ལེ་ཚན་གཉིས་པ། ཁྲལ་འུལ་ཁྲིམས་གནོན།
སྣ་དཀར་རྩེ་རྫོང་ཁུལ་དུ་སྔ་དུས་གཞུང་སྒེར་ཆོས་གསུམ་གྱི་ས་རིས་ཁྲལ་འབོར་ཐད། གཞུང་ས་ནས་ལྕགས་སྟག་ཟླ་དགུ་པའི་ཚེས་དྲུག་ལ་གཞུང་རྒྱུག་ཁྲལ་རྐང་གཅིག་ལ་སྒེར་ཆོས་འདོན་གཉིས་སུ་སྐོར་ནས་འཁྲི་སྒྲུབ་ཆག་གཏོང་བཅས་ཞིབ་བཀོད་མཛད་པའི་《ལྕགས་སྟག་ཞིབ་གཞུང་།》 གི་ཡིག་ཚགས་ཨང་ ༥༩ ལྟར་ན། དུས་སྐབས་དེར་སྣེ་རྩེ་རྫོང་གི་མངའ་ཞབས་སུམཆོད་གཞིས་འདོན་སུམ་ཅུ་ཕྱེད་སོ་གཉིས་དང་། སྒེར་འདོན་བཅུ་གསུམ།
གཞུང་རྒྱུག་རྐང་ཉི་བརྒྱ་ཉི་ཤུ་ཕྱེད་རྩ་གཉིས་དང་བརྒྱད་ཆ་གཅིག་བཅས་མཆིས་པར་གསལ་ཡང་།[1] ངོ་ཐོག་ཕྱི་ལོ་༡༩༥༡ལོའི་སྐབས་སུ་གཞུང་སྒེར་ཆོས་གསུམ་གྱི་ས་ཞིང་རྒྱ་ཁྱོན་ཕྱིའི་རྐང་བརྒྱ་དང་བརྒྱ་བཅུ་སྐོར་ཡོད་འདུག[2] སྣ་དཀར་རྩེ་རྫོང་གི་ཁྲལ་བསྡུའི་ཁྱབ་ཁོངས་སུ་ཡུང་སོ་དང་། ཡར་གཟིགས། འདབས་ལུང་། ཕུར་ཡར་འབྲོག་དོ་ནང་། འཛམ་ཆོས། བསམ་སྡིང་། སྟག་ལུང་། དཀར་མོ་གླིང་གི་ས་འཚམས་བར་དང་། ལྕགས་ཕྱེ། གྲི་གུ། སོ་མཁས། གྲམ་མདའ། ཤར་ཤེ། སྒེར་ཀུན་བཟང་རྩེའི་གཞིས་ཀ་ཡར་འབྲོག་གླིང་དང་། ཡར་འབྲོག་ཞབས་མདའ་དང་། ཁྱམས། གདིངས་བཅས་ཡོངས་རྫོགས་ཚུད་ཡོད།[3]
སྤྱིར་ཁུལ་དེ་དག་ལས་ཡར་འབྲོག་དོ་ནང་ཁུལ་དུ་འབྲོག་ལས་གཙོ་བོ་གཉེར་བ་ལས། དེ་མིན་སྣ་དཀར་རྩེ་རྫོང་ཞོལ་དང་། སྟག་ལུང་། ཧ་འོང་། འདབས་ལུང་། བསམ་སྡིང་། འོང་འགོ ཡར་གཟིགས་སོགས་ཞིང་འབྲོག་མཉམ་གཉེར་གྱི་ས་མ་འབྲོག་གི་ཁུལ་དང་རྩྭ་ས་ཤིན་ཏུ་ལེགས་ཤིང་།[4] རྫོང་དེར་ཞིང་འབྲོག་གཉིས་ཀའི་ཐོན་འབབ་བཟང་ལ་སྣམ་ལས་ལག་ཤེས་ཀྱང་མི་དམན་པ་ཡོད་པས། གཞུང་སྒེར་ཆོས་གསུམ་གྱི་མི་སེར་ལས་གཞུང་རྒྱུག་ས་རྟེན་ཡོད་རིགས་ནས། གཞུང་སར་ལག་འདོན་ཁྲལ་རིགས་འཁྲི་སྒྲུབ་རྣམ་གྲངས་གཙོ་བོར་འབྲུ་དཀར་མོ་དང་། གྲོ། པད་སྣུམ། མར། ཤ ཕྱུར་བ། སྣམ་བུ་སོགས་འཁྲི་སྒྲུབ་དགོས་པ་ལས། དེ་མིན་སྒེར་ཆོས་གཉིས་ཀྱི་མི་སེར་ནས་སྣ་དཀར་རྩེའི་རྟ་འུལ་དོས་ཁལ་སོགས་སྤྱི་འགྲེ་གཞུང་ཁྲལ་འཁྲི་རྒྱུག་དགོས་རིགས་ལས། ལག་འདོན་གྱི་ཁྲལ་འབབ་ཟུར་དུ་འབུལ་མི་དགོས་པ་ཡིན།[5] སྣེ་དཀར་རྩེའི་རྫོང་གཡོག་སྣེ་རྩེ་ཞོལ་པར་འཁྲི་བས་རྟ་འུལ་བཅོ་ལྔ་མན་གྱི་བསྐུལ་བརྡའི་རྫ་ཆས་གདན་གུར། རྟ་ཐབ་གཡོག རྫོང་གི་ཆུ་མ་ལག་གཡོག་རྫོང་སྐྱེལ་རྟ་དོས་སྲང་ལྔ་འབུལ་དགོས་པ་ཙམ་ལས། དེ་མིན་ཁྲལ་རྐང་བྱིངས་ཁྲལ་ཆག་ཡིན།[6] དེ་བཞིན་དམག་ཁྲལ་ལ་ཆ་བཞག་ན། ཤིང་སྟག་ཕྱི་ལོ་ ༡༩༡༤ ཟླ་ ༧ ཚེས་ ༢༡ ལ་སྣ་རྩེ་རྫོང་ལ་སྩལ་བའི་བཀའ་རྒྱའི་དགོངས་དོན་དུ་༸རྒྱལ་ཁབ་ཏུ་དབུས་གཙང་དམག་སྒར་ཁག་བཅས་པའི་དམག་ཕོགས་འབྲུ་ཁལ་གསུམ་བརྒྱ་དྲུག་ཅུ་རེ་གཉིས་དང་བྲེ་བཅུ་བཀལ།[7] ཞེས་བྱུང་བ་ལྟར། དམག་རྐང་ས་རྟེན་ལྡན་རིགས་ནས་དམག་ཕོགས་དང་ལྷན་དམག་མིའི་དབྱར་དགུན་གྱི་དམག་ཆས་ཉེར་མཁོ་དང་དམག་དོས་སྐྱེལ་འདྲེན་སོགས་འཁྲི་བ་དང་། ཚོང་ཁྲལ་དུ་སྟག་ལུང་ཚོང་འདུས་སྐབས་ཤོ་སྒ་ཁྲལ་ཞེས་ཉིན་རེར་ཚོང་པ་རེ་ནས་ཚོང་ཁྲལ་བོད་དངུལ་ཞོ་ལྔ་རེ་བསྡུ་ལམ། དེ་བཞིན་ཤིང་སྟག་ལོའི་སྔ་རྗེས་ནས་གཞུང་ས་དགའ་ལྡན་ཕོ་བྲང་གི་སོ་ནམ་ལས་ཁུངས་བརྒྱུད། རྫོང་གཞིས་ཁག་གི་གཞུང་སྒེར་ཆོས་གསུམ་གྱི་ས་རྟེན་ཁག་ནས་ས་ཞིང་གསར་སྦོལ་བཀར་འཇུག་གནང་ལམ་བྱུང་བར་གཞུང་སའི་སོ་ལས་དོ་དམ་པ་དང་། རྫོང་སྡོད་སྦྲེལ་པོ། གཙོ་དྲག་སོ་སོ། འབོ་ཁང་། སྒེར་ཆོས་ཀྱི་ཐུན་མི་སོགས་ལྷན་འཛོམས་ཐམ་སྦྱར་ཐེའུ་སྣོན་གྱིས། གཞིས་ཀ་ཁག་རེར་སོན་བྲེ་བཅུ་ཕུལ་གསུམ་གྱི་བཅུ་ཕོགས་བསྡུ་ལེན་གྱིས་གཞིས་ཀ་ཆེ་ཁག་ནས་འབྲུ་རུ་ཁལ་ཆིག་སྟོང་ལྔ་ཡན་རྒྱག་དགོས་ལ།[8] ཆུང་གྲས་ནས་བརྒྱ་སྐོར་ཟླ་༡༠ཚེས་༢༥ཚུན་ས་གནས་སུ་གཤོར་འབུལ་གྱིས་སྣ་དཀར་རྩེ་རྫོང་གི་བར་ཐོག་བྱང་བརྒྱུད་སྐས་གཤམ་སྒོ་ལྷོ་བལྟའི་ཀ་བ་དྲུག་ཅན་གྱི་མཛོད་ཁང་བཀར་བཅུག་གིས མཛོད་སྒོ་རྫོང་དམ་གཉིས་སོགས་ཀྱི་ཐམ་ཁས་བསྣན་པ་དང་། བསྡུ་ལེན་གན་རྒྱའི་བཅུག་ཁྲ་དུས་འབུལ་དགོས་འདུག[9]
དེ་དང་ཕྱོགས་མཚུངས་ཆོས་གཞིས་ཁག་གི་ཁྲལ་འཁྲིར་མཚོན་ནའང་གོང་གསལ་སྟག་ལུང་གསང་ཆོས་དགོན་གཞིས་འཛིན་ཁོངས་ཁྲལ་འབབ་ལྟ་བུར། གྲྭ་ཚང་གི་མི་སེར་ཚོ་ཁག་གཅིག་ལ་གཞུང་ཁྲལ་ཆེ་བ་དང་གྲྭ་ཚང་གི་ཁྲལ་ཆུང་བ། གཅིག་ཤོས་ལ་གྲྭ་ཚང་གི་ཁྲལ་འབབ་ཆེ་ཡང་གཞུང་ཁྲལ་ཆུང་བ་སོགས་ཅི་རིགས་ཡོད་དེ། ཞིབ་གཞུང་སྔ་ཕྱི་བཀོད་སྐབས་བུད་སྟོང་དུ་གྱུར་བའི་ས་རིས་མི་ཉུང་བ་ཆོས་གཞིས་ཐོག་དགེ་ཐབས་ལ་སྦྱར་བ་གསང་ཆོས་གྲྭ་ཚང་ལ་མི་ཉུང་བ་ཞིག་ཡོད་འདུག དེ་རྣམས་ལ་རྐང་འགྲོ་ལག་འདོན་གྱི་ཁྲལ་འབབ་དུ། དཔེར་ན། སྟག་ལུང་བླ་བྲང་དཀར་པོའི་ཁྲལ་དུད་རྣམས་རྩྭ་ཁ་དང་ཞིང་ཁ་སོགས་གཞུང་ཆོས་གཉིས་ཀའི་ས་རྟེན་ཡོད་པས། རྟ་ཁལ་དོས་ཁལ་སོགས་སྣ་དཀར་རྩེ་རྫོང་འོག་གཞུང་ཁྲལ་རྒྱུག་སྒོ་ཁག་དང་། བླ་བྲང་དཀར་པོའི་གཞིས་གཡོག་སོགས་རྒྱུག་དགོས་པ། གྲྭ་ཚང་སྤྱིར་སོར་སྟག་ལུང་ཚོང་འདུས་ཚུགས་ཡུན་གྱི་བླ་བྲང་དཀར་པོའི་མཐའ་སྐོར་གྱི་ཚོང་ཁང་གྲངས་ ༩༠ སྐོར་གྱི་ཁང་གླའི་བསྡུ་འབབ། གཞིས་ཁག་གཞན་དག་ནས་བོགས་འབབ་ཆ་སྙོམས་འབྲུ་ཁལ་ ༧༨༠ སྐོར་བསྡུ་འབབ་མཆིས། དེ་བཞིན་གསང་ཆོས་མདའ་སྤེ་གཞིས་ཀར་མཚོན་ན་གཞིས་དེར་སོན་ཁལ་བཞི་བརྒྱ་ཙམ་གྱི་འདེབས་ལས་རྫོང་ཁུལ་མི་སེར་ནས་རྒྱུག་ཅིང་། ལོ་རེར་གྲྭ་ཚང་ལ་འབྲུ་ཁལ་གསུམ་བརྒྱ་རེ་འཁྲི་སྒྲུབ་དང་སྦྲགས། རྒྱུན་གཏན་གཞིས་གཡོག་དང་ལོ་རེར་དགོན་པ་ཉམས་གསོའི་ཨར་ཆུང་ཞེས་ཉིན་གྲངས་ ༡༥ ཙམ་རྒྱུག་དགོས། སྤྱིར་གྲྭ་ཚང་གི་ཁྲལ་འབབ་ཡོང་སྒོ་ལས་གཉེར་ཚང་ནས་རྒྱུན་ལྡན་གྱི་གཏོང་སྒོ་ཁག་ཕུད་དགེ་འདུན་པ་བྱིངས་ལ་ལོ་གཅིག་གི་གསོལ་ཕོགས་སུ་འབྲུ་གཙང་རུའི་ཁལ་གཏན་ཚིགས་མཁར་རུ་ལོངས་ངེས་ཁལ་བརྒྱད་རེ་དང་། སློབ་དཔོན་དང་དབུ་མཛད། ཆོས་ཁྲིམས་པ་སོགས་ལས་སྣེར་འབྲུ་ཁལ་བཅུ་གཉིས་རེ། གྲྭ་ཚང་སྤྱི་སོར་གཞིས་ཁག་གཞན་ནས་བོགས་འབབ་དང་བླ་བྲང་དཀར་པོའི་ཡོང་སྒོའི་སྟེང་ནས་ལོ་རེར་དགེ་འདུན་པར་འབྲུ་ཁར་རེ་དང་། གོང་དུ་བྱུང་བ་ལྟར་སྣ་དཀར་རྩེ་རྫོང་ལ་བཅོ་བརྒྱད་དཀར་བཅུག་ཅེས་འབྲུ་ཁལ་བརྒྱད་ཅུ་དང་ཞིབ་འཕར་འབྲུ་ཁལ་བརྒྱད་ཅུ།[10] འབུལ་དགོས་པ་སོགས་མང་ངོ་།།
གཞན་ཡང་། ཁུལ་དེ་ནི་དབུས་གཙང་གཉིས་ཀྱི་ཚོང་འགྲུལ་གྱི་མིག་པ་ལྟ་བུ་འཁེལ་བས། ཆུ་བྱི་ཕྱི་ལོ་ ༡༩༡༣ ལོར་བཀའ་ཤག་ནས་སྣ་རྩེ་ཁུལ་དུ་སྦྲག་ཁག་བརྒྱད་གསར་འཛུགས་ཀྱིས་སྣ་རྩེ་ཁུལ་ནས་སྦྲག་བང་མི་བརྒྱད་དང་གླིང་ཁོངས་ནས་སྦྲག་བང་མི་གཉིས་བཅས་བསྐོ་བ་དག་གི་ཟླ་དྲུག་གི་ཕོགས་དམིགས་སུ། སྣ་རྩེ་ཚོ་དྲུག་ནས་འབྲུ་ཁལ་ཉིས་བརྒྱ་དང་བཅུ་དྲུག་ཙམ་འདོན་སྤྲོད་བྱེད་དགོས་པར་གསལ།[11] དེ་མཚུངས་གཞུང་ནས་དམིགས་བཀར་རྟ་ཟམ་ཞལ་ངོ་དང་དྲུག་ཡིག དྲེལ་པ་བཅས་ཟུར་བཙུགས་བྱས་ཡོད་འདུག་ལ། ལོ་རེར་རྒྱུན་གཏན་གཞུང་འབྲེལ་དགོས་མཁོ་ཙག་ཙིག་དོས་སྐྱེལ་ཙམ་མ་ཟད། ལྷོ་བྲག་ནས་པང་ལེབ་དང་མཚོ་སྣ་ནས་འབྲས་སྐྱེལ་སོགས་ས་ཚིགས་དོས་སྐྱེལ་དང་རྫོང་སྐྱེལ་རིམ་སྣོལ་གྱི་བྱེད་དགོས་བྱེད་དགོས། དེར་བརྟེན་ཁུལ་དེའི་མི་སེར་ནས་རང་འཁྲིའི་ཁྲལ་སྒྲུབ་ཙམ་མ་ཟད་ཚོང་ཁག་དང་གཞུང་སྐྱེལ་སོགས་ཀྱི་བདས་གཏོང་གི་ཡོང་སྒོའང་ཆེ་བས། ཁྲལ་དུད་ཕྱུག་གྲས་ལ་དྲེལ་ལག་གཉིས་གསུམ་མཆིས་ཤིང་བདལ་སྐྱེལ་དུ་རྒྱ་ཚུགས་ཞེས་གམ་པ་ལ་ནས་གམ་པ་ས་ཚིགས་བར་ཉིན་རེ་ལན་བསྟུད་མར་སྐྱེལ་འདྲེན་བྱས་པར་བདལ་གླ་བོད་དངུལ་རྡོ་ཚད་ ༡༠༠ ཐམ་རེ་གསོག་ཐུབ་པར་གྲགས་ཤིང་། དེ་མིན་རྫོང་ཁག་གཞན་དག་གིས་ཁྲལ་དོས་སྐྱེལ་འདྲེན་ཡང་འགན་ལེན་བྱེེད་པར་ལོ་འཁོར་གྱི་བདའ་གླ་གན་རྒྱ་དང་བཅས་རྩིས་རྒྱག་སྲོལ་ཡོད་པར་བཤད།[12] སྤྱིར་རྐང་འགྲོ་རྫོང་སྐྱེལ་སོགས་ཀྱི་ས་ཚིགས་ལ་མཚོན་ན། དོས་ཁལ་ལྷུན་པོ་ཞོལ་ནས་སྐྱེལ་འདྲེན་བྱས་པར་མཚོན་ན་ལྷུན་པོ་ཞོལ་ནས་ཡར་འབྲོག་གླིང་རྫོང་རྩྭ་ཡུལ།ཨེ་བསམ་གྲུབ་སྒང་། སྣང་རབ་ཞོལ། རྡོ་ར་ཤེལ་གྲོང་། ཉ་སོག་གྲུ་ཁ། འོ་གཞོངས། གམ་པ་ལ། ཡོས་སྣ་སོགས་དང་། རྫོང་སྐྱེལ་ནི་སྣ་དཀར་རྩེ་ནས་དཔལ་དི། དེ་ནས་གོང་དཀར་དང་ཆུ་ཤུལ་བཅས་སུ་སྐྱེལ་དགོས་པར་ལམ་བར་རྩྭ་ཆུ་འཛོམ་སར་ཚ་ཕོག་ངལ་གསོར་སྡོད་པ་སོགས་བརྩིས་ན་དབུས་འབུལ་སྐབས་ཟླ་ཤས་འགོར་བ་སོགས། རྫོང་དེའི་རྐང་འགྲོ་ལག་འདོན་གྱི་འཁྲི་སྒྲུབ་སྐོར་ལམ་ཙམ་བཤད་པའོ།[13]
སྣ་དཀར་རྩེ་རྫོང་གི་ཁྲིམས་སྒོ་ཐད་ལྷོ་རྫོང་སྤྱི་འགྲེ་ལྟར་ཐེག་པ་རིམ་གནོན་གྱིས་ཁྲིམས་གནོན་གཏུགས་བཤེར་བྱེད་ཚུལ་དང་། གཞུང་སའི་ཆོས་སྲིད་དང་འབྲེལ་བའི་བཀའ་རྩ་རིམ་སྣོལ་ཅི་ཕེབས་ཀྱི་དགོངས་དོན་བླང་དོར་ལག་བསྟར་འཛོལ་མེད་བྱེད་ཕྱོགས་ལས། ལྷག་པར་ཁུལ་དེའི་གནས་སྡོད་མི་སེར་མི་ཉུང་བ་ཞིག་གི་འཚོ་བ་ཉ་ཚོང་ལ་བརྟེན་པས། གཞུང་ས་ནས་རི་ཀླུང་རྩ་ཚིག་དང་འབྲེལ་ཉ་ཁྲིམས་བསྡོམ་རྒྱུའི་བཀའ་ཁྱབ་དམ་དྲག་ཆེ་བས། ཉ་ཚོང་དུད་ཁྱིམ་ཚོར་སྣ་དཀར་རྩེའི་རྫོང་འོག་ནས་ཕ་གཞིས་ས་རིས་གསོལ་སྩལ་ཙམ་མ་ཟད། གཞུང་གི་བཀར་བཅུག་འབྲུ་རིགས་ནས་འཚོ་དོད་ཕོགས་འབྲུ་གནང་སྲོལ་ཡང་ཡོད་འདུག[14] དེ་མཚུངས་སྟག་ལུང་ཚོང་དུས་སྐབས་ཀྱི་ཁྲིམས་གནོན་གྱི་བགྱི་སྒོ་ཡོད་ཚད་རྫོང་ལྷ་དབང་རབ་བརྟན་གྱིས་དོ་དམ་གནང་བར། རྫོང་ནས་ཆེད་མངགས་ཁྲིམས་དཔོན་ཟུར་བསྐོ་དང་། ཁྲིམས་དཔོན་གྱི་དབུ་ལྕགས་མདའ་དང་། གོས་ཆེན་སེར་པོའི་ཕྱུ་པ། ལྷམ་འཇའ་ཆེན། རྒྱ་གྲི་ཕོར་ཤུབས་སོགས་ཐུན་གྱི་ཁྲིམས་ཆས་ལྡན་ཞིང་། དེས་ཚོང་དུས་ཀྱི་སྐབས་ཚོང་ཟོག་བརྟག་དཔྱད་དང་རྐུན་ཇག་འགོག་སྲུང་སོགས་བྱེད་སྒོ་མཐའ་དག་འགན་ཁུར་བྱེད། ཚོང་འདུས་དངོས་གཞིའི་ཉིན་ཁྲོམ་རའི་དབུས་སུ་ཚོགས་ཆེན་ཞལ་ངོས་ཚོགས་གཏམ་གཏོང་བ་ལྟར། ཁྲིམས་དཔོན་དེས་ཚོང་འདུས་ཀྱི་ཁྲིམས་གཏམ་ཚིག་གཞི་བཀའ་སྒྱུར་གཏོང་ལམ་སྐབས། རྫོང་ལྷ་དབང་རབ་བརྟན་གྱི་ལྕགས་རི་ཕྱི་ནང་མདོ་སྦུག་བར་གསུམ་ལ་གནས་པའི་བོད་རྒྱ་ཧོར་གསུམ། བཀའ་མདའ་རྩིས་གསུམ། སེར་སྐྱ་ཚོང་རིགས་མཆོག་དམན་མཐའ་དག་ནས་ངེས་དགོས་སོགས་བཀའ་རྩའི་དབུ་བརྗོད་དང་སྦྲགས། དེ་རིང་ནས་བཟུང་ཉི་མ་བདུན་གཅིག་རིང་སྟག་ལུང་ཚོང་འདུས་ཀྱི་ཚོང་སྒོ་ཕྱེ་བ་ཡིན། དེས་ནས་ལུགས་མཐུན་ཁྲིམས་ལས་འཕེར་བའི་ཚོང་གཉེར་ལས་གཡོ་ཁྲམ་གཞོགས་སློང་དང་ནང་ཚོང་ལྐོག་ཚོང་སོགས་བརྒྱབ་མི་ཆོག་ཅིང་། དེ་མིན་བླང་དོར་འགལ་འཛོལ་བྱུང་ཚེ་གཞུང་ས་དགའ་ལྡན་ཕོ་བྲང་ཆེན་མོའི་༸རྒྱལ་ཁྲིམས་ཀྱིས་ཡན་པོར་མི་འཇོག་པས་གོ་བར་གྱིས་ཤིག་སོགས་སྒྲོག
གཞན་ཡང་། གོང་དུ་བྱུང་བ་བཞིན་རྫོང་དེ་ནི་དབུས་གཙང་གི་ཚོང་ལམ་རྒྱུ་འགྲུལ་ལྟ་བུར་བྱུང་བས། གཞི་རིམ་མི་སེར་ཚོས་སྤྱི་སྒོས་ཀྱི་ཁྲིམས་སྒྲིག་འགྲོ་སྟངས་ལ་ཧ་ཅང་མཁས་ཤིང་ལས་ལ་འཇོན་ནུས་ཆེ་བས། རྫོང་གཞིས་གཞན་ལ་མི་རྩ་བརྗེ་འཁྲོལ་བྱ་རྒྱུ་ཧ་ཅང་དཀའ་ལ་རང་ཁོངས་མི་སེར་ལ་གཅེས་སྦྲས་དོ་དམ་གང་ལེགས་བྱེད་པར་གྲགས། དཔེར་ན། ཤིང་ལུག (༡༨༩༥)ཡར་འབྲོག་སྣང་རྩེ་རྫོང་འོག་འགག་རྡོ་ལ་གཤམ་དུ་སྡོད་པ་ཁྱོ་ལྷུན་གྲུབ་རྡོ་རྗེའི་སྤང་བླང་ཞུ་གན་ཞེས་པར། རྫོང་དེ་དང་འབྲས་སྒོ་མང་གི་མི་རྩའི་རྩོད་གླེང་སྐོར་དོ་ཁག་གཉིས་ཀས་ནན་ཏུར་ཆེན་པོས་གན་རྒྱ་རྩ་འགངས་ཆེན་པོས་བཞག་ཡོད་པ་ལས་རྟོགས་ནུས།[15] གཞན་ཡང་། དེ་སྔ་རྫོང་དེར་བྱུང་བའི་དོན་རྐྱེན་ཕལ་མོ་ཆེ་ཕྱུག་རྫི་ཕན་ཚུན་རྩྭ་སའི་སྐོར་འཁྲུག་རྩོད་ཡོང་བས། ཁུལ་དེར་བྱུང་མྱོང་བའི་དོན་རྐྱེན་སྐོར་ཞིག་ཟུར་ཙམ་གླེང་ན། སྣ་རྩེ་ཡར་ས་ཚང་འཁོར་ཞེས་པའི་འབྲོག་སྡེའི་དུད་ཚང་དང་གྲོང་གོང་གི་དུད་ཚང་དབར། ཕན་ཚུན་གྱི་ལུག་ཁྱུ་རྩྭ་སར་འདྲེས་བའི་དོན་རྐྱེན་འོག་འཁྲུག་རྫིང་ལྷག་མཐར་གྲོང་གོང་གི་ལུག་རྫི་ཤི་རྨས་བྱུང་བས། རྫོང་ནས་གཤིན་པོའི་ཕུང་པོ་གནས་ཡུལ་དུ་ཉེས་ཅན་ཁོངས་ཀྱིས་ས་འབུམ་རྒྱག་བཅུག་ནས། ས་དེ་བཞིན་སླད་ཕྱིན་ཕན་ཚུན་གྱི་རྩྭ་ཁའི་ས་མཚམས་སུ་གཏན་འབེབ་ཀྱིས། ས་དེར་རྒྱ་ཁྱོན་མེལ་ལེ་གྲུ་བཞི་མ་ ༡༠ ཙམ་ཡོད་པའི་རྩྭ་སར་དཔྱིད་ཀ་རྩྭ་སྐྱེ་འགོ་ཚུགས་པ་ནས་སྟོན་ཁ་བཙས་མ་མ་བརྔས་བར་ཡར་ས་གྲོང་གོང་ཁུལ་གྱི་ལུག་འཚོ་ཆོག་པའི་བཀའ་གཏན་སྩལ་བ་དང་། མི་གསོད་ཉེས་ཅན་པའི་ཕྱོགས་ནས་གངས་རི་མ་བཞུར་བར་དང་ཡར་མཚོ་མ་སྐམ་བར། དེ་ཁུལ་རྩྭ་སར་ལུག་འཚོ་མི་ཆོག་ཅེས་ཁྲིམས་ཐག་བཅད་པའི་གནས་ཚུལ་བྱུང་འདུག དེ་མིན་ཁུལ་དེའི་རྒྱུན་གཏན་རྩོད་རྙོག་ཆེ་ཤོས་ཤིག་ནི་གྲུ་ཁ་ཕན་ཚུན་གྱི་འགྲིམ་འགྲུལ་དོན་རྐྱེན་ཡིན་པར་ཡར་སའི་མདའི་གྲུ་ཁར་ཆ་མཚོན་ན། མཚོ་ཁའི་ལྷོ་རྒྱུད་སྣ་དཀར་རྩེའི་ཁོངས་དང་བྱང་བརྒྱུད་གོང་དཀར་གྱི་ས་ཆར་གཏོགས་པས། ཀོ་གྲུ་གཙང་ཆུར་འབྱིང་སྐྱོན་སོགས་ཀྱི་སྐབས་དོན་རྐྱེན་ལྷག་ཡུལ་རྫོང་ཁོངས་གང་དུ་གཏོགས་ཀྱང་དེས་ཁྲིམས་གནོན་དོ་དམ་བྱེད་ཆོག་གི་འདུག དེ་མིན་རྒྱུན་གཏན་དུས་བདེ་ཞོད་འཇགས་ངང་གནས་པ་ལས་དུས་ཟིང་འཁྲུག་རྩོད་སོགས་ཤིན་ཏུ་ཉུང་། དེས་ན་ཁྲིམས་གཅོད་ཉེས་འབབ་སོགས་རྫོང་སྒོ་གཞན་དང་མཐུན་པས་འདིར་ཡིག་ཚོགས་ལ་འཛེམས་ནས་མ་སྤྲོས་སོ།།
དཔར་རིས་དང་པོ། སྣ་རྩེ་རྫོང་སྡོད་ལ་གྲ་བཞི་གློག་འཕྲུལ་ཁང་ནས་སྩལ་བའི་བཀའ་རྒྱ།
༄༅། །སྣ་རྩེ་རྫོང་སྡོད་སྦྲེལ་པོ་ལ། ཐོ་དོན། དེ་གའི་བཅུ་(བཅོ་)བརྒྱད་བཀར་སྟེང་ནས། གྲ་བཞི་གློག་འཕྲུལ་ཁང་གི་ངོ་ལས་འགོ་རིགས་འགོ་དམངས་ཀྱི་ཕོགས་འབྲུའི་ཐོག་སྔ་འཕྲོས་འབྲུ་རུའི་ཁལ་ཉིས་སྟོང་ཐམ་པ་འདོན་སྤྲོད་དོ་དམ་པ་དང་། རྫོང་གཙོ་འཁུར་མཉམ་ལེན་གྱི་གཉིས་ལོའི་གཤོར་སྤྲོད་དང་འབྲེལ་བུ་དེབ་ལ་བཏོན་ཁྲ་ངེས་འགོད་ཐོག མ་དེབ་ལ་འགོད་བདེའི་བུ་དེབ་ངོ་བཤུས་རྫོང་གཙོའི་ཐེལ་འབྱར་དང་། བཏོན་རྒྱ་འདི་ཡང་ཕྱིར་འབུལ་དགོས་རྒྱུ་བཅས་དེ་དོན་ཡིད་འདོམས་གྱིས། ས་ཡོས་ཟླ་ ༥ ཚེས་ ༡༧ ལ། ཞེས་པའི་བཏོན་ཆོག་བཀའ་རྒྱའི་ཞལ་བཤུས་ལ་ཞུས་སོང་གི་གྲ་བཞི་གློག་འཁྲུལ་ཁང་གི་ལས་བྱ་རྩེ་དྲུང་ཐུབ་ཉིས་དང་། ཤོད་དྲུང་ཤག་བྱང་པའི་ངོ་ཚབ་སྒོ་སློབ་བསྟན་པ་རྒྱལ་མཚོན་གྱིས་ཐེའུ། ཕུལ། རྟགས་ཐམ།
དཔར་རིས་གཉིས་པ། རྫོང་སྡོད་ལ་སོ་ནམ་ལས་ཁུངས་ནས་རྩལ་བའི་བཀོད་ཁྱབ།
༄༅། །ཐོ་དོན། དེ་ག་རྫོང་ནས་སྐྱོང་བའི་གཞིས་ཁག་དང་། མངའ་ཁོངས་བསྟན་བླ་གཞུང་ཆོད་གཞིས་ཁག་ཁོངས་ནས་འདབ་ལུང་དང་། དཀྲིག་རིན་གླིང་བཅས་ཀྱི་ལྕགས་འབྲུག་དང་། ལྩགས་སྦྲུལ་བཅས་ལོ་གཉིས་ཀྱི་བཅུ་(བཅོ་)བརྒྱད་དང་། གཞིས་འབབ་བཅས་བཀར་འཇུག་དོ་དམ་རྩིས་པ་སྣེ་ཞབས་པ་ནས་རྩིས་ཁང་མ་དེབ་གཅུག་(བཅུག་)ཕྲ་གཏན་ནས་ཞུས་མི་འདུག་པར་གཞིགས་ན། ཕལ་ཆེར་ས་གནས་སོ་སོར་བཀའ་འཇུག་ནར་འགྱངས་རྩ་ཆད་དུ་བཞག་ཡོད་ཚོད་འདུག་གཤིས། ཁྱེད་སྦྲེལ་ནས་བུ་དེབ་ཁག་ལ་ཞིབ་འཇུག་དང་འབྲེལ་སྐབས་དེའི་རྫོང་གཞིས་དང་། བསྟན་བླ་གཞུང་ཆོད་གཞིས་ཁག་གི་གཞིས་སྡོད་བཅས་ལ་འཁུར་བྱེད་པོ་སུ་ཡིན་འདྲི་རྩད་ཀྱི་དགོངས་བདེའི་༸སྙན་ཞུ་དང་སྦྲགས། གོང་ལོ་གཉིས་ཀྱི་བཀའ་འབྲུ་ཕུལ་ཆོག་དགོས་པའི་བཀོད་ཁྱབ་འཐུས་འདོམས་དགོས་རྒྱུ་བཅས་ཡིད་འདོམས་གྱིས། མེ་ཕྱི་ཟླ་ ༣ ཚེས་ ༢༧ ལ། རྟགས་ཐམ།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ལྕགས་སྟག་ཞིབ་གཞུང་། ཀྲུང་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༩། ཤོག ༤༨༡།
[2] གོང་གསལ་བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། ཤོག ༢༡༠།
[3] ཉི་མ་བཟང་པོ། ཡར་འབྲོག་དགོན་གྲོང་གི་ལོ་རྒྱུས་ཕྱོགས་བསྡེབས། བོད་ཀྱི་དཔེ་མཛོད་ཁང་། ཕྱི་ལོ་ ༢༠༠༧། ཤོག ༧༠།
[4] ཁུལ་དེ་རྩྭ་ས་ཤིན་ཏུ་བཟང་བས་གཞུང་སའི་རྟ་གསོ་ཆག་སོགས་གཞུང་སྒེར་ཅི་རིགས་ཀྱི་རྟ་དྲེལ་རྒྱུག་མ་བཅས་རྩྭ་གསོས་སུ་གཏོང་ལམ་དང་། དཔྱིད་ཀ་རྩྭ་སྐྱེས་འགོ་ཚུགས་པ་ནས་སྟོན་ཀ་དགའ་ལྡན་ལྔ་མཆོད་མ་ཟིན་བར་རྩྭ་སར་དོ་དམ་བྱེད་པོ་གླིང་དབོན་ཞེས་བསྐོ་འཇོག་བྱེད་ལ། ནོར་ལུག་གྱི་རྩྭ་རིན་དུ་གྲང་ཅི་ཞེས་པའི་ཡུལ་སྡེའི་ཚད་གཞིར་ཆ་མཚོན་ན། ལོ་གཅིག་ལ་ལུག་བཅུ་རྩྭ་རིན་དུ་ལེན་སྲོལ་ཡོད་འདུག་ལ། སྒོས་སུ་ཡུལ་དེའི་འབྲོག་དུད་སྟོབས་འབྱོར་ཆེ་རིགས་ལ་ནོར་ལུག་༡༢༠༠༠ཡན་ལ་མཆིས་པ་སོགས་ཞིང་འབྲོག་གཉིས་ཀའི་ཐོན་འབབ་བཟང་བར་བཤད།
[5] གོང་གསལ་ཡར་འབྲོག་དགོན་གྲོང་གི་ལོ་རྒྱུས་ཕྱོགས་བསྡེབས། ཤོག ༧༣།
[6] ལྕགས་སྟག་ཞིབ་གཞུང་འགོད་སྐབས་སྣ་རྩེ་ཞོལ་ལ་སྟོངས་རྙིང་ཕུད་པའི་སྒྲུབ་རྐང་བརྒྱད་ཡོད་པ་ལས། གོང་གསལ་རྫོང་གཡོག་སྔར་རྒྱུན་བཞིན་སྒྲུབ་ཚེ་ཁྲལ་འཁྲི་གཞན་དག་གི་ཁྲལ་དོད་ཆག་ཡང་སྩལ་བ་དུས་ཕྱིས་པར་གནས་འདུག
[7] རྡ་ས་བོད་ཀྱི་དཔེ་མཛོད། བཀའ་ཤག་ནས་སྣེ་དཀར་རྩེ་རྫོང་སྡོད་ལ་སྩལ་བའི་བཀའ་ཤོག ཡིག་རིགས་ཨང་། ༢༤༧།
[8] དཀོན་མཆོག་རྟ་དབང་། བོད་ཀྱི་དཔེ་མཛོད་ཁང་། ངག་རྒྱུན་ལོ་རྒྱུས། དེབ་ཕྲེང་། ༢༡། ཕྱི་ལོ་ ༢༠༠༧། ཤོག ༢༠༨-༡༠ ཁུལ་དེའི་ཡུལ་སྡོད་གཞིས་ཀར་གཞུང་འབབ་བཀར་བཅུག་འབྲུ་ཁལ་༡༥༠༠འཁྲི་ཡང་། གཞིས་དེའི་ཡར་འབྲོག་གཡུ་མཚོའི་ངང་པ་གསོ་སྐྱོང་བྱེད་ལམ་གྱིས་བཀར་བཅུག་ནས་མི་ཉུང་བ་ཞིག་ཁྲལ་ཆག་ཡོད་འདུག དེ་ཡང་ཡིན་ཏེ། བོད་ཟླ་༢པའི་ཟླ་མཇུག་དང་༣པའི་ཚེས་ཤར་ལ་ཡར་འབྲོག་གཡུ་མཚོའི་མཚོ་མཐར་མཚོ་བྱས་སྒོ་ང་འཇོག་པའི་དུས་སྐབས་ཡིན་པས། ཡུལ་སྟོད་གཞི་ཀའི་ས་ཁོངས་སུ་གཞུང་ས་ནས་སྒོང་མཛོད་གོང་འོག་གཉིས་ཆེད་བཙུགས་ཀྱིས། སྒོང་ངར་མི་རྐུན་དང་འདབས་ཆགས་ཕོ་རོག་དང་པིང་ཀྱུར་མ་སོགས་ཀྱི་གནོད་འཚེ་མི་ཡོང་སླད། ཡུལ་སྟོད་གཞིས་ཁོངས་ནས་སྒོང་སྲུང་བ་འཇོག་པར་སྲུང་ཆའི་གླ་ཕོགས་འབྲུ་ཁལ་༢༥དང་། རྒྱུན་ལྡན་མེ་ཤིང་། མཁོ་ཆས། ཟས་དོད། ཐ་ན་སྡོད་ཁང་གི་ཐོག་ཁའི་ཐིག་ས་ཚུན་ནས་གཞིས་ཀའི་རྒན་པོས་གོ་སྒྲིག་བྱེད་དགོས་འདུག གང་ལྟར་བྱ་ཕྲུག་འཚར་ལོངས་མ་བྱུང་བར་གནོད་འཚེ་བེད་སྤྱོད་སོགས་གང་ཡང་བྱེད་མི་ཆོག་པར་བདེ་ཐང་ངང་འཚར་ལོངས་བྱེད་དགོས།
[9] རྡ་ས་བོད་ཀྱི་དཔེ་མཛོད། ཡིག་རིགས་ཨང་། ༢༣༦། ༢༣༩། ༢༤༣། ༢༤༤། ༢༤༧། ༢༥༤། ༢༥༥། ༢༥༧། ༢༥༨། ༢༦༡བཅས་ལ་གཟིགས།
[10] ཉི་མ་བཟང་པོ། ཡར་འབྲོག་དགོན་གྲོང་གི་ལོ་རྒྱུས་ཕྱོགས་བསྡེབས། བོད་ཀྱི་དཔེ་མཛོད་ཁང་། ཕྱི་ལོ་ ༢༠༠༧། ཤོག ༧༠-༧༣།
[11] རྡ་ས་བོད་ཀྱི་དཔེ་མཛོད། བཀའ་ཤག་ནས་སྣེ་དཀར་རྩེ་རྫོང་སྡོད་ལ་སྩལ་བའི་བཀའ་ཤོག ཡིག་རིགས་ཨང་། ༢༤༧།
[12] དཀོན་མཆོག་རྟ་དབང་། བོད་ཀྱི་དཔེ་མཛོད་ཁང་། ངག་རྒྱུན་ལོ་རྒྱུས། དེབ་ཕྲེང་། ༢༡། ཕྱི་ལོ་ ༢༠༠༧། ཤོག ༢༥༠།
[13] སྤྱིར་བཏང་སྐབས་དེར་རྟ་དྲེལ་བོང་གསུམ་གྱི་ཁལ་དོ་རེ་ལ་འབྲུ་ཁྲལ་གཉིས་དང་བྲེ་བཅུ་རེ་རྩིས་བར། ཁལ་རྒྱབ་རེར་འབྲུ་ཁལ་ལྔའི་རྒྱབ་ཆ་ཡིན།
[14] དཀོན་མཆོག་རྟ་དབང་། བོད་ཀྱི་དཔེ་མཛོད་ཁང་། ངག་རྒྱུན་ལོ་རྒྱུས། དེབ་ཕྲེང་། ༢༡། ཕྱི་ལོ་ ༢༠༠༧། ཤོག ༢༧༩།
[15] Documents no. 0741a_AA_1_2_109 Historical Documents from the AndrAlexander Collection