ལེ་ཚན་གཉིས་པ། རྫོང་གཞིས་འགྲོ་སྟངས་དང་ཁྲལ་འུ་ཁྲིམས་གནོན།
གཅིག རྫོང་གཞིས་འགྲོ་སྟངས།
རྫོང་དེར་གཞུང་ས་དགའ་ལྡན་ཕོ་བྲང་ནས་མངགས་པའི་རྫོང་སྡོད་རྩེ་ཤོད་སེར་སྐྱ་གཉིས་དང་། འབོ་ཁང་། རྒྱ་ཁང་། དེའི་གཤམ་འོག་ཏུ་ལས་བྱ་གཙོ་དྲག་བཞི་ཡོད་པ་སྟེ་གཞུང་རྒྱུག་ཁོངས་ནས་མི་གསུམ་དང་། ཆོས་གཞིས་ཁོངས་ནས་མི་འགྲོ་གཅིག་འཛུགས་དགོས་པར་གཙོ་དྲག་གཏན་འཇགས་ཕུན་དཀྱིལ། སྟག་ལུང་དབེན་སེར། ཁམ་པར་གསུང་དང་། ཆོས་གཞིས་བསམ་སྡིང་བླ་བྲང་ནས་མི་གཅིག དེ་འོག་ཚོ་དཔོན་གསུམ་དང་།
རྒན་པོ་ཉི་ཤུ་རྩ་གྲངས་བཅས་ཡོད་པར་བཤད་ཀྱང་།[1] དེ་དང་ཅུང་འདོད་སྲོལ་མི་འདྲ་བ་ཞིག་ཏུ་གཙོ་དྲག་ནི་ཁུལ་དེའི་ཚོ་དཔོན་གྱི་ལས་རོགས་ཙམ་དུ་མི་སེར་བྱིངས་ཀྱི་ཁྲོད་ནས་འོས་བསྡུས་འདེམས་སྲོལ་ཡོད་པ་དེ་རེད། དེ་ཡང་། རྫོང་དེའི་འཛིན་སྐྱོང་ཁྱབ་ཁོངས་སུ་ཚོ་དཔོན་དྲུག་ཡོད་ཅིང་། དེ་དག་ཀྱང་སྟག་ལུང་གསང་ཆོས་གྲྭ་ཚང་ལ་ཚོ་དཔོན་གཅིག་དང་། ཡར་འབྲོག་བསམ་སྡིང་ལ་ཚོ་དཔོན་གཅིག སྒེར་བཀྲས་མཐོང་པར་ཚོ་དཔོན་གཅིག[2] དེ་བྱིངས་ཚོ་དཔོན་གསུམ་ནི་གཞུང་རྒྱུག་མི་སེར་ཁོངས་ནས་བསྐོ་བཞག་བྱེད། ཚོ་དཔོན་རེ་རེའི་རྒྱབ་གནོན་ལས་རོགས་སུ་གཙོ་དྲག་ཅེས་འོས་བསྡུའི་ལམ་ནས་ལུང་པའི་མི་སྣ་འཇོན་ནུས་ཆེ་ཤོས་གསུམ་བསྐོ་བཞག་བྱེད་སྲོལ་མཆིས། དེའི་འོག་ཡུལ་སྡེ་ཆུང་ཁག་རྒན་པོ་རེ་དང་ཆེ་གྲས་སུ་གསུམ་ཙམ་ཡོད་པར་ཁྱོན་ཡར་འབྲོག་ཁུལ་དུ་རྒན་ཁག་ ༡༢༥ ཙམ་ཡོད་པར་གསལ།[3] ཡང་ཡར་འབྲོག་སྣ་རྩེ་རྫོང་གི་རྫོང་ཚབ་གནང་མྱོང་བའི་མཆི་མེད་མགོན་པོ་ལགས་ལྟར་ན།[4] རྫོང་སྡོད་སྦྲེལ་པོའི་འོག་ཏུ་གཙོ་དྲག་བཞི། ཚོ་དཔོན་དྲུག རྒན་པོ་བཅུ་དགུ་བཅས་ཧྲག་བསྡུས་ཀྱིས་ཁྲལ་བསྡུ་ཁྲིམས་གནོན་བྱེད་ཅེས། ཁུལ་དེའི་གཙོ་དྲག་ནི་ཚོ་རྒན་གཉིས་ལས་གནས་རིམ་མཐོ་ལ་འགན་འཁྲི་ཆེ་བར་སྣང་ཞིང་། ལྷག་པར་དུས་སྐབས་དེར་རྫོང་འོག་ཏུ་རྒན་ཁག་བཅུ་དགུ་ཙམ་ཡོད་ཅེས་པ་ནི་བདེན་པར་མཐོང་།
དེ་སྔའི་སྣ་རྩེ་རྫོང་སྡོད་གཙོ་རྒན་སོགས་ཀྱི་མངའ་ཞབས་ཁྱབ་ཁོངས་ས་མཚམས་ནི། བྱང་ཤར་ཡར་གཟིགས་ཚུན་ཆོད་དང་། ལྷོ་བྲག་རྒྱལ་སྒོ་ཚུན། ནུབ་ཁ་རོ་ལ་རྩེ་ནས་ཐད་དྲངས་པའི་ས་རིས་རྣམས་ཚུད་ཡོད། དེ་མིན་རྫོང་སྡོད་དབུས་པའི་གཞུང་ཞབས་ལས་ཀྱི་སྣེ་མོ་བའི་བགྱི་སྒོ་ཐོབ་ཐང་སོགས་ནི། ལྷོ་ཁུལ་གྱི་གཞུང་འཛིན་རྫོང་སྒོ་སྤྱི་མཚུངས་ལྟར་ཁྲལ་བསྡུ་ཁྲིམས་གནོན་གྱི་བྱེད་སྒོ་རྫོང་སྡོད་རྩེ་ཤོད་གཉིས་ཀྱི་དབུས། གཙོ་དྲག་རྒན་པོ་སོགས་ཀྱིས་ཐེག་པ་རིམ་ཁུར་གྱིས་འཛིན་སྐྱོང་བྱེད་ལམ་མཚུངས་པས་ཞིབ་པར་སྤྲོས་པའི་ངལ་བ་མ་བྱས་ཀྱང་། འདིར་སྔ་མོ་སྣ་དཀར་རྩེ་རྫོང་གི་མངའ་ཞབས་སྟག་ལུང་གསང་ཆོས་གྲྭ་ཚང་གི་འཛིན་ཁོངས་ཆོས་གཞིས་ཀྱི་འགྲོ་ལུགས་ཐད་ཅུང་ཙམ་བཤད་ན།[5] ཆོས་བརྒྱུད་རྙིང་མར་གཏོགས་པའི་གྲྭ་ཚང་དེའི་ས་རིས་ཁྱབ་ཁོངས་ལ་ལྕགས་སྟག་ཞིབ་གཞུང་དུ་ཆོས་གཞིས་ཁྲལ་རྐང་བདུན་ནས་བཅུ་གསུམ་བར་ལྡན་པའི་ཆོས་གཞིས་གྲངས་དྲུག་ཙམ་ཡོད་པར་འཁོད་འདུག[6] དུས་ཕྱིས་གསང་ཆོས་གྲྭ་ཚང་ལ་གཞིས་ཁག་ཆེ་ཆུང་བཅུ་གསུམ་ཙམ་ཡོད་པར་གསལ།[7] དེ་ཡང་། གྲྭ་ཚང་གི་གཞིས་ཀ་ཆེ་གྲས་སྟག་ལུང་ཆོས་རྫོང་སོས་ནི་སྡེ་སྲིད་སངས་རྒྱ་མཚོའི་སྐུ་དུས་ནས་སྦྱོར་འཇགས་བསྩལ་བའི་གཏན་ཚིག་ཤེ་བམ་མཆིས་ཤིང་། ཕྱིས་༸གོང་ས་སྐུ་ཕྲེང་བཅུ་གསུམ་པའི་སྐུ་དུས་སུའང་སྟག་ལུང་ཚོང་འདུས་དང་། བླ་བྲང་དཀར་པོ་སོགས་གྲྭ་ལ་རིམ་པར་སྦྱོར་འཇགས་བསྩལ་བ་འདུག་པའི་འཛིན་སྐྱོང་འགྲོ་ལུགས་སུ། གྲྭ་ཚང་སྤྱི་སོ་དང་གཉེར་ཁག་ཅེས་སྡེ་ཚན་ཐ་དད་དུ་དབྱེ་བར། སྤྱི་སོའི་སྣེ་མོ་བའི་གྲུབ་ཆ་ནི་སློབ་དཔོན་ལས་ཐོག དབུ་མཛད་ཁྲི་ལས་ཟུར་གཉིས། ཆོས་ཁྲིམས་པ་བཅས་དང་། གཉེར་ཚང་ལ་གཉེར་པ་ལས་ཐོག་གཉིས་དང་ཟུར་པ་གཅིག་བཅས་ལས། ཁྲིམས་སྒོ་བཅུན་སྡོམས་ཀྱི་ལས་ཁུར་རྣམས་གྲྭ་ཚང་སྤྱི་སོའི་འགན་ལེན་དང་། གཞིས་ཁག་གི་སྟངས་འཛིན་བྱེད་སྒོ་རྣམས་གཉེར་ཁག་གིས་ཁུར་ལེན་བྱེད་སྲོལ་མཆིས་མོད། སྟག་ལུང་བླ་བྲང་དཀར་པོ་ཞེས་པའི་གཞིས་ཀ་དེའི་འཛིན་སྐྱོང་འབབ་ཡོང་གཉེར་ཁོངས་སུ་མ་བཞག་པར། སྤྱི་སོས་དམིགས་བཀར་གཞིས་གཉེར་མི་འགྲོ་བསྐོ་འཇོག་གིས་གཉེར་སྐྱོང་བྱེད།[8]
གཞན་ཡང་། དུས་རྒྱུན་གྲྭ་ཚང་གི་གཞིས་ཀའི་མངའ་འོག་ཡུལ་སྡེའི་ཁྲལ་བསྡུ་ཙམ་མ་ཟད་གཞི་རིམ་ཁྲིམས་གནོན་བྱེད་ཕྱོགས་ཀྱང་ཁྲིམས་སྒོ་རང་བཙན་ལྟ་བུ་ཡིན་ཞེས་བཤད།[9] དེ་མིན་ལོ་ལྟར་དབྱར་གནས་གྲོལ་ཞིང་ཆབ་ཞུགས་གྲུབ་མཚམས་གཞིས་ཀའི་རྩིས་རྒྱག་ཆེན་མོ་ཞེས་སྤྱི་སོ་དང་གཉེར་ཚང་གི་ལས་འཛིན་ལྷན་ཚོགས་དང་། ཤག་ཚང་ཁག་གི་འཐུས་མི་སོགས་ལྷན་བཞུགས་རྩིས་རྒྱག་ཉིན་ ༡༠ ཙམ་བྱེད། གཞིས་གཉེར་ཁག་ལ་ཕྱག་འདེབས་གཉེར་རྟེན་ཞིང་ས་ཡོད་འདུག་པ་ལས།[10] དེ་མིན་སློབ་དཔོན་ཆོས་ཁྲིམས་པ་སོགས་ལ་དགོན་སྡེའི་ལས་སྣེའི་ལོ་རེའི་འབྲུ་ཕོགས་ཙམ་ལས་ཐོབ་ཐང་མེད། གཞིས་ཀ་དེའི་འཛིན་སྐྱོང་ལས་ཀྱི་སྣེ་བ་རྣམས་ལས་ཆོས་ཁྲིམས་པ་སོགས་ལོ་རེར་བརྗེ་ལེན་བྱེད་སྲོལ་འདུག་ཀྱང་། གཞིས་གཉེར་ཁག་གི་ལས་འཛིན་སྣེ་བ་དག་ལོ་འཁོར་གསུམ་རེ་ནས་འཕོ་ལེན་བྱེད་ལམ་སོགས་འཛིན་སྐྱོང་འགྲོ་ལུགས་ཚགས་ཚུད་དུ་མཆིས།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བོད་ཀྱི་ལོ་རྒྱུས་དང་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། འདོན་ཐེངས། ༢༥། ཕྱི་ལོ་ ༢༠༠༥ ། ཤོག ༢༡༡།
[2] ཁུལ་དེར་སྒེར་བཀྲས་མཐོང་པས་འཛིན་ཁོངས་ཡོད་པར་མི་སྣང་བས། དེ་སྔ་རྫོང་དེའི་རྫོང་སྡོད་གནང་མྱོང་བ་རྩེ་དྲུང་ཡེ་ཤེས་སྨོན་ལམ་གྱིས་གསུངས་པ་ལྟར་སྒེར་གཞིས་ཤེལ་དཀར་གླིང་པ་ཡིན་སྙམ།
[3] ཉི་མ་བཟང་པོ། ཡར་འབྲོག་དགོན་གྲོང་གི་ལོ་རྒྱུས་ཕྱོགས་བསྡེབས། བོད་ཀྱི་དཔེ་མཛོད་ཁང་། ཕྱི་ལོ་ ༢༠༠༧། ཤོག ༧༠།
[4] བོད་ཀྱི་དཔེ་མཛོད་ཁང་། ངག་རྒྱུན་ལོ་རྒྱུས་དེབ་ཕྲེང་། ༢༡། ཕྱི་ལོ་ ༢༠༠༧། ཤོག ༡༠༢།
[5] མངའ་ཁུལ་དེ་བཞིན་དེང་གྲ་ནང་རྫོང་ཟེར་བའི་ཁོངས་སུ་ཡོད་འདུག
[6] གཤམ་དུ་གཞུང་སྒེར་ཆོས་གསུམ་གྱི་ས་རིས་འཛིན་ཁོངས་བདག་ཐོབ་ལ་གཟིགས།
[7] ཉི་མ་བཟང་པོ། ཡར་འབྲོག་དགོན་གྲོང་གི་ལོ་རྒྱུས་ཕྱོགས་བསྡེབས། བོད་ཀྱི་དཔེ་མཛོད་ཁང་། ཕྱི་ལོ་ ༢༠༠༧། ཤོག ༧༠།
[8] ལོ་ལྟར་སྟག་ལུང་ཚོང་འདུས་ཉིན་གྲངས་བཅུ་ཙམ་ཚོགས་སྐབས་བླ་བྲང་དཀར་པོའི་འཛིན་སྐྱོངས་ཡོད་ཚད། སྣ་དཀར་རྩེ་རྫོང་སྡོད་སྤྲེལ་པོ་ཟུང་ལ་བརྩིས་འབུལ་ཞུ་དགོས་འདུག དེ་ཡང་། གསང་ཆོས་གྲྭ་ཚང་ལ་མཆིས་པའི་ཚོང་འདུས་རིང་ཁྲིམས་གཞི་བཀོད་འདོམས་སྔོ་ཁྲིམས་གན་རྒྱ་ཞེས་པའི་གཏན་ཚིགས་བཀའ་ཐམ་འབྱར་མ་དེ་རྫོང་སྦྲེལ་ལ་རྩིས་འབུལ་དགོས་པ་དང་། གཞིས་ཀའི་གཞུང་ཁང་གསུམ་ཐོག་ཅན་གྱི་ཡང་སྟེང་དུ་རྫོང་སྡོད་སེར་སྐྱ་གཉིས་དང་། བར་ཐོག་ཏུ་གསང་ཆོས་གྲྭ་ཚང་གི་གཞིས་སྡོད་གཉེར་ཕྱག་བཞུགས་སྲོལ་འདུག
[9] ཡར་འབྲོག་དགོན་གྲོང་གི་ལོ་རྒྱུས་ཕྱོགས་བསྡེབས། བོད་ཀྱི་དཔེ་མཛོད་ཁང་། ཕྱི་ལོ་ ༢༠༠༧། ཤོག ༧༤།
[10] སྟག་ལུང་བླ་དཀར་གཞུང་ཕྱག་འདེབས་སུ་མུ་ཚིག་གསར་སྦོལ་བཅུ་བོགས་བསྡུ་གཞུང་། རྡ་ས་བོད་ཀྱི་དཔེ་མཛོད། ཡིག་རིགས་ཨང་། ༢༣༦།
དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།