ཡུལ་སྐོར་ཟིན་བྲིས། གྲོ་མོ་རིན་ཆེན་སྒང་།

ཡུལ་སྐོར་ཟིན་བྲིས། གྲོ་མོ་རིན་ཆེན་སྒང་།
༄༅། །ཡུལ་སྐོར་ཟིན་བྲིས། གྲོ་མོ་རིན་ཆེན་སྒང་།
“སྐད་གྲགས་ཡོད་པའི་གྲོ་མོ་རིན་ཆེན་སྒང་ཞེས་པ་དེ་ནི། སྔོན་ཆད་བོད་ཀྱིས་འབྲུག་དང་། རྒྱ་གར། བལ་ཡུལ། འབྲས་ལྗོངས་སོགས་དང་ཕྱི་འབྲེལ་ཉོ་ཚོང་བྱེད་སའི་ལྟེ་གནས་འགངས་ཆེན་ཞིག་ཡིན། གྲོ་མོ་ནས་ཤར་དུ་སྤྱི་ལེ་ 42km སོང་ན་འབྲུག་རྒྱལ་ཁབ་ (Bhutan 不丹) ལ་སླེབས། ནུབ་ཏུ་སྤྱི་ལེ་ 58km ཙམ་སོང་ན་རྒྱ་གར་ཏེ།
ཤི་ལི་རྒུ་རིས་ (Siliguri) བརྒྱུད་ནས་སོང་ན་འབྲས་ལྗོངས་ (सिक्किम Sikkim 锡金) མངའ་སྡེར་སླེབས་ཐུབ།” འབྲས་ལྗོངས་ནི་ 1975 ལོ་ཡན་ཆད་ལ་རྒྱལ་ཁབ་ཅིག་ཡིན་མོད། དེའི་རྗེས་ནས་རྒྱ་གར་གྱིས་ཁྱུར་མིད་བཏང་། གྲོ་མོ་ནི་སྔོན་ཆད་ཕག་རི་རྫོང་གི་མངའ་ཁོངས་སུ་གཏོགས་ཤིང་། ཕག་རི་ནས“གྲོ་མོ་དྲག་ཤོས” ཞེས་གྲོ་མོའི་དབུ་ཁྲིད་བསྐོ་བཞག་བྱས་ཏེ་དེས་གྲོ་མོར་ལྟ་སྐྱོང་གནང་གི་ཡོད་ལ། དེའི་རྗེས་སུ་ཡང“གྲོ་མོ་སྤྱི་ཁྱབ་པ”ཞེས་པ་ཞིག་བསྐོ་བཞག་བྱས་ཏེ་གྲོ་མོའི་དབང་ཆ་ཆེ་ཤོས་དེས་འཛིན་པ་ཡིན་འདུག སྤྱི་ལོ་ ༡༩༥༩ ལོའི་རྗེས་ནས་གཞུང་གིས་གྲོ་མོ་རྫོང་དུ་བསྒྱུར་ཅིང་། ཕག་རི་དེའི་ཁོངས་གཏོགས་ཀྱི་གྲོང་རྡལ་ཞིག་ཏུ་བསྒྱུར་ཡོད།

(འདི་ནི་གྲོ་མོ་རིན་ཆེན་སྒང་གི་མཐའ་མཚམས་ཉོ་ཚོང་ཁྲོམ་ར་གསར་པ་དེ་རེད།)
སྐད་གྲགས་ཡོད་པའི་གྲོ་མོ་རིན་ཆེན་སྒང་ཞེས་པ་དེ་ནི། སྔོན་ཆད་བོད་ཀྱིས་འབྲུག་དང་། རྒྱ་གར། བལ་ཡུལ། འབྲས་ལྗོངས་སོགས་དང་ཕྱི་འབྲེལ་ཉོ་ཚོང་བྱེད་སའི་ལྟེ་གནས་འགངས་ཆེན་ཞིག་ཡིན་པས། དེང་སང་ཡང་མིང་མ་འགྱུར་བར“རིན་ཆེན་སྒང”ཞེས་སྔོན་མིང་རང་སོར་བཞག་འདུག་ལ། དེར་རྒྱ་གར་གྱི་ཚོང་ཁྲོམ་ཡང་མཆིས། ཚོང་རྒྱག་པར་ཡོང་པའི་རྒྱ་གར་གྱི་རླངས་འཁོར་ 60 ཙམ་ཡོད། ཡིན་ན་ཡང་། རྒྱ་གར་གྱི་ཚོང་པ་དག་མཚན་མོར་འདིར་སྡོད་ཆོག་གི་མེད་པར་ཆུ་ཚོད་ 18:30 སྟེང་ནས་ཚོང་སྒོ་བརྒྱབ་སྟེ་ཕྱིར་རྒྱ་གར་ལ་ལོག་དགོས་པ་དང་། ཕྱི་ཉིན་ཡང་རྒྱ་གར་ནས་གྲོ་མོར་ཚོང་རྒྱག་པར་སླེབས་ཡོང་གི་ཡོད། རྒྱ་གར་ནས་གྲོ་མོར་སླེབས་དུས་ནི་ཆུ་ཚོད་ 15:00 ཙམ་ཡིན་པས། ཚོང་རྒྱག་པའི་དུས་ཚོད་ལ་ཏག་ཏག་ཆུ་ཚོད་ 03:30 མ་གཏོགས་ཡོང་གི་མི་འདུག དེ་བཞིན་རེས་གཟའ་ཟླ་བ་ནས་ཕུར་བུའི་བར་དུ་མ་གཏོགས། རེས་གཟའ་པ་སངས་ནས་ཉི་མ་བར་གྱི་ཉིན་གསུམ་ལ་གུང་གསེང་ཡིན་པས་ཚོང་ཀ་མེད། གྲོ་མོ་རིན་ཆེན་སྒང་དུ་ཚོང་རྒྱག་པར་ཡོང་པའི་རྒྱ་གར་བ་མང་ཤོས་ནི་གཞི་རྩ་བོད་རིགས་ཡིན་པ་ལ་རྒྱལ་ཁོངས་རྒྱ་གར་དུ་ནར་སོན་པ་ཤ་སྟག་ཡིན་སྟབས། ཁོ་ཚོའི་ཁ་རིས་སྤུ་མདོག་གི་སྟེང་ལ་བོད་དང་རྒྱ་གར་གཉིས་ཀའི་ཁྱད་ཆོས་ལྡན་ཡོད། ང་ཚོའི་བར་ལ་ཁྲག་རྒྱུན་གྱི་འབྲེལ་བ་དེ་འདྲ་ཞིག་ཡོད་པའི་དབང་གིས། དགོང་མོ་ཁོ་ཚོ་ཕྱིར་རྒྱ་གར་ལ་ལོག་ཁར་ཕན་ཚུན་ཕྱག་བརྡ་བཏང་སྟེ་བདེ་མོ་དང་འཚམ་པོ་ཞུ་བའི་ངང་ཚུལ་དེས། དངོས་གནས་སེམས་ཀྱི་གཏིང་རིམ་ཞིག་ལ་དགའ་བ་དང་སྐྱོ་བ་ཟད་མེད་སྟེར་བར་བྱེད།
གྲོ་མོ་ནས་ཐག་ཉེ་ཤོས་ཀྱི་རྒྱལ་ཁབ་དེ་འབྲུག་ཡུལ་ཡིན་མོད། འབྲུག་པའི་ཚོང་ཁྲོམ་གྲོ་མོར་ཡོང་བར་གཞུང་གིས་ངོས་ལེན་བྱས་མེད། འོན་ཀྱང་། གྲོ་མོ་རིན་ཆེན་སྒང་ནས་ཤར་ཏུ་སྤྱི་ལེ་ 4km ཙམ་སོང་ན། ཨ་སངས་གྲོང་ཚོ་ ༼ས་མིང་འདི་བཞིན་དག་མིན་མ་ཤེས་པས་དཔྱད་དགོས༽ ཞེས་པ་ཞིག་ཡོད་ལ། དེར་འབྲུག་པ་དག་གིས་དྲེལ་ལ་ཟོང་བཀལ་ནས་ཡོང་སྟེ་ཉོ་ཚོང་རྒྱག་གི་ཡོད་ཟེར། མ་ཟད། གྲོ་མོ་རྫོང་མཁར་ལ་མ་སླེབས་གོང་དུ། ཕག་རི་གྲོང་རྡལ་ཟེེར་བ་ཞིག་ཡོད་ལ། དེར་ཡང་འབྲུག་གི་ཚོང་ཁྲོམ་ཡོད་ཟེར།
(གྲོ་མོ་ཕག་རི་གྲོང་རྡལ་དུ་ཡོད་པའི་འབྲུག་པ།)
(འདི་ནི་གྲོ་མོ་དུང་དཀར་དགོན་རེད། མཚན་རྒྱས་པར་དུང་དཀར་བཀྲ་ཤིས་ལྷུན་གྲུབ་དགོན་ཞུ།
གྲོ་མོ་སྟོད་རུས་སྤུངས་སྒང་ཞེས་པའི་གྲོང་ཚོའི་ཤུལ་གྱི་མདུན་དུ་ཆགས་ཡོད།)
པཎ་ཆེན་སྐུ་ཕྲེང་ལྔ་པ་ཨེར་ཏི་ནི་བློ་བཟང་ཡེ་ཤེས་༼1663-1737༽མཆོག་གི་དངོས་སློབ་གྲོ་མོ་དགེ་བཤེས་རིན་པོ་ཆེ་སྐུ་ཕྲེང་དང་པོ་སྐྱབས་རྗེ་ངག་དབང་སྐལ་བཟང་མཆོག་གིས་ཕྱག་འདེབས་མཛད། འདི་གའི་ཡུལ་མི་ཚོས“དགེ་བཤེས་རིན་པོ་ཆེ”ཟེར་བ་ལས་ཁོང་གི་མཚན་གཞན་གང་ཡིན་ཤེས་ཀྱི་མེད་ཟེར་གྱི་འདུག་མོད། མཚན་ཆ་ཚང་ལ་དགེ་བཤེས་ངག་དབང་སྐལ་བཟང་ཞུ། ཁོང་གཙང་བཀྲ་ཤིས་ལྷུན་པོར་ཆོས་ཞུགས་བྱས་ཤིང་དགེ་བཤེས་ཀྱི་མཚན་རྟགས་བཞེས། ཕྱིས་སུ་གྲོ་མོར་ཕེབས་དུས་སྦས་པའི་རྣལ་འབྱོལ་པའི་ཚུལ་ཁོ་ན་མཛད་འདུག ཨ་མ་དབང་མོ་ཞེས་པའི་ཁྱིམ་ཚང་གི་སྐས་འོག་ཏུ་གནས་ཚང་གཡར་ནས་བཞུགས་པ་སོགས་ཤིན་ཏུ་དཀྱུས་མའི་མཛད་པ་གནང་མཁན་ཞིག་ཡིན་པར་སྣང་། གྲོ་མོར་སྒང་དགུ་ཡོད་པ་ལས་རི་ཕུན་སྒང་དཔོན་མོ་དང་དགའ་གླིང་སྒང་དཔོན་མོ་གཉིས་ཀྱིས་སྦྱིན་བདག་བྱས་ནས་དུང་དཀར་དགོན་འདི་ཕྱག་བཏབ་སྐད། ཁོང་སྔོན་ཆད་ད་ལྟའི་དུང་དཀར་དགོན་ཡོད་སའི་རྒྱབ་རིའི་རྩེ་མོར་སྐུ་མཚམས་ལ་བཞུགས་ཤིང་། ཁོང་སྐུ་མཚམས་ལ་བཞུགས་དུས་བྱུང་བའི་རིལ་བུའི་་ནང་ལ་སེང་གེའི་འོ་མའི་ཕབ་རྒྱུན་ཡོད་ཟེར་བ་སོགས་མཛད་པ་ངོ་མཚར་ཅན་དུ་མ་ཞིག་གླེང་རྒྱུ་ཡོད་པ་ཡིན་ནོ། །
སྤྱི་ལོ་ ༡༩༡༢ ལོར་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་ལྷ་སར་ཡོད་པའི་“ར་ག་ཁ་ཆེ”ཡོངས་རྫོགས་མཐའ་སྤྲོད་བཏང་བའི་རྗེས་ནས། སྤྱི་ལོ་ ༡༩༥༠ ལོའི་བར་དུ་བསིལ་མོའི་ལྗོངས་འདིར་གཞན་གྱི་སྟོབས་ཤུགས་གང་ཡང་མེད། སྤྱི་ལོ་ ༡༩༤༨ ལོར་ལྷ་སར“ར་ག་ཁ་ཆེའི”སོ་པ་ཐོན་ཡོད་པའི་གནས་ཚུལ་དབུས་ནས་གསན་རྟོགས་བྱུང་ཞིང་། སྤྱི་ལོ་ ༡༩༥༠ ལོར་ཆབ་མདོ་བཅིངས་གྲོལ་བཏང་། རྒྱལ་ཚབ་སྟག་བྲག་གིས་ཉེན་ཁའི་གནས་སུ་ཚུད་པ་ཤེས་ནས་རང་ཉིད་ཉེན་ཁ་ལས་གཡོལ་ཆེད་ལམ་སེང་སྲིད་དབང“རྒྱལ་བུ་དོན་གྲུབ”ལ་སྤྲད། སྤྱིར་བཏང“སངས་རྒྱས”སྐུ་ཕྲེང་ན་རིམ་གྱིས་དགུང་ལོ་བཅོ་བརྒྱད་ལ་མ་སོན་པར་ཆོས་སྲིད་ཀྱི་འགན་བཞེས་སྲོལ་མེད་ཀྱང་། “རྒྱལ་བུ་དོན་གྲུབ”ཀྱིས་ནི་དགུང་ལོ་བཅུ་དྲུག་སྟེང་སྟེ། ལྕགས་སྟག་སྤྱི་ལོ་ ༡༩༥༠ ལོའི་ཟླ་ ༡༡ ཚེས་ ༡༧ ཉིན་གནས་བབ་ཛ་དྲག་ཅན་དེར་ཞལ་གཏད་དེ་ཆོས་སྲིད་གཉིས་ཀྱི་བདག་པོའི་འགན་དངོས་སུ་བཞེས་དགོས་བྱུང་ཡོད། བོད་ཀྱི་སྲོལ་ལྟར་སྤྲུལ་པའི་སྐུ་མཆོག་གསེར་ཁྲིར་མངའ་གསོལ་བའི་མཛད་སྒོ་ལ་བཙོན་པ་ཡོངས་རྫོགས་བཙོན་གྲོལ་གཏོང་སྲོལ་ཡོད་པ་ལྟར་བཙོན་པ་ཆེ་ཆུང་ཡོད་ཚད་བཙོན་གྲོལ་བཏང་། མཁས་དབང་དགེ་འདུན་ཆོས་འཕེལ་ཡང་སྐལ་བཟང་དེ་མངོན་དུ་ཤར་ནས་བཟང་བཙོན་གྱི་ཚུལ་དུ་གློད་པའོ། །
ལྕགས་སྟག་སྤྱི་ལོ་ ༡༩༥༠ ལོའི་ཟླ་ ༡༢ ཚེས་ ༡༩ ཉིན། གཙོ་བོ་སྐུ་འཁོར་ཞབས་འབྲིང་དང་བཅས་པ་གྲོ་མོར་རྡོག་ཕེབས་གནང་དགོས་བྱུང་ཞིང་། གྲོ་མོ་དུང་དཀར་དགོན་དུ་ཟླ་བདུན་ལྷག་ཙམ་བཞུགས། དེ་རུ་ལོ་རྒྱུས་ཁྲོད“གྲོ་མོ་བྱེས་གཞུང་བཀའ་ཤག”ཅེས་འབོད་པ་ཞིག་བྱུང་། ལྕགས་ཡོས་སྤྱི་ལོ་ ༡༩༥༡ ལོའི་ཟླ་ ༧ ཚེས་ ༡༦ ཉིན། དམག་དཔོན་ཀྲང་ཅིན་བོའུ་ཡིས་སྣེ་ཁྲིད་པའི་རྒྱ་མི་སྐོར་ཞིག་རྒྱ་གར་བརྒྱུད་དེ་གྲོ་མོར་འབྱོར་ཞིང་གཙོ་བོར་མཇལ། གཙོ་བོ་སྐུ་འཁོར་ཟླ་ ༧ པའི་ཚེས་ ༢༧ ཉིན་གྲོ་མོ་ནས་ལྷ་སར་ཆིབས་ཁ་བསྒྱུར་ཅིང་། ཟླ་ ༨ ཚེས་ ༡༨ ཉིན་ལྷ་སར་འབྱོར་པ་ཡིན་ནོ། །
གསེར་ཁྲི་འདི་ནི་ཁོང་དུང་དཀར་དགོན་དུ་བཞུགས་སྐབས་ཀྱི་བཞུགས་ཁྲི་ཡིན་པར་མ་ཟད། ཁྲི་འདིའི་སྟེང་ནས་དགུང་ལོ་བཅུ་དྲུག་ལ་སོན་པའི་ཁོང་གིས་དུས་འཁོར་དབང་ཆེན་ཐོག་དང་པོར་བསྐུར་གནང་བ་རེད། གྲོ་མོ་སྟོད་ནི་ལུང་ཁོག་དོག་མོ་ཞིག་ཡིན་ན་ཡང་། སྐབས་དེར་དད་འབངས་ཁྲི་ཕྲག་བཅུ་གཅིག་ཙམ་འདུས་ཞེས་ཡུལ་མི་ཚོས་སྨྲ་ཡིན་འདུག །
འདི་ནི་ཁོང་དགུང་ལོ་བཅུ་དྲུག་ལ་སོན་སྐབས་ཀྱི་དབུ་ཞྭ་རེད། རིག་གསར་གྱི་ཁ་དུག་གིས་མ་ཚུགས་པ་ཡིན་པས། བྱིན་རླབས་ཀྱི་ཚན་ཁ་འབར་བ་ཞིག་ཡོད་པ་ནི་སྨོས་ཀྱང་ག་ལ་དགོས། ཞྭ་འདིའི་བདག་པོས་སྐྱེས་རབས་འདི་ལ་དབྱིབས་དང་ཁ་དོག་མི་གཅིག་པའི་ཞྭ་ག་ཚོད་མང་པོ་ཞིག་མནབས་མྱོང་ཡོད་པ་རེད་ཨང་སྙམ་ནས་ཀྱང་ངོ་མཚར་སྐྱེ་རྒྱུ་ཡོང་ངོ་། །
གྲོང་ཚོ་འདི་ནི་རུས་སྤུངས་སྒང་གི་མར་གཤམ་དུ་ཆགས་ཡོད།
སྔོན་ཆད་ས་འདིར་དུང་དཀར་དགོན་པའི་སྦྱིན་བདག་ཡིན་པའི་དུད་ཁྱིམ་གཅིག་མ་གཏོགས་ཐང་སྟོང་ཡིན་མོད། “མ་བོས་མགྲོན་པོ”སླེབས་རྗེས། ས་འདིར་དང་པོར་སློབ་ཆུང་ཞིག་ཆགས། དེའི་འཕྲོར་དམག་སྒར་ཞིག་ཆགས་སོང་ཟེར། དེའི་ཁར་སྤྱི་ལོ་ 2011 ལོའི་ཟླ་ 9 ཚེས་ 18 ཀྱི་མཚན་མོའི་ཆུ་ཚོད་ 09:00 ཙམ་གྱི་སྟེང་ལ། གྲོ་མོར་ས་ཡོམ་ཆེན་པོ་བརྒྱབ་ཅིང་ས་ཡོམ་གྱི་ལྟེ་བ་རུས་སྤུངས་སྒང་གྲོང་ཚོ་ཡོད་ས་དེ་ཡིན་པས། གྲོང་ཚོའི་མི་ཁྱིམ་དགོན་གསུམ་ལ་གཏོར་བརླག་ཚད་མེད་ཐེབས། ཕྱིས་སུ་སྲིད་གཞུང་གི་བཀོད་སྒྲིག་འོག རུས་སྤུངས་སྒང་དང་། དགའ་གླིང་སྒང་། སྒང་དགུ་བཅས་ཀྱི་གྲོང་ཚོ་དག་ས་དེར་མཉམ་བསྲེས་འདུས་སྡོད་བྱེད་དུ་བཅུག་ཅིང་། དེ་ལ་སྲིད་གཞུང་གིས“སྒང་གསུམ་གྲོང་ཚོ”ཞེས་པའི་མིང་གསར་པ་ཞིག་བཏགས་འདུག པར་ལས་མཐོང་བ་ནི་དམག་སྒར་དང་སྒང་གསུམ་གྲོང་ཚོ་གསར་པ་དེ་རེད།
གྲོ་མོ་སྟོད་ཀྱི་ལྟེ་བ་དེ་ན་ཡིན། དགའ་གླིང་སྒང་གི་གྲོང་མི་རྒན་མོ་ཞིག་དང་ཁ་བརྡ་བྱས་པས། “ང་ཚོའི་སྔོན་གྱི་གྲོང་ཚོ་ཡོད་ས་དེ་དཔེ་སྐྱིད་པོ་ཡོད། སྒང་གསུམ་དུ་སྤོར་དགོས་དོན་ག་གེ་ཡོད་མ་རེད། ཡིན་ནའི། ད་ཅི་ཤེས། ག་རེ་ཡིན་ནམ”ཞེས་ཁོ་ཚོ་སྒང་གསུམ་དུ་སྤོས་དུ་བཅུག་པར་འཁང་ར་བྱེད་ཀྱིན་འདུག དོ་ཞག་དགའ་གླིང་སྒང་གི་གྲོང་ཤུལ་རྙིང་པ་དེ་སྟོང་པ་ལྟ་བུར་ཆགས་ཤིང་། དེའི་དཀྱིལ་དུ་སྲིད་གཞུང་གིས་ཡུལ་སྐོར་སྤྲོ་སྐྱིད་གཏོང་ས་ “度假村” ཞིག་གསར་བསྐྲུན་བྱས་འདུག །
འདི་ནི་སྐད་གྲགས་ཅན་གྱི་གྲོ་མོ་རིན་ཆེན་སྒང་རེད། གྲོ་མོ་སྨད་ཀྱི་ལྟེ་བ་དེ་ན་ཡིན། སྔོན་ཆད་རྒྱ་གར་དང་བལ་པོའི་ཚོང་འདུས་ཆེན་མོ་ཡོད་ས་གནས་འདི་ཡིན། གྲོང་ཚོ་གཉིས་ཡོད་པའི་དབུས་སུ་གྲོ་མོ་མ་ཆུ་བཞུར་གྱིན་ཡོད། ཆུའི་ཚུ་རོལ་གྱི་གྲོང་ཚོ་དེ་རིན་ཆེན་སྒང་ཡིན་ལ། ཕ་རོལ་གྱི་གྲོང་ཚོ་དེ་དོ་རྒྱ་སྒང་ཡིན། དེ་ན། གྲོ་མོར་ཁྱོན་བསྡོམས་སྒང་དགུ་ཡོད་དེ། རིན་ཆེན་སྒང་། དགའ་གླིང་སྒང་། རུས་སྤུངས་སྒང་། གཡུལ་ས་སྒང་། རྡོ་རྒྱ་སྒང་། པུས་མོ་སྒང་། བྱེ་མ་སྒང་། བསྟན་པའི་སྒང་། སྒང་དགུ་བཅས་སོ། །
སྒང་རེ་རེ་ནི་གྲོང་ཚོ་རེ་རེ་ཡིན། གྲོ་མོ་ཕག་རི་དང་གྲོ་མོ་ཁམ་བུ་སྟེ་ལུང་པ་གཉིས་ནས་བཞུར་ཡོང་པའི་ཆུ་ལག་དེ་གྲོ་མོ་རྫོང་མཁར་གྱི་དབུས་ཏག་ཏག་དེར་མཉམ་དུ་འདྲེས་ནས་བཞུར་བ་ལ་གྲོ་མོ་མ་ཆུ་ཟེར། གྲོ་མོ་མ་ཆུས། གྲོ་མོ་རྫོང་མཁར་ནི་ལུང་གསུམ་མདོ་ན་ཆགས་ཡོད་པ་གསལ་པོར་བསྟན་ཡོད། གྲོ་མོ་མ་ཆུ་དེ་ལྟར་སྨད་ལ་བཞུར་ཏེ་བྷང་ག་ལ་ (孟加拉) རྒྱལ་ཁབ་བརྒྱུད་ནས་ཧིན་རྡུ་རྒྱ་མཚོར་འབབ་ཀྱིན་ཡོད།
སྔོན་ཆད་གྲོ་མོ་རིན་ཆེན་སྒང་ལ་དུད་ཁྱིམ་ 140 ལྷག་ཡོད་མོད། དེང་སང་ཇེ་ཉུང་དུ་ཕྱིན་ནས་དུད་ཁྱིམ་ 70 ཙམ་ལས་མེད་པར་ཆགས་པ་ལ་ཡུལ་མི་རྒན་པ་ཚོ་ཐུགས་སེམས་སྐྱོ་སྐྱོ་གནང་གིན་ཡོད་ཟེར། “ཕྱི་མགྲོན”ཡུལ་འདིར་མ་སླེབས་གོང་ལ་ཡུལ་འདིའི་ཁང་པའི་བཟོ་བཀོད་ནི་དེང་གི་འབྲུག་རྒྱལ་ཁབ་ཀྱི་བོད་ཁང་དང་གཅིག་པ་གཅིག་རྐྱང་ཡིན་ན་ཡང་། དེ་ཚོ་སླེབས་པ་དང་རིམ་བཞིན་ཁང་པའི་བཟོ་བཀོད་ཀྱང་རྒྱ་ལུགས་ཅན་དུ་འགྱུར་འགོ་ཚུགས་སོང་ཟེར་གྱིན་འདུག བདེན་ཏེ། སྟོད་མངའ་རིས་དང་། འབྲོང་པ། ས་སྒ། མང་ཡུལ་གུང་ཐང་། གཉའ་ལམ། དིང་རི། བཀྲ་ཤིས་འཛོམས། ལྷ་རྩེ། ས་སྐྱ། རྒྱལ་རྩེ། སྣ་དཀར་རྩེའི་སྟག་ལུང་གྲོང་རྡལ་དང་། ཡར་འབྲོག་གཡུ་མཚོའི་འགྲམ་གྱི་གཞི་བ་གྲོང་ཚོ་དང་། ཆུ་གསེར་གྲོང་ཚོ། གུང་དཀར་གམ་པ་གདོང་གྲོང་ཚོ་སོགས་ཀྱི་ཁང་པར་གནའ་བོའི་ཁྱད་ཆོས་མ་འགྱུར་བར་བསྡད་འདུག་པ་ལ། མང་ཡུལ་སྐྱིད་གྲོང་གྲོང་རྡལ་དང་གྲོ་མོ་རྫོང་མཁར་གཉིས་ཀྱི་ཁང་པར་གནའ་བོའི་ཁྱད་ཆོས་གང་ཡང་མི་འདུག གཞན་འགྱུར་བྱས་ཚར་འདུག
གྲོ་མོ་རྫོང་གི་མི་འབོར་ཡང་ཧ་ཅང་ཉུང་སྟེ་བོད་མི་སྟོང་ཕྲག་འགའ་ལས་མེད་ཀྱང་། རྒྱ་མི་ཁྲི་ཚོ་བཞི་ལྔ་ཞིག་ཡོད་ཅིང་། དེའི་ནང་ནས་ཁྲི་ཚོ་གཉིས་ཙམ་དམག་མི་ཡིན་ཟེར། དེ་ཡང་བདེན་ཏེ། གྲོ་མོ་རྫོང་མཁར་ལ་བོད་མི་དང་བོད་མིའི་ཚོང་ཁང་ཧ་ཅང་ཉུང་། བྱིངས་ནི་རྒྱ་དང་རྒྱ་མིའི་ཚོང་ཁང་ཡིན། དེའི་ནང་ནས་ཀྱང་མང་ཤོས་སི་ཁྲོན་ (四川) གྱི་རྒྱ་མི་ཡིན།
འདི་ནི་དེང་གི་གྲོ་མོ་རིན་ཆེན་སྒང་མཐའ་མཚམས་ཉོ་ཚོང་ཁྲོམ་ར་གསར་པ་དེའི་མདུན་ངོས་ཀྱི་རྣ་ཐོས་ལར་ཡར་དཀྱོག་སའི་ཁུག་མགོའི་ནང་གི་གྲོང་ཚོ་རྙིང་པ་ཞིག་གི་ཤུལ་རེད། འདི་ནས་གཡས་སུ་ཡར་ཕྱིན་ན་རྣ་ཐོས་ལ་ཞེས་པའི་བོད་དང་འབྲས་ལྗོངས་གཉིས་ཀྱི་མཐའ་མཚམས་ཀྱི་ལ་ཆེན་དེ་ཡིན། གྲོ་མོ་རིན་ཆེན་སྒང་དུ་ཚོང་རྒྱག་པར་ཡོང་པའི་རྒྱ་གར་བ་དག་དགོང་མོ་ལ་འདི་བརྒྱུད་ནས་ཕྱིར་རྒྱ་གར་དུ་ལོག་འགྲོ་གི་ཡོད། གཡོན་དུ་སོང་ན་གྲོ་མོ་རིན་ཆེན་སྒང་གི་ཁྲོམ་ར་ཡོད། གྲོང་ཚོ་དེ་ཇི་ལྟར་རྙིང་རལ་དུ་ཆགས་པ་རེད་ཅེ་ན། སྲིད་གཞུང་གིས་དེ་གའི་གྲོང་མི་ཚོར་ས་དེར་གཞུང་གི་ཚོང་ཁྲོམ་འཛུགས་རྒྱུ་ཡིན་ཞིང་། ཚོང་ཁྲོམ་བཙུགས་ཚར་ན་དུད་ཁྱིམ་རེར་ཚོང་ཁང་རེ་གཉེར་རྒྱུའི་གོ་སྐབས་སྤྲོད་རྒྱུ་ཡིན་ཞེས་བཤད་དེ། ཡུལ་མི་ཚོས་རང་ས་རྨིད་གྲུ་བཞི་མ་རེར་སྒོར་སུམ་ཅུ་སོ་ལྔ་ (35¥/㎡) བྱས་ནས་གཞུང་ལ་བཙོང་ནས་དུད་ཁྱིམ་གཞན་དུ་སྤོས་ཤིང་། རྗེས་ནས་གཞུང་གིས་ཚོང་ཁྲོམ་ནི་མ་བཙུགས། ཡུལ་མི་ཚོས་རང་ས་ནི་ཤོར་ཚར་བའི་རྣམ་པ་མངོན་སུམ་དུ་བསྟན་ན་དེ་ལྟ་ལགས།
དགོན་པ་དེ་ནི་རྣ་ཐོས་ལའི་ལ་སྐེད་དུ་ཆགས་པའི་བཀའ་བརྒྱུད་དགོན་ཞུ་བ་དེ་རེད། མཚན་ཆ་ཚང་ལ་བཀའ་དགོན་ཚེ་མཆོག་གླིང་ཞུ། རྒྱ་གར་དང་ཆེས་ཐག་ཉེ་བའི་དགོན་པ་ཞིག་ཡིན། འདི་ནས་རྒྱ་གར་གྱི་འབྲས་ལྗོངས་སུ་སླེབས་པར་སྤྱི་ལེ་བཅུ་ཡང་མེད་པ་འདྲ། དགོན་པ་དེའི་མདུན་རིའི་རྩེར་རྒྱ་གར་དང་རྒྱ་ནག་གི་མཐའ་མཚམས་བརྟན་སྲུང་དམག་སྒར་སྐོར་ཚོ་སྐོར་ཚོ་བྱས་ནས་བསྡད་འདུག དགོན་པ་དེ་སྤྱི་ལོ་ 1747 ལོར་བླ་མ་བསྟན་འཛིན་ཉི་ཟླ་དང་གྲུབ་དབང་ཚང་པ་ཨ་དར་ཞུ་བ་གཉིས་ཀྱིས་ཕྱག་བཏབ། དགོན་པ་དེ་ཤིན་ཏུ་དར་དུས་གྲྭ་པ་ 80 ལྷག་ཙམ་ཡོད་སྐད། དེང་སང་དེར་གྲྭ་པ་བཞི་ལས་མེད། རིག་གསར་སྐབས་དགོན་འདིའི་ནང་རྟེན་རྩ་ཆེན་ཕལ་མོ་ཆེ་ཞིག་རྣ་ཐོས་ལའི་ཕར་རྒྱབ་ཀྱི་སྤྱི་ལེ་གསུམ་ཙམ་གྱི་མཚམས་སུ་ཆགས་པའི་བཀའ་བརྒྱུད་དགོན་རྙིང་ཞིག་ཡོད་པ་དེའི་ནང་དུ་བསྐྱལ་ཐུབ་པ་བྱུང་བས་གཏོར་བརླག་ཕྱིན་མེད་ཟེར། རྣ་ཐོས་ལའི་ཕར་རྒྱབ་ནི་འབྲས་ལྗོངས་ཀྱི་མངའ་ཁོངས་སུ་གཏོགས་ཤིང་། ལ་རྒྱབ་དེར་གནས་པའི་བཀའ་བརྒྱུད་པའི་དགོན་རྙིང་དེ་འབྲུག་པ་བཀའ་བརྒྱུད་ཀྱི་གདན་ས་གཉིས་པ་ལྟ་བུ་ཡིན་སྐད། གོང་གི་པར་དེ་ལས་ཁྱེད་ཚོས་ཐོག་མར་མཐོང་སྲིད་པ་ནི་ནགས་རིའི་དབུ་ལ་ཆགས་པའི་དབེན་ཐང་ཐང་གི་འབྲོག་དགོན་བཀའ་བརྒྱུད་དགོན་པ་དེ་ཡིན། འདུལ་བ་ལས་གསུངས་པའི་འབྲོག་དགོན་གྱི་གནས་ཡུལ་ནི་འདི་འདྲ་ཡིན་སྙམ་པ་ཞིག་ཡོད། དེ་ནས་དགོན་པའི་སྒོ་ཆེན་སྟེང་གི་ལྷབ་ལྷུབ་གཡོ་བའི་སྐར་ལྔའི་དར་དམར་མཐོང་སྲིད། རླུང་གི་རྒྱུ་ཕྱོགས་ལྟར་གཡོ་བ་དེས་ནི་ཁྱོད་ལ་ག་ས་གང་ནས་སྐད་ཆ་མང་པོ་མང་པོ་ཞིག་ལབ་ཀྱིན་ཡོད་དོ། །
ངའི་ལྟག་རྒྱབ་ཀྱི་རི་དེའི་ཕར་ནང་རྒྱ་གར་ཡིན། དེར་ལུང་པ་གཉིས་མཐོང་བ་ལས། ངའི་ལག་པ་གཡོན་ཕྱོགས་སུ་ཡོད་པའི་ལུང་པ་དེའི་ཁས་ཉག་དེ་ནི། རྣ་ཐོས་ལའི་ལ་རྩེ་རེད། ཁས་ཀའི་ཕར་ནང་རྒྱ་གར་གྱི་ཁོངས་སུ་ཡོད་པའི་འབྲས་ལྗོངས་མངའ་སྡེ་ཡིན། ཁས་ཀ་དེར་རྒྱ་དཀར་ནག་གི་མཐའ་མཚམས་འགག་སྒོ་ཡོད། སྔོན་ཆད་བོད་དང་། རྒྱ་གར། བལ་པོ། འབྲས་ལྗོངས་སོགས་གྱི་ཚོང་དྲེལ་དག་ལུང་པ་དེ་དང་ཁས་ཉག་དེ་བརྒྱུད་ནས་ཕར་འགྲོ་ཚུར་ཡོང་བྱེད་པ་ཡིན་ཞིང་། རྒྱ་གར་སོགས་ཀྱི་ཚོང་དྲེལ་དག་ལ་རྩེའི་ཁས་ཉག་དེ་ནས་ཐུར་ལུང་ཤུར་དེད་ནས་མར་ཡོང་ན་ཏག་ཏག་རིན་ཆེན་སྒང་གྲོང་ཚོར་སླེབས་ཡོད་པས། གྲོ་མོ་རིན་ཆེན་སྒང་གི་ཚོང་འདུས་ཆེན་མོ་དེ་ལྟར་ཆགས་པ་ཡིན་འདུག །ངའི་ལག་པ་གཡས་ཕྱོགས་ཀྱི་རི་སྒང་དུ་རི་དེའུ་ལྟ་བུ་རེ་གཉིས་མཐོང་པ་དེར་རྒྱ་དཀར་ནག་གི་མཐའ་མཚམས་བརྟན་སྲུང་དམག་སྒར་ཡོད་དོ། །
2018.08.17 ཉིན། བོད་དང་རྒྱ་གར། བལ་པོ། འབྲས་ལྗོངས་བཅས་ཀྱི་འདྲེས་མདོ། གྲོ་མོ་རིན་ཆེན་སྒང་དུ་རྩོམ་གདན་བྲིས་སོ།།
🎵 གྲོ་མོ་རིན་ཆེན་སྒང་། དམངས་གཞས།
གྲོ་མོ་རིན་ཆེན་སྒང་ལ། །ཐེག་མཁན་མི་ཞིག་བྱུང་ན། །
ངས་ཆེན་པོའི་ལག་རྟགས་མེད་ཀྱང་། །ཆུང་བའི་ཡིག་ཆུང་བསྐུར་ཡོད།།
ཡཱ་་་འོ་ན་་་
ལྷ་སའི་གཞུང་ལ་གསུང་ལ་སྙན་པའི་བྱིའུ་ཆུང་འཇོལ་མོ།
གསུང་སྐད་སྙན་པ་ལཱ།
སང་ཞེས་གནངས་ཞེས། དབྱིངས་ཀྱི་ནང་ལ་ཚུད་སོང་།
བྱམས་པ་རིན་འཛིན་དགའ་ཡ། སྔོན་མོའི་ཆང་ལ་གསོལ་ཡཱ།
…. ….
གྲོ་མོ་རིན་ཆེན་སྒང་ལ། །ཐེག་མཁན་མི་ཞིག་བྱུང་ན།།
ངས་ཆེན་པོའི་ལག་རྟགས་མེད་ཀྱང་། །ཆུང་བའི་ཡིག་ཆུང་བསྐུར་ཡོད།།
ལགས་་་ག་རེ་གནང་མཁན་ཡིན།
ལགས་་་་མཆོད་ཆང་བཀྱག་མཁན་ཡིན་པས།
ནོར་འཛིན་གསལ་སྒྲོན་དབྱིངས་ཀྱི་ནང་ལ་ཚུད་སོང་།
བྱམས་པ་རིན་འཛིན་དགའ་ཡ། སྔོན་མོའི་ཆང་ལ་གསོལ་ཡཱ།
(དམངས་གཞས་འདིའི་གཞས་ཚིག་གཅིག་གྱུར་པ་ཞིག་བདག་གིས་མ་རྙེད།)
གཞན་ལས་བཏུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།