དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ལྷོ་བྲག་རྫོང་གི་ཞིང་འབྲོག་ལག་ཤེས་དང་ཚོང་ལས་སྐོར།

དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ལྷོ་བྲག་རྫོང་གི་ཞིང་འབྲོག་ལག་ཤེས་དང་ཚོང་ལས་སྐོར།

ས་བཅད་བཞི་པ། ཞིང་འབྲོག་ལག་ཤེས་དང་ཚོང་ལས།

ལེ་ཚན་དང་པོ། ཞིང་འབྲོག་ལག་ཤེས།

ལྷོ་བྲག་རྫོང་གི་ཐོན་ཁུངས་གཙོ་བོ་ཞིང་འབྲོག་ནགས་གསུམ་ལས་ནགས་ལས་གཙོ་བོ་ཡིན་ཞིང་ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི་ ༣༥།༦ ཡོད། ཁུལ་ཡོངས་ལ་རྨོ་ཞིང་མུའུ་ཁྲི་ ༢།༩ ཡོད་པར་ལོ་ཏོག་གཙོ་བོ་ནས་དང་། གྲོ སྲན་མ། རྒྱབ་ར། མ་རྨོས་ལོ་ཏོག བྲ་བོ། པད་ཁ་སོགས་འདེབས་ལས་ཐོན་སྐྱེད་དང་། སྒོ་ཕྱུགས་ནོར་དང་། བ་ཕྱུགས། མཛོ། རྟ། བོང་བུ། དྲེལ། ར། ལུག་བཅས་གསོ་ཚགས་བྱེད།[1] རང་བཞིན་བྱུང་བཟའ་བཅའི་རིགས་ལ། ཁམ་བུ། སེ་ཤ

དཀར་ཤ།འདམ་ཤ ཆོ་ལོ། གྲོ་མ། གཡའ་སྒོག འཛིམ་བུ། སྒོག་སྐྱ། སླེ། ཨ་ལོ། ཟྭ་ཚོད། ལྕང་། སྙ་ལོ། བསིལ་འབྲུམ། སིལ་རིལ་སོགས་སྐྱེ། ས་གནས་རང་ནས་ཤིང་ལྕགས་ལས་གྲུབ་པའི་ཞིང་ལས་ཡོ་ཆས་སྣ་ཚོགས་བཟོ་སྐྲུན་བྱེད་པ་མ་ཟད། ལྷག་པར་ཐུན་མིན་ཐོན་ལས་སུ་ཤིང་ཆ། སྣ་ཚ། ཤོག་བུ། སྣམ་བུ། བོད་ཚོས། སྨྱུག་མའི་སྣོད་ཆས། ཤིང་ཆས་ཆག་སྒམ། རྟ་སྒ། གཞོང་པ། ཁ་གདན་སོགས་ཉེར་མཁོའི་རིགས་སྣ་ཚོགས་ཉེར་འགྱངས་རྫོང་གཞིས་ཁག་ལ་ཕྱིར་ཚོང་འཁོ་འདོན་ཡང་བྱེད་པ་ཡིན།

 

ལེ་ཚན་གཉིས་པ། ཚོང་ལས།

ལྷོ་བྲག་ལྷུན་གྲུབ་དཔལ་འབྱོར་ལགས་ཀྱིས་གསུངས་ན་ལྷ་ཁང་ཚོང་འདུས་ཞེས་པ་དེ། དབྱར་དགུན་གཉིས་ལ་ཟླ་ཤས་ཚུགས་སྲོལ་ཡོད་ཅིང་། སྐབས་དེར་འབྲུག་བོད་གཉིས་ཀྱི་ཚོང་པ་ཕན་ཚུན་རང་ཉིད་ཀྱི་ཐོན་ཁུངས་འཐབ་ལེན་ཉོ་སྒྲུབ་བྱེད་མོད། འབྲུག་ནས་ཕབ་པའི་ཚོང་འབྲས་རྣམས་ཚོང་གི་འགག་སྒོ་རང་ནས་གཞུང་རྫོང་གིས་མཁོ་སྒྲུབ་བསྡུ་ལེན་བྱེད་པ་ལས། མི་སེར་བྱིངས་ཀྱི་ཉོ་ཚོང་མི་ཆོག་ཀྱང་ཉེར་མཁའི་འབྲས་རིགས་ཅུང་ཟད་རྫོང་ས་ནས་ཉོ་ཆོག་པར་གསུངས། གཞན་ཡང་། ཚོང་འདུས་དེའི་ཐུན་མིན་གྱི་སྒྲིག་སྲོལ་ཞིག་ནི་འབྲོག་སྣ་གླིང་གཉིས་ཞེས། ལྷོ་ཁ་སྣ་དཀར་རྩེ་རྫོང་དང་ཡར་འབྲོག་གླིང་རྫོང་གཉིས་ཀྱི་མི་སེར་ཁོ་ན་གཙོབོར་ཚོང་གཉེར་བྱ་ཆོག་ཅིང་། ཁོ་ཚོར་ཚོང་ཁྲལ་ཡང་ཁྲལ་ཆག་ཡོད་འདུག་པ་ལས། དེ་མིན་ལྷོ་བྲག་གི་ཉེ་འཁོར་དང་ཕྱོགས་མཐའི་ཚོང་པ་ཡོད་ཚད་གང་བྱུང་རང་འདོད་དུ་འཛུལ་བཞུགས་མི་ཆོག་པར། ས་གནས་རྫོང་སྡོད་དུ་ཆེད་བཅར་གྱིས་ཆོག་མཆན་ལག་འཁྱེར་ཞུ་དགོས། དེ་ཡང་། འབྲོག་སྣ་གླིང་གཉིས་ཀྱི་མི་སེར་རྣམས་ཁྲལ་ཆག་སོགས་ཐོབ་དོན་ནི། ལོ་རྒྱུས་ཐོག་གི་ཨིན་འགོག་དམག་འཁྲུག་སྐབས་ནས་གཞུང་སའི་རྒྱ་ཚུགས་ཞེས་ཕག་རི་དང་འབྲུག་སོགས་ཀྱི་ས་ཚིགས་དོས་སྐྱེལ་གྱི་ཁྲལ་འུལ་མང་པོ་ཞིག་གོང་གསལ་རྫོང་གཞིས་དེ་གཉིས་ཀྱི་ཁྲལ་མིར་ཤུགས་ཆེར་འཁྲི་བས། དེ་དོན་གཞུང་ས་ནས་ཆེད་དུ་དགོངས་བཞེས་ཀྱིས་ཚོང་འཁོས་འཐབ་ལེན་ཁྲལ་ཆག་སོགས་གནང་བར་གསུངས། སྤྱིར་ལྷ་ཁང་གི་ཚོང་འདུས་དེ་བཞིན་དབུས་གཙང་ཁུལ་གྱི་ཚོང་འདུས་ཆེ་གྲས་སམ་ཚོང་འཐབ་ཆེས་འཁྲུག་ཅིང་གྲགས་པའི་དུས་སྟོན་ལྟ་བུ་ཞིག་ཡིན་པས། དེའི་སྐོར་འོག་ཏུ་ཟུར་བཀོལ་གྱིས་བྲི་བར་བྱ།

ལྷོ་བྲག་ཁུལ་གྱི་ཡོང་སྒོ་གཙོ་བོ་ནི་ཚོང་ལས་ཡིན་ལ། ཁུལ་དེར་ལོ་རྒྱུས་ཐོག་ཚོང་དཔོན་ནོར་བུ་བཟང་པོས་ཚོང་ལས་སྤེལ་བའི་དུས་ཀྱི་ཚོང་བྲེ་དང་ཚུགས་བྲེ་གྲགས་པའི་རང་བྱོན། རྣམ་སྣང་ལྷ་ཁང་གི་ནང་རྟེན་ཡང་ཚོང་དཔོན་ནོར་བཟང་གི་ཕྱག་མཛུབ་བཞུགས་པའི་མཆོད་རྟེན་ཡོད་པ། དེ་བཞིན་ཡུལ་གྲུ་དེར་ཚོ་དཔོན་ནོར་བཟང་དང་འབྲེལ་བའི་གཏམ་བརྒྱུད་ཀྱི་རིགས་ཀྱང་སྣ་ཚོགས་ཤིག་ཡུལ་མི་རྒན་བྱིས་དར་གསུམ་གྱི་ངག་ཐོག་ན་གྲགས་ནས་ཡོད་པ་སོགས་ལས། ཡུལ་དེའི་མི་སེར་རྣམས་ཚོང་འཁོས་འཐབ་ལེན་ལ་དང་དོད་འཇོན་ནུས་ལྡན་པ་གང་ལེགས་མཚོན་ཡོད། དེས་ན་ཡུལ་དེའི་མི་སེར་ཚོས་ཚོང་འདུས་ཆེ་ཁག་ཙམ་མ་ཟད་རྒྱུན་གཏན་ཡང་ནང་ཁུལ་རྫོང་གཞིས་ཉེ་འགྱངས་ཁག་ལ་ས་གནས་ཀྱི་ཐོན་ཁུངས་ཤིང་ཆས་སོགས་དང་། འབྲུ་རིགས། སྤུ། པགས་པ། བལ། ཤ་མར་སོགས་དང་བརྗེ་ཚོང་བྱེད་སྲོལ་དང་།[2] དེ་བཞིན་དགུན་ཁ་འབྲུག་ཡུལ་ནས་སི་པན་མི་འཁུར་རེར་ཁལ་ ༡༠༠ སྐོར་ཙམ་སྒྲུབ་ཏུ་བསྐྱོད་ནས་གོང་ལྟར་ཉེ་འཁོར་རྫོང་གཞིས་ཁག་གི་ཞིང་ཁུལ་དུ་འབྲུ་རིགས་དང་བརྗེ་ཚོང་བྱེད་ལམ་ཡོད་པ་ནི་ཞོར་ཚོང་ཁེ་འབབ་ལེགས་ཤོས་སུ་བརྩི་བ་ཡིན། དེ་དང་ལོ་རེའི་བོད་ཟླ་ ༥ པའི་ཚེས་ ༡༠ དུས་ཆེན་སྐབས་ཀྱང་བོད་འབྲུག་ཕན་ཚུན་འབྲུག་ཟོག རྒྱ་ཟོག ཡུལ་ཟོག་བརྗེ་ཚོང་གྲས་རྒྱས་བྱེད་ལམ་འདུག

ཁུལ་དེའི་དབྱར་དགུན་གྱི་ཚོང་འདུས་ཆེན་མོ་གཉིས་ལས་ལོ་རེའི་དགུན་ཚོང་ནི་བོད་ཟླ་  ༡༢  ཚེས་  ༡༥  ཉིན་ཟླ་བ་གཅིག་ལྷག་ཚོགས་སྲོལ་མཆིས། ཚོང་འདུས་དེར་བོད་འབྲུག་ཚོང་པ་དང་། ཁ་ཆེ་དང་། བལ་པོ། མངའ་རིས་ཁུལ། གཙང་ཁུལ། དབུས་ཁུལ། ཁམས་ཁུལ་བཅས་ཕྱོགས་མཐའ་ཁག་དང་། དེ་བཞིན་ལྷོ་ཁུལ་རྫོང་འགོ་ཁག་བཅས་ནས་ཚོང་པ་དང་གནས་སྐོར་བ་ཕན་འདུ་འཛོམས་ཀྱིས་ཚོང་འདུས་ཤིན་ཏུ་འཁྲུག་ཆེ། སྤྱིར་ཚོང་འདུས་དེར་བོད་ཁམས་ཁྱོན་ཡོངས་དང་རྒྱལ་ཁབ་གཞན་གྱི་ཚོང་རིགས་འཐབ་འཁོས་སུ་ཡོང་སྲོལ་ཡོད་མོད། དོན་རྩ་བོད་འབྲུག་གཉིས་ཀྱི་ཉོ་ཚོང་འཐབ་ལེན་བྱེད་པ་གཙོ་ཆེ་བས། མཚམས་འདིར་སྔ་མོའི་ལྷ་བྲག་ལྷ་ཁང་གཞིས་དང་འབྲུག་གཉིས་ཀྱི་ས་མཚམས་དང་ཚོང་འགྲུལ་སྐོར་ལམ་ཙམ་དཀྱུས་སུ་བརྗོད་ན། དེ་སྔའི་ལྷོ་བྲག་ཁུལ་གྱི་ལྷ་ཁང་གཞིས་དང་འབྲུག་ཡུལ་གཉིས་ཀྱི་ས་མཚམས་ནི་བོད་ནས་སེང་གེ་རི་བརྒྱུད་ཁུལ་དེར་བསྐྱོད་སའི་འབྲུག་བོད་བར་གྱི་གཞུང་ཆུར་བཏབ་པའི་སྔོ་དོང་ཟམ་པ་ཞེས་པ་དེ་ཡིན། ཟམ་པ་དེ་ནི་ལྷ་ཁང་གཞིས་རང་ནས་ཉིན་ལམ་ལྔ་ཙམ་གྱི་རྒྱང་ཁད་དུ་ཆགས་ཤིང་། ཚོང་འགྲུལ་གྱི་བགྲོད་ལམ་དུ་བྲག་རི་གཡང་གཟར་ཤིན་ཏུ་དོགས་ལ་བཙན་པས་གཞུང་ཆུ་གཅིག་པུ་དེ་རང་ལ་ཟམ་པ་ཆེ་ཆུང་བསྡོམས་པས་བཞི་བཅུ་སྐོར་དང་། གཡང་གཟར་འཕྲང་བཙན་གྱི་རིགས་ལ་ཤིང་གི་འཕྲང་སྐས་གདང་བུ་བརྒྱད་བཅུ་ཙམ་བཙུགས་པར་འགྲོ་དགོས་པས། འགྲུལ་བཞུད་ཀྱི་མྱོང་གོམས་མེད་ཚེ་གང་བྱུང་བགྲོད་མི་ཐུབ་པར་གྲགས།

བོད་ཕྱོགས་ལྷ་ཁང་གཞིས་ནས་སྔོ་དོང་ཟམ་པ་བར་གྱི་ལམ་བཟོ་འཕྲང་སྐས་ལྷ་ཁང་གཞིས་འོག་མཐིང་མ། སེང་གེ་རི། ཤས་མོང་བཅས་ཀྱི་མི་སེར་ནས་བཟོ་བསྐྲུན་གྱིས། བོད་ཕྱོགས་ནས་ལམ་ཟམ་སྔོན་ལ་བཟོས་ཟིན་ཚེ་བལ་ཚོན་སྣ་ལྔའི་དར་ལྕོགས་འཛུགས་སྲོལ། ཕྱི་ཕྱོགས་འབྲུག་ནས་སྔོ་དོང་ཟམ་པ་བར་གྱི་ལམ་བཟོ་འབྲུག་ལྷུན་རྩེ་རྫོང་དཔོན་དང་། འབྲུག་ཀུ་རུ་སྡེ་བཞིའི་མངའ་འོག་མི་སེར་ནས་བཟོ་དགོས་ཤིང་། འབྲུགས་པས་སྔོན་ལ་བཟོས་ཟིན་ན་དར་ལྕོགས་དཀར་པོ་འཛུགས། སྤྱིར་ལམ་བཟོའི་དུས་ཚོད་ངེས་གཏན་མེད་པས་འབྲུག་པས་ལམ་བཟོ་འགོ་ཚུགས་བྱས་མཚམས་རི་ལ་མེ་བརྒྱབ་སྟེ་དུ་སྤྲིན་གྱི་བརྡ་སྤྲོད་བྱེད་པ་དང་། བོད་ཕྱོགས་ནས་ལམ་བཟོའི་བརྡ་མཚོན་དུ་ཤིང་གཞོགས་ཆུར་བསྐྱུར་བ་འབྲུག་པས་བརྟག་དཔྱད་བྱེད་ལམ་སོགས་མཆིས། བོད་ནས་འབྲུག་ཏུ་བསྐྱོད་སྐབས་ལྷ་ཁང་གཞིས་ནས་བྱང་ཐིང་བརྒྱུད་ཚེ་ལམ་དཔལ་རིར། ཤས་མོང་། གཡག་རྒྱུག་ལ། སྦས་ཡུལ་ཁན་པ་ལྗོངས། བོད་ལ། སྨན་ཆུང་མ་ཞེས་པའི་གཞུང་ཆུ། གང་ལ་སོགས་བརྒྱུད་ནས་བགྲོད་དགོས་པ་སོགས་ལམ་འཕྲང་ཤིན་དུ་བཙན་ལ་འཇིགས་སྐྲག་ཆེ་བ་མང་པོ་ཞིག་ལ་གདོང་ལེན་གྱིས་དཀའ་ཚེགས་བསྟན་དགོས།

ལྷ་ཁང་དགུན་ཚོང་གི་སྐབས་སུ་འབྱོར་བའི་ཕྱི་ནང་ཞིང་འབྲོག་ཚོང་འགྲུལ་བ་རྣམས། ལྷ་ཁང་གནས་ཁག་དྲུག་ཅེས་པ་པད་ལྷ་ཁང་གསར། གླང་མདའ་འོག གླིང་སྟོད། གླིང་སྨད། གཟིམ་འོག ཁམས་གསུམ་རྡོ་ར་བཅས་ཁོངས་ནས། གནས་ཁག་ཆེ་ཤོས་སར་འབྲུག་ཀུ་རུ་སྡེ་བཞིའི་སྤྱི་ཁྱབ་ལྷུན་རྩེ་རྫོང་དཔོན་གནས་སྡོད་དང་། དེ་བྱིངས་འབྲུག་ཚོང་རྣམས་ཀྱང་གནས་ཁག་གཞིར་བཟུང་སྡོད་པ་ལས་གང་བྱུང་གནས་ཚང་གཡར་མི་ཆོག་པའི་སྒྲིག་ཁྲིམས་དམ་བསྒྲགས་ལྡན། འབྲུག་པ་སོགས་ཀྱི་ཚོང་དཔོན་ཚོང་དུ་ཡོང་སྐབས་ལྷ་ཁང་གནས་ཁག་མ་འབྱོར་ཙམ་དུ། སྔོན་བརྡ་མཚོན་བྱེད་གནམ་མཁར་མེ་མདའ་རྒྱག་ཅིང་མེ་སྐད་ཐོས་འཕྲལ་བསུ་ཆང་ལ་འགྲོ་དགོས། གནས་ཁག་གིས་ཚོང་པར་སྡོད་ཁང་དང་གདན་རྩྭ་བུད་ཤིང་བཅས་མཁོ་སྤྲོད་བྱེད་ལ། ཚོང་འདུས་དངོས་གཞིའི་བརྗེ་ཚོང་སྐབས་གནས་པོས་ཉོ་ཚོང་གཉིས་ཀར་ཕྱོགས་རིས་མེད་པར་བར་གནས་ཀྱིས་འཕྲོལ་མོས་བྱེད་ཅིང་། གནས་པོའི་ཚོང་བཀོད་ལ་མ་ཉན་ཚེ་ཚོང་ཟོག་ལ་ཐེལ་ཙེ་བརྒྱབ་ཐོག་ལྷ་ཁང་གཞིས་སྡོད་ལ་སྤུས་ཚོང་ཞུ་དགོས་ཞེས་ཚོང་གཉེར་མི་བྱེད། དེ་བཞིན་གནས་ཁག་ལ་མ་བསྟུན་པར་ལྐོག་ཚོང་བྱས་ཚེ་ཚོང་ཟོག་གཞུང་བཞེས་ཀྱི་དབང་ཚད་ལྡན། དེ་མིན་ཏ་ལི་ཞེས་དངོས་ཟོག་གི་བཅུ་ཟུར་རིན་བསྒྱུར་བྱས་ནས་ལེན་སྲོལ་འདུག་གོ།

ཚོང་འདུས་དེའི་སྐབས་སུ་ཡུལ་ཟོག རྒྱ་ཟོག འབྲུག་ཟོག་སོགས་ཟོང་གི་རྣམ་གྲངས་ཇི་སྙེད་ཅིག་ཡོད་པ་ལས་འབྲུག་པའི་ཚོང་ཟོག་གཙོ་བོ་སྨན་འབྲས་ལེགས་ཞེར་དང་། ཨ་སུ། ཆུ་འབྲུས། འབྲུམ་སྡེ་གླིང་པ། དཀྱུས་འབྲས་ལེགས་ཞེར། འབྲས་བརྔོད། འབྲས་ལེབ། ཨ་ཤོམ་བོ་ཁ། སི་པན་དམར་སྔོན། སོ་ལོ་སྔོན་པོ། རྒྱ་ཚོས། དམར་བཙོད། ཚ་ལུ་མ། ལི་སྐམ་རློན། མོག་རི་སྤུས་ལེགས། བུར་ཤིང་། རྒུན་འབྲུམ་དཀར་ནག འབུ་རས་དཀར་པོ་ཡུག་ཆེན་དང་། གསུམ་བརྩེགས། འབུ་རས་ཨ་ལི་དཀར་པོ། འབུ་རས་ཤད་པ་ཁྲ་བོ། འབུ་རས་འཇའ་སྒྲིག འབུ་རས་ཁ་དཀྲིས། འགའི་པང་བཏགས། སྦྲང་རྩི། སྨན་རིགས་ཨ་བར་སྐྱུར་གསུམ། སྒ་སྐྱ།  སྒ་སྨུག་ཛ་ཏི་ཕ་ལ། ཏིར་དཀར་ནག རྩ་ཀུ་ཤུ། མེ་ཏོག་ཙམ་པ་ཀ་སོགས་དང་། སྟག་གཟིག་གི་པགས་པ་དང་། སྲམ་ལྤགས། དོམ་ལྤགས། དོམ་ཤ།དོམ་མཁྲིས། ཕག་ཤ།འབྲས་ཀྱི་ཨ་རག་ཀོང་འབྲུའི་ཨ་རག སྦ་སློ་ཚོན་ཁྲ་སྒོར་མོ་དང་གྲུ་བཞི། རྫབ་ཡའི་ཕོར་པ། ཀོ་ལའི་ཕོར་པ་དང་སྒོ་ཕོར་ཆེ་ཆུང་སྣ་ཚོགས། སྨྱུག་མའི་མར་བཀག་ཆེ་ཆུང་སྣ་ཚོགས། སྐེད་རགས་དང་ལྷམ་སྒྲོག་སྤུས་ལེགས། ཁྲ་ལྤངས། འབྲུག་གི་གྲི་རིང་འཐུང་སྣ་ཚོགས་བཅས་ཚོང་གཉེར་བྱེད། བོད་ཟོག་ཏུ་སྤྱིར་བཏང་ཚོང་པས་སྣམ་བུའི་གྱོན་གོས་སྣ་ཚོགས། ཤ་མར་ཕྱུར་བ། ལུག་ལྤགས། ཚི་ལུ། ཤི་ཤ་སྐམ་པོ། ཉ་ཤ་སྐམ་པོ། ཕྱུ་རུལ། བོད་དངུལ་ཀྲམ་དཀར། དབྱིན་སྒོར། རྡཱ་ཡང་། རྐྱང་ཤ།གཡུ་བྱུར། སྤོས་ཤེལ་སོགས་ཡོད།

ལྷ་ཁང་གི་དབྱར་ཚོང་ནི་བོད་ཟླ་ ༥ པའི་ཟླ་མཇུག་ཏུ་ཚུགས་སྲོལ་ཡོད་པ་དེར། ཡུལ་ཁག་གཞན་ནས་ཚོང་པ་རྒྱ་ཆེར་འཛོམས་སྲོལ་མི་འདུག་མོད། འབྲུག་པའི་ཚོང་པ་སྟབས་ལེང་ཕྲང་དང་། སིབ་ལ་ཞེས་པའི་ལ་བརྒྱུད་ནས་ཕོན་ཆེ་ཡོང་སྲོལ་ཡོད་པ་རྣམས་ནི། ཚོང་གཉེར་གཙོ་བོ་བཟའ་ཆ་ཨ་ཤོམ་གསོས་པ། སོ་སྔོན་སོགས་བོད་ཟོག་དང་བརྗེ་ཚོང་བྱེད། དུས་སྐབས་དེ་དག་བརྗེ་ཚོང་ཕལ་མོ་ཆེ་ནི་དངོས་ཟོག་ཕན་ཚུན་བརྗེ་ཚོ་ཙམ་ལས་དངུལ་སྨར་སྤྱོད་སྒོ་ཧ་ཅང་ཆུང་བ་ཡིན། གཞན་ཡང་། གོང་དུ་ཞབས་མཆན་དུ་ཅུང་བཀོད་པ་ལྟར་དབྱར་དགུན་གྱི་ཚོང་འདུས་བརྗེ་ཚོང་སྐབས། ལྷོ་བྲག་ཁུལ་དར་མ། ལྷ་ཁང་གཞིས། སེང་རྫོང་། དོ་རྫོང་། དེ་བཞིན་གྲི་གུ་གཞིས་སོགས་ཀྱི་ཞིང་འབྲོག་མི་སེར་ཚོས། ཚོང་འདུས་ཚོགས་ཡུལ་ས་གནས་ལྷ་ཁང་ཕུད་དེ་མིན་སྣ་རྩེ་རྫོང་དང་། སྒེར་ཁེ་སྨད་པའི་ཁོངས་གླིང་གཞིས་སྡོད་གཉིས་ལ་མ་གཏོགས་གཞན་དག་ལ་ཚོང་མི་ཆོག གང་ལགས་ཤེ་ན། འབྲོག་སྣ་གླིང་གཉིས་ཀྱིས་བོད་ཨིན་དམག་འཁྲུག་སྐབས་ནས་བཟུང་ལམ་སྲོལ་ཆགས་པའི་གཞུང་སའི་ཚོང་ཟོག་མང་པོ་ཕག་རི་ནས་གྲོ་མོ་སོགས་སུ་དོས་སྐྱེལ་བྱེད་ལམ་གྱི་གུན་མཐུད་དུ་གཞུང་ས་ནས་ཚོང་གཉེར་དམིགས་བསལ་བཀའ་གཏན་སྩལ་ཡོད་འདུག སྣ་གླིང་ལས་སྤྲོས་པའི་གཞན་ཚོང་བྱས་པ་ཤེས་ཚེ་དེ་གཉིས་ནས་གཞུང་བཞེས་གཏོང་རྐྱང་གི་དབང་ཚད་ལྡན་པ་སོགས། ལྷ་ཁང་ཁུལ་གྱི་དེ་སྔའི་ལོ་རྒྱུས་རང་བཞིན་ལྡན་ལ་ཐུན་མིན་སྲོལ་རྒྱུན་གྱི་ཚོང་འཁོས་འཐབ་ལེན་བྱེད་ཚུལ་དམིགས་བསལ་དུ་མཐོང་བས། འདིར་ཚིག་ཚོགས་ཀྱི་འཇིགས་པ་སྤངས་དེ་དཀྱུས་སུ་བསྟར་བའི་ངལ་བ་བསྟེན་པའོ།།[3]

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]西藏自治区土地册,西藏自治区测绘局,中国地图出版社出版.1996.Pg 90.

[2] ལྷོ་ཁའི་ལོ་རྒྱུས་རིག་གནས་ཀྱི་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༢༠༡།

[3] གོང་འཁོད་ལྷོ་བྲག་དཔལ་འབྱོར་ལགས་དང་བསམ་གཏན་ལགས་ཀྱི་བཅར་འདྲི།  དེ་བཞིན་བོད་ཀྱི་ལོ་རྒྱུས་དཔྱད་གཞིའི་ཡིག་ཆ་བདམས་བསྒྲིགས། ལྷོ་ཁའི་ལོ་རྒྱུས་རིག་གནས་ཀྱི་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས་སོགས་ལ་བསྣོན་འཕྲི་སྤོར་གཅོག་གིས་སྦྱར།

 

དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།