུས་པའི་མི་ཚེ་ནང་བསམ་དོན་ཆེན་པོ་ཞིག་གྲུབ་པར་སྙམ་ནས་འབྲི་མཚམས་བཞག་པ་ཡིན། སྤྱིར་ཐ་ཤལ་བ་བདག་ལྟ་བུས་གཉའ་ནང་སྨད་འགྲམ་གྱི་ལོ་རྒྱུས་དང་སྐྱེས་ཆེན་དམ་པ་ཁོང་རྣམ་པའི་ལོ་རྒྱུས་འབྲི་བའི་ནུས་པ་མེད་མོད། ས་བཅད་མ་སྟོང་ཙམ་ཞིག་བྲིས་པ་དེ་ཁུངས་གཏུགས་དང་ཞིབ་འཇུག་གང་ཐུབ་བྱས་པས་རང་དང་འདྲ་བ་རྣམས་ལ་ཕན་ཐོགས་ཏན་ཏན་ཡོང་སྲིད་སྙམ། འདི་ནང་ནོར་འཁྲུལ་དང་བཅོས་བསྒྱུར་དགོས་རིགས་གཟིགས་ན་ལམ་སྟོན་དང་ཐུགས་རྗེས་བསྐྱང་གནང་ཡོད་པ་མཁྱཻན་མཁྱེན་ཅེས་ཕྲན་མཉྫུ་ཤྲཱི་སུ་དྷཱིར་ནས་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡༨ ཉིན་བྲིས། སཏྱམེཝ་ཇཡཏེ།

བརྒྱུད་སྐུལ།

མཆན་སྤེལ།