དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ལྷོ་བྲག་རྫོང་གི་སྲོག་ཆགས། སྐྱེས་དངོས། གཏེར་ཁའི་སྐོར།

དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ལྷོ་བྲག་རྫོང་གི་སྲོག་ཆགས། སྐྱེས་དངོས། གཏེར་ཁའི་སྐོར།

ས་བཅད་དྲུག་པ། སྲོག་ཆགས། སྐྱེས་དངོས། གཏེར་ཁ།

 ཁུལ་དེར་སྲོག་ཆགས་ཀྱི་རིགས་གཙོ་བོ་སྤྱང་ཀི། དྲེད་མོང་། སྲམ། ཕ་ར། ཁྱི་གཟིག གཟིག ཝ་མོ། ཆུ་སྲམ། དོམ། རི་ཞིམ། གྲུམ་པ། འཕྱི་བ། གཡི་སོགས་གཅན་གཟན་དང་། རྐྱང་། དགོ་བ། གཙོད། གཉན། གླ་བ། ཏི་ཕུ། གནའ་བ། རི་བོང་། འཕྱི་ཕིག ཤ་བ་ཁྲ་ཁྲ་སོགས་རི་དྭགས། བྱ་རིགས་གོང་མོ། སྲེག་པ། རྒོད་པོ། གོ་གླས་དཀར། ཕོ་རོག སྐྱུང་ཀ ཁྲུང་ཁྲུང་། ངང་པ་དཀར་སེར། ཆུ་བྱ། བྱ་ལོང་། ཕུག་རོན། བྱ་རྒོད། ཁྱིམ་བྱ། སྤུ་ཤུད། སྐྱ་ཀ འུག་པ། བྱ་རོག

བྱ་གླག གོ་བོ། འཇོལ་མོ། ཁང་བྱེའུ་སོགས་ཡུལ་དེའི་ནགས་ཁྲོད་དུ་འདབས་ཆགས་ཀྱི་རིགས་འདྲ་མིན་གྲངས་ཀྱིས་མི་ཆོད་པ་མཐོང་དུ་ཡོད། སྐྱེ་དངོས་གཙོ་བོ་ཏི་ཕུ་དང་། དབྱར་རྩ་དགུན་འབུ། གཡའ་སྐྱ་རི། འཕྱི་བ། སྙི་བ། ཡུ་གུ་ཤིང་། ལྕ་བ། བྲག་ཞུན། གངས་ལྷ་མེ་ཏོག་སོགས་ཡོད།[1] དེ་མིན་ཤུག་པའི་རིགས་ལ་བ་ལུ། སུ་ལུ། གཡའ་ཚན། གངས་དཀར། ཤ་ཕྲུག འཁན་པ། ཆུ་ཤིང་འོམ་བུ། ཐང་ཤིང་རིགས་སྣ་ཚོགས། སྟག་པ། བླ་མ་ཤིང་། ཚར་མ་ཤིང་། གདུང་ཤིང་། གླང་མ་དང་། སྦྱར་དཀར། མྱང་རྩི་སྤྲས། སྡོང་ཕུང་སོགས་ཀྱི་གཙོས། ལྕང་མ་ལྕང་དཀར་སོགས་ལྕང་མའི་རིགས་མི་འདྲ་བའང་གྲངས་ལས་འདས་པ་རྙེད་དུ་ཡོད།

མེ་ཏོག་གི་རིགས་བ་ལུའི་མེ་ཏོག སུ་ལུའི་མེ་ཏོག ཚར་མའི་མེ་ཏོག ཁྲག་ཤ་མེ་ཏོག སེར་ཆེན་མེ་ཏོག ཧ་ལོའི་མེ་ཏོག སྤང་རྒྱན་མེ་ཏོག ཁྱུང་ལུང་མེ་ཏོག སྐལ་བཟང་མེ་ཏོག ཞོ་སྟོན་མེ་ཏོག འབྲས་སིལ་མེ་ཏོག གོས་ཆེན་མེ་ཏོག གང་ཟང་མེ་ཏོག དཀར་ཡོལ་མེ་ཏོག་སོགས་མེ་ཏོག་གི་རིགས་ཀྱང་སྣ་ཚོགས་སྐྱེ། ས་གནས་དམིགས་བསལ་ཐོན་རྫས་དབྱར་རྩྭ་དགུན་འབུ་དང་། གླ་རྩི། སྙི་བ། མྱང་རྩི་སྤྲས་སོགས་སྨན་རྫས་དང་། གཏེར་ཁའི་ཐོན་ཁུངས་གཙོ་བོ་ངར་ལྕགས་དང་ཆུ་ཤེལ་སོགས་ཡོད། ཆུ་བེད། རླུང་ཤུགས་དང་ཉི་མའི་ནུས་པའི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་ཡོད་དོ།།[2]

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]西藏自治区土地册,西藏自治区测绘局,中国地图出版社出版.1996.Pg 90.

[2]西藏自治区土地册,西藏自治区测绘局,中国地图出版社出版.1996.Pg 90.

 

དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།