དབུས་གཙང་ལོ་རྒྱུས་ཆེན་མོ་ལས། སྣར་དཀར་རྩེ་རྫོང་གི་ཞིང་འབྲོག་ཐོན་སྐྱེད་དང་ཁྱད་ལས་ཐོན་ཁུངས།

དབུས་གཙང་ལོ་རྒྱུས་ཆེན་མོ་ལས། སྣར་དཀར་རྩེ་རྫོང་གི་ཞིང་འབྲོག་ཐོན་སྐྱེད་དང་ཁྱད་ལས་ཐོན་ཁུངས།

ས་བཅད་བཞི་པ། ཞིང་འབྲོག་ཐོན་སྐྱེད་དང་ཁྱད་ལས་ཐོན་ཁུངས།

ལེ་ཚན་དང་པོ། ཞིང་འབྲོག་ཐོན་ཁུངས་དང་ཚོང་ལས།

སྣ་དཀར་རྩེ་རྫོང་འབྲོག་ལས་གཙོ་བའི་རྫོང་ཞིག་ཡིན་ཞིང་རྨོ་འདེབས་ས་ཞིང་མུའུ་ཁྲི་ ༣.༥ ཡོད་པའི་ནང་ལོ་ཏོག་གཙོ་བོ་ནས་དང་། སྲན། པད་ཁག ཞོ་ཁོག ལ་ཕུག སྔོ་ཚོད། མྱུག་མ་སོགས་ས་མཐོའི་ཞིང་ལས་ཀྱི་ཐོན་ཁུངས་འཛོམས་པ་མ་ཟད། གཡག་ཤ་དང།  ལུག་ཤ ར་ཤ།ཕག་ཤ ཉ་ཤ་སོགས་དང་། ཕྱུར་བ། མར། འོ་མ། མཐུད་སོགས་འབྲོག་ལས་ཀྱི་ཐོན་ཁུངས་ཀྱང་འཛོམས་པོ་ཡོད།

དེ་བཞིན་བལ་དང་། སྤུ། ཁུ་ལུ། ཀོ་བ་སོགས་འབྲོག་པའི་རང་བྱུང་གི་ཐོན་ཁུངས་མི་ཉུང་བ་ཞིག་ཕྱོགས་ལ་ཚོང་གཉེར་ཀྱང་བྱེད་ཀྱི་ཡོད། གསོ་ཚགས་གཙོ་བོ་ནོར་དང་། མཛོ། བ་ཕྱུགས། རྟ། དྲེལ། བོང་བུ། ལུག ར། ཕག་པ་སོགས་ཡོད། ས་གནས་དམིགས་བསལ་ཐོན་རྫས་གླ་རྩི་དང་། སྙི་བ། དབྱར་རྩྭ་དགུན་འབུ། ལྕ་བ་སོགས་སྨན་རྫས་ཀྱི་རིགས་ཡོད། ད་དུང་རང་བཞིན་བཟའ་བཅའི་རིགས་ལ། སེ་ཤ དཀར་ཤ།འདམ་ཤ ཆོ་ལོ། གྲོ་མ། གཡའ་སྒོག འཛིམ་བུ། སྒོག་སྐྱ། སླེ། ཨ་ལོ། ཟྭ་ཚོད། ལྕང་། སྙ་ལོ། བསིལ་འབྲུམ། སིལ་རིལ་སོགས་ཡོད། ས་གནས་རང་ནས་ཤིང་དང་ལྕགས་བཅས་ལས་བཟོ་བསྐྲུན་བྱས་པའི་ས་ཞིང་རྨོ་བྱེད་དུ་ཐོང་གཤོལ་དང་། གཉའ་ཤིང། རི་བཅས་དང་། ཞིང་ཆུ་གཏོང་སྐབས་ལྕགས་ཁྱེམ་དང་། ཏོག་རྩེ། ཡུར་མ་རྒྱག་བྱེད། བཙས་མ་བརྔ་བྱེད་ཟོ་ར། གཡུལ་ཁའི་སྐབས་སུ་རྒྱག་འཕེན་དབྱུག་པ། རྒྱབ་ར། སྦར་མོ། ཁྲོལ་མ། ཙག་གྲི་སོགས་ཤིང་ལས་ཡོ་ཆད་ཡང་ཡོད། ཡར་འབྲོག་ཁུལ་དུ་ལོ་ལྟར་བོད་ཟླ་བཅུ་གཉིས་དང་དང་པོའི་ཚེས་ཤར་ནས་འབྲོག་ལས་འགོ་འཛུགས་ཟིན་ནས་ལུག་ཕྲུག་སྐྱེ་བའི་དུས་ཚོད་རེད། ལུག་ཕྲུག་མངལ་དུ་འཁོར་བའི་ལུག་ཨ་མ་རྣམས་རང་རང་སོ་སོར་འཁེར་གཙང་བཞག་ནས་བལྟ་སྐྱོང་དགོས་པ་དང། ལུ་གུ་སྐྱེས་ཚར་རྗེས་ལུག་ཨ་མ་དང་ལུག་ཕྲུག་གཉིས་འཇུག་ས་ཟུར་དུ་འཇོག་དགོས་ཀྱི་ཡོད།

སྣེ་རྩེ་རྫོང་མངའ་ཞབས་ཀྱི་མི་སེར་ཚོས་རྒྱུན་གཏན་ཞིང་འབྲོག་ལག་ཤེས་ཀྱི་ལས་རིགས་གཉེར་བ་ལས། ཚོང་གཉེར་རྒྱ་ཆེར་དོན་གཉེར་མི་བྱེད་ཀྱང་། ཞིང་འབྲོག་གི་ལོ་འཁོར་གཅིག་གི་ཉེར་མཁོའི་སླད་སྟག་ལུང་ཚོང་འདུས་སོགས་ཐག་ཉེའི་རྫོང་གཞིས་ཁག་ཏུ་ཚོང་འཁོས་འཐབ་ལེན་དུ་བསྐྱོད་སྲོལ་ཡོད་པ་ལས། རྫོང་ཞབས་ས་གནས་རང་དུ་ཚོགས་པའི་སྟག་ལུང་ཚོང་འདུས་ནི་བོད་ཟླ་༢༢ནས་བཟུང་བདུན་གཅིག་གཏན་འབེབ་ཀྱིས་ཚོགས་ཀྱང་། ཚོང་འཇུག་སྒྲིལ་མིན་སོགས་ཀྱི་ཉིན་ཤས་ཕྱིར་འགྱངས་ཀྱི་དོན་རྩ་ཉིན་གྲངས་བཅུ་ལྷག་འཐབ་འཁོས་བརྗེ་ལེན་བྱེད། ཚོང་འདུས་ཉེ་འཁོར་ལྷོ་ཁ་རྩེད་ཐང་། འཕྱོངས་རྒྱས། གཉལ། སྦྱོར་ར། ལྷོ་མདོར་མཁར། མཚོ་སྣ། ལྷོ་བྲག་བཅས་རྫོང་གཞིས་ཁག་དང་། གཙང་སྟོད་ཕྱོགས་ནས་གྲོ་མོ། ཕག་རི། ལྷ་རྩེ། རྒྱལ་རྩེ། གཞིས་རྩེ་སོགས་གཙང་རྫོང་ཁག དེ་བཞིན་བྱང་ནག་ཆུ་ཁ། འདམ་པ། རོང་པ། རིན་སྤུངས། སྙེ་མོ་བ། གཡག་སྡེ། བར་ཐང་། ཐོན། ཟས། ཆུ་ཤུར། ལྷ་ས་བ། ཁམས་རིགས་སོགས་བོད་པ་ནང་ཁུལ་དང་། ཕྱི་ཕྱོགས་ཕག་རི་བརྒྱུད་འབྲུག་སྤ་གྲོ་ངོས་ཀྱི་འབྲུག་པ་དང་། མོན་ལ་དཀར་ཆུང་བརྒལ་ལྷོ་བྲག་བརྒྱུད་བུམ་ཐང་ངོས་ཀྱི་འབྲུག་པ་འབོར་ཆེན། གཞན་ཡང་། བལ་པོ། ཁ་ཚར། ལ་དྭགས་པ། ཁ་ཆེ་ཚོང་འདུས་དེར་འཛོམས་པ་ཡིན། ཚོང་འདུས་དེའི་སྐབས་ཀྱི་བོད་ཟོག་གཙོ་བོ་རྟ་དྲེལ་བོང་གསུམ། མཛོ་གཡག་ལུག་གསུམ། ཇ་མར་ཤ་གསུམ། སྣམ་དར་རས་གསུམ། གསེར་དངུལ་གཡུ་བྱུར་རྒྱན་ཆས། དེ་བཞིན་གཙང་རྒྱལ་རྩེ་ཁུལ་ནས་རྒྱ་གར་གྱི་ཟོག་ཕོན་ཆེན་ཁལ་རྒྱབ་ཁྲི་ཕྲག་ནང་འདྲེན་དང་། ཕྱི་ཕྱོགས་འབྲུག་པས་འབུ་རས། བཙོད། སྨྱུག་མའི་སྣོད་སྣ་ཚོགས། སྒོག་ཕོར། སྦ་ཅི། ཨ་ཤོམ། སྒ་སེར། རྒུན་འབྲུམ་ཨ་འབྲས། རྒྱ་ཚོས་སོགས་ཁྲམ་ས་ལོག་ཏུ་ཡོད་ལ། རྟ་ཁྲམ་ཁོ་ནར་ཡང་རྟ་བརྒྱ་ཕྲག་བརྒལ་བ་ཚོང་རྒྱུ་མཆིས་པར་བཤད།[1] ཚོང་དུས་དེ་གྲོལ་མཚམས་རྫོང་དེའི་ཡུལ་སྡེ་ཁག་ལ་ལོ་རེའི་འོང་བསྐོར་དུས་སྟོན་གཏོང་བའི་གྲབས་གཤོམ་རན་ཞིང་། ཟླ་༧ཚེས་༥ཙམ་འོང་སྐོར་གྲ་རྒྱས་གཏོང་སྲོལ་ཡོད་འདུག

གཞན་ཡང་། སློབ་གསོའི་ཐོག་ནས་ཀྱང་སྣ་དཀར་རྩེ་ཁུལ་དུ་མི་ཚང་སྒེར་གྱི་སློབ་གྲྭ་མི་ཉུང་བ་ཞིག་ཆེད་བཙུགས་འདུག་པ། དཔེར་ན། ཡར་འབྲོག་གཡུ་མཚོའི་དཀྱིལ་གྱི་དགོན་པ་ཡམ་བུ་རྡོའི་སློབ་གྲྭ་དང་ཤག་སྒོར་གྱི་སློབ་གྲྭ་སོགས་ལྟ་བུར། རྒྱུན་བཞུགས་སློབ་མ་བཞི་བཅུ་སྐོར་མཆིས་པར། བསླབ་གཞིའི་བོད་ཡིག་འདོན་ཀློག་ཡིག་གཟུགས་དང་རྩི་ཆའི་རྣམས་གྲངས་དགུ་ཟླ་ཆ་ཕྲན་བཅས་གཙོ་བོར་འཁྲིད། སློབ་གྲྭའི་དགེ་རྒན་ལ་ལག་རྟགས་ངོ་ཐོན་ཙམ་ལས་སློབ་ཡོན་སོགས་སྤྲོད་སྲོལ་མེད་པ་དབུས་གཙང་ཁུལ་གྱི་སློབ་གྲྭ་སྤྱི་མཚུངས་དང་། ལྷག་པར་ཁུལ་དེར་ཕོ་མོ་གཉིས་ཀ་འདྲ་མཉམ་གྱི་སློབ་གྲྭར་གཏོང་སྲོལ་ཡོད་པར་གསུངས། དེ་མིན་དུད་ཁྱིམ་ཕལ་མོ་ཆེས་བུ་ཕྲུག་བརྗེད་ཐོ་འཕེར་ཙམ་ལས་སློབ་གྲྭར་མི་མངགས་པར། འཚེམ་བུ། ཤིང་བཟོ། འཐག་ལས། ཤིང་བརྐོས། གྲུམ་ཟེ། སྣམ་ལས་སོགས་ཁོ་ནར་དར་སྲོལ་ཤིན་ཏུ་ཆེ་བའི་རྫོང་ཞིག་ཡིན་འདུག[2]

ཁུལ་དེ་ནས་དམིགས་བསལ་ཐོན་ལས་གཙོ་བོ་ཡར་འབྲོག་སྐམ་གསོལ།[3] ཞེས་ཡར་འབྲོག་གི་ཚག་ཤ་དེ་བཞིན་བྲོ་བ་ཞིམ་ལ་གཟུགས་པོར་རོ་བཅུད་ལྡན་པས་དབུས་ཁུལ་གྱི་ཁྲོམ་རའི་ཐོག་འགྲོ་རྒྱུག་ཆེ། དེ་མིན་འཐག་ལས་ཐོན་རྫས་སུ་ཁ་གདན་དང་། ས་གདན།  སྣམ་བུ།[4] པང་གདན། བཙུགས་ཕྲུག རྟ་ཆས། རུམ་གདན། སླེའུ། བན་པོ། སྐེ་རག ལྷམ་སྒྲོག སྣམ་བུའི་ཕྱུག་པ་དང་། གོ་འཐུང་། སྟོད་འཐུང། ཟོན་པ་སོགས་དང་། ཤིང་ཆའི་ཐོན་རྫས་སུ་ཆ་སྒམ་དང་། ལྕོག་ཙེ། མཆོད་གཤོམ། དངུལ་བཟོའི་ཇ་ཕོརཁེབ། ཁ་གདན་སོགས་བཟོ་བའི་ལག་རྩལ་ཡོད་ལ། དཀར་མོ་གླིང་རྩྭ་ཐང་ནི་བོད་གཞུང་གི་གཞུང་རྟ་གསོ་ཚགས་བྱ་ཡུལ་ཞིག་ཡིན་ཞིང་། དེ་གར་ཟླ་བ་ལྔ་པ་ནས་བརྒྱད་པར་རྟ་གསོ་ཆག་བྱེད།[5] དཀར་མོ་གླིང་གི་རྩྭ་ས་ནི་ཁད་སྙོམས་ཞིང་གྱེན་ཐུར་མེད་པ། རྩ་བཅུད་ཆེ་བ། ཆུ་སྣ་འཛོམས་པ། གསར་སྐྱེས་ཀྱི་རྩ་ཆུང་སྐྱེ་འཚར་མགྱོགས་ལོས་ཐད་མཚན་མོར་ཇ་ཕོར་ཁ་སྦུབས་ཚེ། རྩྭའི་སྐྱེ་སྟོབས་ཀྱིས་ཞོགས་པ་ཁ་ཡར་ལངས་ནས་སྡོད་པའི་བཤད་སྲོལ་ཡོད། རྩྭ་སོར་གནས་མཁན་སྒོ་ཕྱུགས་སེམས་ཅན་གྱི་གྲངས་འབོར་གྱོན་པ་ཕྱི་ནང་སློག་པ་ལྟར་རྩྭ་ཁ་ཟད་མཐའ་མེད་པའི་ཁྱད་ཆོས་དང་། སྔར་རྩྭ་སར་གཏང་བའི་སྒོ་ཟོག་ཕྱིས་ཚུར་ལེན་སྐབས་ཤ་ཤེད་རྒྱས་ཏེ་བདག་པོས་ཀྱང་ངོས་མི་ཤེས་པར་འགྱུར་བར་གྲགས་པ་སོགས་ཐུན་མིན་ཁྱད་ཆོས་ལྡན།[6] ཞེས་འཁོད།

 

ས་བཅད་དྲུག་པ། སྲོག་ཆགས། སྐྱེས་དངོས། གཏེར་ཁ།

ཁུལ་དེར་སྲོག་ཆགས་གཅན་གཟན་གྱི་རིགས་གཙོ་བོར་སྤྱང་ཀི། དྲེད་མོང་། གཟིག ཁྱི་གཟིག སྲམ། ཕ་ར། ཝ་མོ། གྲུམ་པ། གཡི། གསའ་དོམ། རི་ཞུམ། ཏི་ཕུ། ཆུ་སྲམ་སོགས། རི་དྭགས་སུ་རྐྱང་། དགོ་བ། ཤ་བ་ཁྲ་ཁྲ། གནའ་བ། གཙོད། གཉན། གླ་བ། འཕྱི་བ།  རི་བོང་། འཕྱི་ཕིག་སོགས་དང་། དེ་བཞིན་འདབས་ཆགས་སུ་ལྷ་བྱ་གོང་མོ། འདྲེ་བྱ་རག་པ། སྒྲོ་རྒོད། ཨང་ཀར། ཅུར་རུ། གྲོ་མོ། གོང་མོ། སྲེག་པ། རྒོད་པོ། གོ་གླས་དཀར། ཕོ་རོག སྐྱུང་ཀ ཁྲུང་ཁྲུང་། ངང་པ་དཀར་སེར། ཆུ་བྱ། བྱ་ལོང་། ཕུག་རོན། བྱ་རྒོད། སྤུ་ཤུད། སྐྱ་ཀ འུག་པ། བྱ་རོག བྱ་གླག གོ་བོ། ཁྱིམ་བྱ། འཇོལ་མོ། ཁང་བྱེའུ་སོགས་ཡོད། གཞན་ཡང་། སྐྱེ་དངོས་ཤུག་པའི་རིགས་འདྲ་མིན་དང་། དབྱར་རྩ་དགུན་འབུ། བ་ལུ། སུ་ལུ། གཡའ་ཚན། གངས་དཀར། ཤ་ཕྲུག འཁན་པ། ཆུ་ཤིང་འོམ་བུ། ཐང་ཤིང་རིགས་སྣ་ཚོགས། སྟག་པ། བླ་མ་ཤིང་། ཚར་མ་ཤིང་། གདུང་ཤིང་། གླང་མ་དང་། སྦྱར་དཀར། མྱང་རྩི་སྤྲས། སྡོང་ཕུང་། མེ་ཏོག་གི་རིགས་བ་ལུའི་མེ་ཏོག སུ་ལུའི་མེ་ཏོག ཚར་མའི་མེ་ཏོག ཁྲག་ཤ་མེ་ཏོག སེར་ཆེན་མེ་ཏོག ཧ་ལོའི་མེ་ཏོག སྤང་རྒྱན་མེ་ཏོག ཁྱུང་ལུང་མེ་ཏོག སྐལ་བཟང་མེ་ཏོག ཞོ་སྟོན་མེ་ཏོག འབྲས་སིལ་མེ་ཏོག གོས་ཆེན་མེ་ཏོག གང་ཟང་མེ་ཏོག དཀར་ཡོལ་མེ་ཏོག། མ་རྨོས་ལོ་ཏོག གཡའ་སྐྱ་རི། གངས་ལྷ་མེ་ཏོག་སོགས་ཡོད།

ད་དུང་ཡར་འབྲོག་གཡུ་མཚོར་འདུས་ཚད་མཐོ་ལ་སྤྱི་རྒྱ་དུང་ཕྱུར་༢ནས་༣བར་གྱི་མཐོ་སྒང་གི་ཐུན་མིན་ཁྱད་ཆོས་མངའ་བའི་ཉ་ཁྲབ་མེད་དང་ཉ་སྦོ་གས་སོགས་གསེར་ཉའི་རིགས་གྲངས་འདས་པ་གནས། གཏེར་ཁའི་རིགས་ལ་གསེར་དང། དངུལ། ཟངས། ལྕགས། ཞ་ཉེ། ཏི་ཚ། ཆུ་ཤེལ་སོགས་ཐོན་པ་མ་ཟད་ལྕགས་རིགས་ཐོན་ཁུངས་ཀྱང་ཕུན་སུམ་ཚོགས། དེ་མིན་རྫོང་དེར་རླུང་ནུས། ཆུ་ནུས། ཉི་ནུས་བཅས་ཀྱི་ཐོན་ཁུངས་ཀྱང་ཤུགས་ཆེར་ལྡན།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] གོང་གསལ་ངག་རྒྱུན་ལོ་རྒྱུས། ༨༡།

[2] དཀོན་མཆོག་རྟ་དབང་། ཡར་འབྲོག་ཁུལ་གྱི་ལོ་རྒྱུས། རྡ་ས་དཔེ་མཛོད་ཁང་། ངན་རྒྱུན་ལོ་རྒྱུས་དེབ་ཕྲེང་། ༢༡། ཤོག ༢༥༥།

[3] དེ་སྔ་ཁུལ་དེར་དགུན་བཤས་ཞེས་བོད་ཟླ་༩ལྷ་བབས་དུས་ཆེན་གྲུབ་རྗེས་ནོར་ལུག་བཤའ་འགྱེད་བྱེད་པར། ཡར་འབྲོག་སྐམ་གསོལ་དུ་གྲགས་པའི་ཚགས་ཤ་དེ་ཁོ་ནའི་ཆེད་དུ། འབྲི་གཡག་ཚགས་ཆས་སྤྲད་ཅེས་དམིགས་བཀར་གསོ་ཆག་གིས་འབྲི་རྣམས་འོ་མ་བཞོ་རྒྱུ་དང་། གཡག་གི་རྩིད་ཁུལ་བྲེགས་པ་ཙམ་ལས། དབྱར་ཐོག་གཅིག་རིང་ལས་ཀ་གང་ཡང་མི་བསྐུལ་བར་རྩྭ་ས་བཟང་ས་གང་ཡིན་དུ་གློད་འཇོག་བྱེད་སྲོལ་འདུག

[4] དབུས་གཙང་ཁུལ་གཞན་དང་མི་འདྲ་བར་ས་དེའི་སྐྱེས་པ་ཚོའི་སྣམ་བུ་འཐག་ལས་དང་།  བེུད་ཚོས་རྒྱུ་མཚོན་སྤུན་མདོག་འཁལ་རྒྱུ་སོགས་བལ་གཡོག་རྒྱུག་སྲོལ་འདུག་ལ། སྣམ་ལས་སྐབས་འཐག་ལས་ཀྱི་ཐུན་མིན་གྱི་གླུ་གཞས་དང་རྣམ་ཐར་ལེན་རྒྱུ་དར་སྲོལ་ཤིན་ཏུ་ཆེ།

[5] གཞུང་སའི་རྟ་དྲེལ་དང་རྒྱུག་མ་གསོ་ཆག་གནང་སྟངས་སྐོར་། གོང་གསལ་ངག་རྒྱུན་ལོ་རྒྱུས་ཀྱི་ཤོག ༡༨༠-༡༨༣བར་གཟིགས་འཚལ།

[6] ལྷོ་ཁའི་རིག་གནས་ལོ་རྒྱུས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། དེབ་གསུམ་པ། བོད་ལྗོངས་མི་མང་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༡༠༢།

 

དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།