དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ལྷོ་བྲག་རྫོང་གི་དམངས་སྲོལ་སྐོར།

དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ལྷོ་བྲག་རྫོང་གི་དམངས་སྲོལ་སྐོར།

ས་བཅད་བརྒྱད་པ། དམངས་སྲོལ།

དང་པོ།  མཁར་ཆུའི་གར་འཆམ།

          ལྷོ་བྲག་མཁར་ཆུ་དགོན་པས་ལོ་ལྟར་ཟླ་བ་ ༥ ཚེས་ ༡༠ ནས་ཉིན་བཞིའི་རིང་གུ་རུ་མཚན་བརྒྱད་ཀྱི་གར་འཆམ་འཁྲབ་ནས་ཆོས་ཕྱོགས་ཀྱི་དུས་ཆེན་ཆེན་པོ་ཞིག་ལ་བརྩི་སྲོལ་ཡོད། སྐབས་དེར་ལྷོ་བྲག་ཁུལ་གྱི་ལྷ་ཁང་རྫོང་དང་སེང་གེ་རྫོང་གི་རྫོང་དཔོན་ཡང་མཛད་སྒོ་དེར་ལྷན་ཞུགས་གནང་དགོས་པ་མ་ཟད། རྫོང་དཔོན་སོ་སོའི་བཞུགས་གུར་ཡང་ཧ་ཅང་གྲ་རྒྱས་ཐོག་ནས་དགོན་པའི་ཉེ་འཁྲིས་སུ་ཕུབ་དགོས་པ་དང་།

རྫོང་དཔོན་སོ་སོས་རིམ་བཞིའི་ན་བཟའ་རྒྱན་བཞི་དང་དབུ་ཞྭ་ལྕགས་མདའ་རང་བསྒྲིགས་སྐུ་བསྣམས་ནས་འཆོར་ཉམས་དང་བཅས་མཛད་སྒོ་གཟབ་རྒྱས་ཚུགས་སྲོལ་མཆིས།[1] ལྷག་པར་ལོ་འཁོར་བཅུ་གཉིས་ཀྱི་སྤྲེལ་ལོ་ནམ་ཤར་གྱི་ཚེས་བཅུ་ལ་རྒྱུན་གཏན་ལས་ལྷག་པའི་དུས་སྟོན་འཕར་མ་ཉིན་བཅུ་ཙམ་ཚུགས་པར་ཉེ་འཁོར་དོ་རྫོང་དང་། སེང་རྫོང་། དར་མ། གཏམ་ཤུན་གཙོས་ཉེ་འཁོར་ལྷོ་ཁའི་ཁྱབ་ཁོངས་ཀྱི་རྫོང་གཞིས་མི་སེར་འདུ་འཛོམས་བྱེད་པ་མ་ཟད། འབྲུག་པ། མོན་པ། ཁ་ཆེ། བལ་པོ། ལ་དྭགས། ཁུ་ནུ། སྟོད་པ་བ། དབུས་པ། ཁམས་རིགས་སོགས་ཀྱི་ཚོང་པ་དང་གནས་སྐོར་བ་མི་གྲངས་ཆིག་འབུམ་སྐོར་འདུ་འཛོམས་བྱེད་པའི་ཁྲོད་བརྒྱ་ཆ་བཞི་བཅུ་ཙམ་འབྲུག་པ་ཡིན་འདུག

དེ་ཡང་། དུས་སྐབས་དེར་མཁར་ཆུ་དགོན་པའི་མཐའ་སྐོར་ཤིང་ནགས་ཀྱི་གསེབ་ཏུ་མི་མང་གི་སྡོད་གུར་ནམ་མཁའི་སྐར་ཚོགས་ས་ལ་འཕོས་པ་ལྟར་ཕུབ་ཅིང་། མཚན་མོ་མེ་འོད་ལ་བརྟེན་ནས་དགོན་པར་བསྐོར་བ་སོགས་པ། རང་རང་ཕ་ཡུལ་གྱི་གཞས་དང་ཞབས་བྲོ་རྒྱག་པ། གྲྭ་པ་དང་རྣལ་འབྱོར་པ་ཚོས་དྲིལ་དབྱངས་དང་བཅས་ཚོགས་མཆོད་འབུལ་བ། དུས་སྟོན་དེའི་སྐབས་གཞུང་ནས་དམིགས་བསལ་ཁྲལ་ཁྲིམས་ཀྱི་འགག་ཆ་མེད་པར་བོད་འབྲུག་བརྗེ་ཚོང་རང་མོས་ལྟར་བྱེད་ཆོག གཞན་ཡང་། དུས་ཆེན་དེ་དང་བསྟུན་མཁར་ཆུ་དགོན་པའི་ཤར་ངོས་རི་ལྡེབས་ཀྱི་སྲིན་མོ་གན་རྐྱལ་ཞེས་འབོད་པའི་སྙིང་ཁ་འབེན་དུ་བྱས་ནས། ལྷ་ཁང་གཞིས་འོག་རྒན་ཁག་བཅུ་གཅིག་དང་། སེང་རྫོང་རྒན་ཁག་བཅོ་བརྒྱད་དབར་མདའི་ཚ་ཁ་འགྲན་པར་ཨང་དང་པོར་སེང་རྫོང་དང་ལྷ་ཁང་གཉིས་ཀས་ལེགས་གསོལ་མཚོན་རྟ་སྒ་སྤུ་ལེགས་སྤྲོད་སྲོལ་མཆིས་པ་སོགས།[2] ཆོས་ལུགས་དང་སྤྱི་ཚོགས་གཉིས་ཀའི་རང་བཞིན་གྱི་དུས་སྟོན་ཟབ་རྒྱས་ཚོགས་སྲོལ་ཡོད་དོ།།

 

གཉིས་པ། རྟ་རྒྱུག་མདའ་འཕེེན།

     ལྷོ་བྲག་ཁུལ་དུ་ལོ་གསར་དང་དུས་ཆེན་སོགས་ཀྱི་སྐབས་ལུས་རྩལ་གྱི་བྱེད་སྒོ་སྣ་ཚོགས་སྤེལ་སྲོལ་ཡོད་པ་ལས། ལོ་རེའི་དགུན་ཚོང་གི་སྐབས་རྫོང་ནས་རྟ་པ་གཅིག་དང་། རྒན་ཁག་བན་པ། ཁང་ཆུང་སེ་རག མས་རབས་རྒན། རྒྱས་སྨན། བར་ལྷག ཐིག་མན། གདགས་སྨད། གདགས་སྟོད། དུར་པ། ཤས་མོང་། ཞོལ་པ། སྟོང་སེལ། སེང་རི་བཅས་རྒན་ཁག་བཅུ་གཉིས་ཀྱི་རྒན་པོ་རེ་ནས་རྟ་པ་རེ་འཛོམས་ནས་རྟ་རྒྱུག་གཏོང་བ་དང་། རྟ་རྒྱུག་སྐབས་འབེན་གོང་འོག་གཉིས་བཙུགས་ནས་མེ་མདའ་དང་མདའ་རྩལ་འགྲན་བསྡུར་བྱེད།[3] འགྲན་བསྡུར་ནང་ཨང་དང་པོ་དང་གཉིས་པ་ལོན་པའི་མི་སྣར་ལེགས་གསོའི་ཁ་བཏགས་དང་གནང་སྦྱིན་སྟེར་སྤྲོད་བྱེད་པ་མ་ཟད། རྟ་པ་བྱིངས་ལ་ཟས་སྟོན་གཟབ་རྒྱས་གཤོམ་ལ་རྫོང་རང་ནས་རྟ་པ་རྣམས་ལ་གྲོ་མ་འབྲས་བསིལ་ཚལ་སྐྱོག་གང་དང་། ཁ་ཟས་ལྔ་སྡེར་རེ། སྤགས། ཤ་སྡེར་བཅས་ལྟོ་དུས་གཅིག་གནང་སྲོལ་མཆིས།

 

གསུམ། རྡོ་སྐོར་འགྲན་བསྡུར།

དབུས་གཙང་གི་ས་ཁུལ་མང་པོར་རྡོ་སྐོར་གྱི་རོལ་རྩེད་འགྲན་བསྡུར་བྱེད་སྲོལ་ཡོད་པ་ལྟར། རྫོང་འདིར་ལོ་གསར་དང་དུས་སྟོན་གཞན་དག་ཏུ་གཞུང་འབྲེལ་གྱི་རྡོ་སྐོར་འགྲན་བསྡུར་བྱེད་སྲོལ་ཡོད་ལ། ལྷག་པར་ལོ་གསར་སྐབས་ཀྱི་ཚོགས་འདུས་རིང་འབྲུག་པ་དང་། མི་དྲག་རྒན་པོ། གནས་ཁག་བཅས་ནས་འཁྲུག་ཆ་དོད་པའི་ཡུལ་སྲོལ་རྡོ་སྐོར་རྒྱག དེ་ཡང་། རྡོ་སྐོར་གྱི་རྩེད་མོ་དེའི་བྱེད་སྒོའི་འགྲོ་ལུགས་སུ་ཕྱོགས་ཕྱོགས་མི་གྲངས་གཅིག་མཚུངས་ཆ་སྙོམས་ཀྱིས་དཀར་གོང་མ། རྭ་ཅོའི་འབེན་བཙུགས་ཏེ་རྡོ་སྐོར་ཚ་ཁ་བསྡུར་བ་ཡིན། རྡོ་སྐོར་རྒྱལ་ཕམ་ལས་ཕམ་ཁ་ཉོས་མཁན་གྱིས་ཐོབ་མཁན་ལ་གསོལ་ཚིགས་སྤུས་ལེགས་ཐེངས་གཅིག་གཏོང་སྲོལ་ཡོད་པར་བཤད།[4]

 

   བཞི། སྲས་མཁར་དགོན་པའི་དཀར་ཐོག

           སྲས་མཁར་དགོན་པའི་དཀར་ཐོག་ཅེས་པ་ཁུལ་དེའི་ཆོས་ཕྱོགས་ཀྱི་དུས་སྟོན་ཞིག་ཡིན། དེ་ཡང་། ལོ་རེའི་བོད་ཟླ་ ༧ ཚེས་ ༡༥ ཉིན་ལྷོ་བྲག་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་མཆོག་གིས་མཛད་པར་གྲགས་པའི་གར་འཆམ་འཁྲབ་སྲོལ་ཡོད། གར་འཆམ་སྲས་མཁར་དགུ་ཐོག་གསར་བཞེངས་ལེགས་གྲུབ་ཀྱི་དགའ་སྟོན་ཆེད་དུ་དབུ་བརྩམས་པར་གྲགས་ན། དཀར་ཐོག་ཞེས་པའི་གར་འཆམ་དེར་མི་ལོ་ཆིག་སྟོང་མ་ཟིན་ཙམ་གྱི་ལོ་རྒྱུས་ལྡན་ཡོད་དོ།། གར་འཆམ་དེའི་ཐུན་མིན་ཁྱད་ཆོས་ནི་སྐྱ་བོའི་འཁྲབ་པའི་སྐྱ་འཆམ་དང་། ཡུལ་མི་ཚོས་རྒྱན་འཆམ་ཞེས་ཀྱང་འབོད་སྲོལ་མཆིས།[5] གཞན་ཡང་། བོད་ཟླ་ ༡༢ པའི་ཚེས་ ༡༥ ལ་སྲས་མཁར་ཁུལ་གྱི་དུས་ཆེན་ཆེ་ཤོས་རྗེ་མར་པའི་དགོངས་རྫོགས་འདས་མཆོད་ཚོགས་སྲོལ་དང་། ལྷ་ཁང་གཞིས་དང་སེང་རྫོང་བཅས་སུ་བདག་ཅག་གི་སྟོན་པ་སྐུ་མྱ་ངན་ལས་འདས་པའི་དུས་ཆེན་ཁྱད་འཕགས་ལ་ལྷ་ཁང་མྱང་མཆོད་ཅེས་ཆོས་ལུགས་ཀྱི་བྱེད་སྒོ་གཟབ་རྒྱས་ཉིན་ལྔ་རིང་ཚོགས་སྲོལ་ཡོད།[6]

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] སྤྱི་བདེ་བདེ་ཆེན་རྒྱ་མཚོ། མེ་ལྕེ་དྲག་པོའི་ནང་གི་པུ་རྒྱལ་བོད་དང་ངའི་གཞོན་ནུའི་ལང་ཚོ། ལོ་རྒྱུས་དེབ་ཕྲེང་བཅུ་པ། བོད་ཀྱི་དཔེ་མཛོད་ཁང་། ཕྱི་ལོ་ ༢༠༡༥། ཤོག ༣༢།

[2] བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། ༨། ཤོག ༨༧།

[3] ལྷོ་ཁའི་ལོ་རྒྱུས་རིག་གནས་ཀྱི་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༢༠༩།

[4] ལྷོ་ཁའི་ལོ་རྒྱུས་རིག་གནས་ཀྱི་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༢༡༠།

[5] ཞིབ་ཕྲ་བོད་ཀྱི་དཔེ་མཛོད་ངག་རྒྱུན་ལོ་རྒྱུས་དེབ་ཕྲེང་། ༡༣། ཤོག ༤༡ བཅས་སུ་གཟིགས།

[6] བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། ༨། ཤོག ༩༠།

 

དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།