གར།

གར།

བོད་འདིར་ལོ་ངོ་སྟོང་གི་སྔོན་ནས་གར་ཞེས་གླུ་གར་དང་རོལ་མོ་དཀྲོལ་གཏོང་བྱེད་པའི་རིག་རྩལ་གྱི་རྣམ་གྲངས་ཤིག་ཡོད། གར་ཞེས་པ་དེ་མངའ་རིས་དང༌། གཞིས་རྩེ། ལྷོ་ཁ། ཆབ་མདོ་རི་བོ་ཆེ། ལི་ཐང་སོགས་ས་ཁུལ་ཁག་ལ་ཡོད་ཅིང༌། འོན་ཀྱང་ས་ཁུལ་སོ་སོར་འཁྲབ་ལུགས་མི་འདྲ་བ་རེ་ཡོད། རང་ལྗོངས་སུ་སྤྱི་ལོའི་སྔོན་གྱི་ལོ་རབས་བརྒྱ་ཕྲག་ལྔ་དྲུག་གི་གོང་གནའ་རྗེ་སའི་ལེགས་དྲུག་གི་སྲས་དེ་ཤོ་ལེགས་ཀྱི་དུས་སུ་བོད་དུ་གླུ་དང་བྲོ་དར་བ་དང༌།

བཙན་ལྔའི་མཐའ་མ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་དུས་སུ་གླིང་བུ་དར། དེ་ནས་རིམ་བཞིན་འཕེལ་རྒྱས་བྱུང་སྟེ་སྲོང་བཙན་སྒམ་པོའི་དུས་སུ་ད་དུང་རོལ་མོ་གཞན་དར་བ་སྟེ། དཔེར་ན་བོད་ཀྱི་རབ་བྱུང་གོང་གི་ལོ་ ༣༩༣ ཤིང་རྟ་ (སྤྱི་ལོ༦༣༤) ལོར་ར་སར་བོད་རྗེ་སྲོང་བཙན་སྒམ་པོ་དགུང་ལོ་ ༡༦ ལ་སོན་དུས་བལ་བཟའ་ཁྲི་བཙུན་བཙུན་མོ་གདན་དྲངས་སྐབས་བོད་འབངས་རྣམས་ཀྱིས་རོལ་མོ་དུ་མ་ཐོགས་ཏེ་ལྷ་སའི་མཐིལ་དུ་ལྷ་གཅིག་ཁྲི་བཙུན་འཁོར་བཅས་ལ་བསུ་བ་རྒྱ་ཆེ་གཟབ་རྒྱས་ཞུས་ཡོད། དེ་བཞིན་རབ་བྱུང་གོང་གི་ལོ་ ༣༨༨ ལྕགས་གླང་ (སྤྱི་ལོ་ ༦༤༡) ལོར་སྲོང་བཙན་སྒམ་པོ་དགུང་ལོ་ ༢༥ ལ་ཕེབས་དུས་ཐང་གོང་མའི་སྲས་མོ་འུན་ཤིང་ཀོང་ཇོ་བོད་རྗེའི་ཁབ་ཏུ་བསུ་སྐབས་བོད་བློན་དང་བོད་འབངས་རྣམས་ཀྱིས་གླུ་གར་རོལ་མོས་མདུན་བསུས་ཡོད་པ་མ་ཟད་ལྷ་གཅིག་འཁོར་བཅས་བྲག་ལྷའི་ནེའུ་ཐང་ལ་གཟིགས་མོར་ཕེབས་སྐབས་བོད་འབངས་གྲངས་ཀྱིས་གཞལ་བར་མི་ནུས་པ་ལྟད་མོར་འཚོགས་ནས་གླུ་གར་དང་རྩེད་མོ་བསམ་གྱིས་མི་ཁྱབ་པ་བྱེད་མྱོང་ཡོད། རབ་བྱུང་གོང་གི་ལོ་ ༣༧༤ ཆུ་གླང་ (སྤྱི་ལོ༦༥༣) ཡུན་ཧའི་ཁྲི་ལོ་ ༥༤ པར་ར་ས་གཙུག་ལག་ཁང་བཞེངས་ཟིན་པའི་མཛད་སྒོར་རྟ་རྒྱུག་མདའ་འཕེན་དང༌། མི་རྒྱུག རྡོ་འགྱོགས་སོགས་དང༌། ལྷག་པར་དུ་གླུ་གར་དང་འབྲོང་རྩེད་སོགས་ཀྱི་རྟེན་འབྲེལ་གཟབ་ཅིང་རྒྱས་པ་ཉིན་ཞག་དུ་མ་འབྲེལ་ནས་བྱེད་མྱོང་ཡོད་སྐོར་ལྷ་སའི་གཙུག་ལག་ཁང་གི་བར་སྒོའི་གཡོན་ངོས་ཀྱི་ལྡེབས་རིས་ཐོག་བྲིས་ཡོད་པ་ད་ལྟའང་མཇལ་རྒྱུ་ཡོད། བོད་ས་གནས་སྲིད་གཞུང་བཙུགས་རྗེས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ཞལ་བཞུགས་སྐབས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ལོ་ངོ་བཞི་ཙམ་སྲིད་དབང་བཟུང་རིང༌། སྔོན་ཡོད་མངའ་རིས་ཀྱི་བྲོ་གར་འཁྲབ་མཁན་རྣམས་གཅིག་བསྡུས་ཀྱི་གར་པའི་ཆེད་ལས་ཚོགས་པ་ཞིག་བཙུགས་པ་དེའི་མིང་སྟེ་དེ་ཡང་བོད་བཙན་པོའི་རྒྱལ་རབས་འཐོར་ནས་རྒྱལ་རྒྱུད་མགོན་གསུམ་སྟོད་མངའ་རིས་སུ་སྲིད་དབང་བཟུང་སྐབས། མངའ་རིས་ས་ཁུལ་དུ་དར་བའི་བྲོ་གར་ལ། རྫ་རྔ་དང༌། གླིང་བུ། སུར་རྣ་བཅས་རོལ་ཆ་མཉམ་དཀྲོལ་གྱི་བྲོ་གར་དར་སོ་ཆེ་བ་བཞིན། གཙང་པ་རྒྱལ་པོས་མངའ་རིས་གུང་ཐང་གི་ས་ཁུལ་རྣམས་དབང་དུ་བསྡུས་རྗེས་མངའ་རིས་ཀྱི་བྲོ་གར་རྣམས་རྒྱལ་པོའི་ཕོ་བྲང་དུ་འཁྲབ་སྟོན་བྱེད་དུ་བཅུག་པའི་ལོ་རྒྱུས་ཡོད་པ་དང་། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་རིན་པོ་ཆེ་དགོངས་པ་མྱ་ངན་ལས་མ་འདས་ཙམ་གྱི་ཟླ་བ་ཁ་ཤས་གོང་དེར་སྟོད་མངའ་རིས་སྐོར་གསུམ་བོད་ས་གནས་སྲིད་གཞུང་གི་མངའ་ཁོངས་སུ་ཚུད་ནས་གཅིག་གྱུར་བྱུང་རྗེས། ལ་དྭགས་རྒྱལ་པོའི་རོལ་མོ་བ་རྒད་པོ་མ་ཎི་དེ་བ་དང༌། བུད་མེད་གཞས་མ་མཁས་པ་ལ་དྭགས་པ་ཨོ་རྒྱན་བུ་ཁྲིད། ལ་དྭགས་རྒྱལ་པོའི་རོལ་མོ་བ་མཁས་པ་གུ་ཏིའི་བུ་འབྲིང་བ་བཀྲ་ཤིས། སུར་རྣ་དང་གླིང་བུ་གཏོང་བ་ལ་མཁས་པ་དར་མདོ་ཚེ་བརྟན། མངྒུ་ར་སྟེ་སྒྲ་སྙན་གཏོང་བ་ལ་མཁས་པ་བྱང་རྒྱབ་བློ་བཟང་སོགས་མཉམ་བསྡུས་ཐོག་བྲོ་གར་དང༌། གླུ་དབྱངས། རོལ་ཆ་བཅས་སྔར་ཡོད་ལ་ཞུས་དག་དང༌། ཉམས་པ་སླར་གསོ། སྔོན་མེད་གསར་གཏོད་ཐོག་རབ་བྱུང་བཅུ་གཉིས་པའི་ས་འབྲུག་ (༡༦༨༨) ལོར་གོང་གསལ་བྲོ་གར་རོལ་ཆ་ལ་མཁས་པ་རྣམས་ཀྱིས་ཕུལ་བའི་ཟིན་བྲིས་ལ་གཞིར་བཟུང་ནས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་གནའ་བོའི་ལུགས་བཟང་ཡ་རབས་སྲོལ་གཏོད་པའི་དེབ་ཐེར་མིག་ཡིད་རྣ་བའི་དགའ་སྟོན་ཞེས་པ་གསར་རྩོམ་མཛད་ཅིང༌། དེབ་གཞུང་འདི་ཉིད་བར་སྐབས་ཕྱི་རྒྱལ་དུ་འཁྱར་བ་ ༡༩༩༠ ལོར་བོད་ལྗོངས་སློབ་གྲྭ་ཆེན་མོའི་སྒྱུ་རྩལ་ཚན་ཁག་གི་སྒྱུ་རྩལ་དགེ་རྒན་ཆེན་མོ་གར་དཔོན་པ་སངས་དོན་གྲུབ་ལགས་ལ་མ་ཕྱི་བཤུས་མ་ཞིག་ཕྱག་ཏུ་སོན་པ་དེ་ཉིད་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་དཔར་སྐྲུན་གནང་ཡོད། གར་གྱི་འཁྲབ་ཚན་ནང་ཕོ་གར་མོ་གར་དང༌། གར་གླུ་མཉམ་གཏོང༌། རོལ་ཆ་མཉམ་དཀྲོལ། གྲི་གར། ཕེབས་རྔ་སོགས་ལེའུ་ ༥༠ ལྷག་ཙམ་ཡོད་པ་དང༌། དེ་དག་འཆམ་དང༌། ལྷ་མོ། ནང་མ། སྟོད་གཞས། སྒོར་གཞས། བྲོ་སོགས་གང་དང་ཡང་མི་མཚུངས་པའི་དམིགས་བསལ་གྱི་གར་སྟབས་དང༌། རོལ་དབྱངས། ལུས་པོའི་བདེ་རྩལ་བཅས་ཡོད། གར་ཚིག་གི་ནང་དོན་ཕལ་མོ་ཆེ་སྤྱི་ཚོགས་ཀྱི་འཚོ་བ་ཡིན་པ་སྟེ་དཔེར་ན་སོག་པོ་དང་ལ་དྭགས་གཡུལ་འཁྲུག་པའི་སྐོར་དང༌། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་རྒྱ་ནག་ཏུ་ཕེབས་པའི་སྐོར། རྒྱ་ཡི་བཟོ་མོའི་གོས་ཆེན་འཐག་པའི་ལག་རྩལ་ལ་བསྔགས་པ། དེ་བཞིན་རི་ཆུ་རྩི་ཤིང་ལ་བསྟོད་པ་སོགས་ཡིན་ལ་མཆོད་སྤྲིན་གྱི་དོན་མཚོན་པའི་ཚིག་ཀྱང་ཉུང་ཤས་ཡོད།

གར་གྱི་རོལ་མོའི་བྱེ་བྲག་ནི། རྡར་མ། རྫ་རྔ་ཁ་གཅིག་པ་ཞེས་སྒོ་ང་ཕྱེད་བཅད་ལྟ་བུའི་ཞབས་རིལ་ཞིག སུར་རྣ་ (རྒྱ་གླིང་འདྲ་ཙམ་ཞིག) སྡུག་པི་ (མཛེས་སྡུག་ལྡན་པའི་པི་ཝང)  པི་ཝང་རྒྱུད་གཉིས་སྦི་ཐབ་ (རྔ་མུ་ཀུཎྜ) གྲོལ་ (རྔ་མུ་ཀཎྜ་ཆུང་བ) གནང་ལིང་ (གཤང)  གཞུང་གླིང༌། འཕྲེད་གླིང་གཡེར་ཕྲུག འཁར་རྔ་བཅུ་པ་བཅས་ཡིན་པ་དང་གསེར་གྱི་ཚིགས་དཀྲིས་ཕ་ལམ་གྱི་ཕྲས་བརྒྱན་པའི་ཕྲེད་གླིང་དང༌། གྷེ་ཎེ་ལས་བཟོས་པའི་བརྡ་མོ། ཙན་དན་དམར་པོ་དང༌། ཤིང་ཨ་སྐྲ་ལ་དངུལ་ཚགས་གཡུ་ཕྲ་བརྒྱབ་པའི་སུར་རྣ་བཅས་ཀྱང་ཡོད།

འཁྲབ་ཆས་ཐད་གར་སྣེ་ཁྲིད་མཁན་དང་གར་གཞུག་སྒྲིལ་མཁན་གཉིས་ཀྱིས་གོས་ཆེན་དཀར་པོའི་ཕྱུ་པ་རེ་གྱོན་པ་ལས་བྱིངས་ཀྱིས་གོས་ཆེན་སྣ་ཚོགས་ཀྱི་ཕྱུ་པ་གྱོན་པ་དང་གར་དཔོན་དང་གར་སྣེ་ཁྲིད་མཁན་གཉིས་ཀྱི་ཞྭ་མོའི་རྒྱབ་ཛར་དེ་གཞན་དང་མི་འདྲ་ཙམ་ཞིག་ཡོད། གར་དཔོན་ལ་གར་དོན་སྐོར་གྱི་དབང་ཆ་ཚང་མ་ཡོད་ཀྱང་མཛད་སྒོའི་སྐབས་སུ་རྩེའི་མཁན་མགྲོན་ཆེན་མོ་ནས་ཐད་ཀར་བཀོད་འདོམས་བྱེད་ཀྱི་ཡོད། གར་དཔོན་བསྐོ་གཞག་བྱེད་པའི་ཚད་གཞི་ནི་གར་གྱི་རོལ་ཆ་སྣ་ཚོགས་དཀྲོལ་གཏོང་དང༌། གར་གླུ་གཏོང་རྒྱུ། གར་འཁྲབ་རྒྱུ་སོགས་རྒྱུགས་ལེན་བྱས་ཏེ་རྒྱུགས་འཕྲོད་ན་གར་དཔོན་བྱས་ཆོག་པ་དང༌། གར་ཕྲུག་གསར་པ་བསྡུ་ལེན་བྱེད་སྐབས་གཞུང་སྒེར་ཆོས་གསུམ་གང་གི་མངའ་འོག་ཏུ་འོས་བབ་ཡོད་པ་ཞིག་ཡོད་ཕྱིན་བསྐོང་བསྡུ་བྱེད་པ་དང་ (ལོ་ཚད་བཅུ་ཡས་མས་) གར་ཕྲུག་བསྡུས་པའི་ཁྱིམ་ཚང་ལ་ཁྲལ་ཆག་རྐང་གཅིག་གཏོང་བའི་དམིགས་བསལ་ཡོད། གར་ཕྲུག་པ་རྣམས་ནར་སོན་རྗེས་རིག་གནས་ཆུ་ཚད་ལེགས་པ་རྣམས་རྩེ་ཕྱག་ནང་དང་ཞོལ་དྲུང་བཅས་སུ་བསྐོ་གཞག་བྱེད་པ་དང་རིག་གནས་ཞན་པ་རྣམས་རྩེ་གཉེར་དང་ཤོད་གཉེར་ཞོལ་ནང་བཅས་སུ་བསྐོ་གཞག་བྱེད་ཀྱི་ཡོད།

ལོ་རེའི་གར་འཁྲབ་དུས་ནི་བོད་ཀྱི་ལོ་གསར་ཚེས་ ༡ དང་། ཚེས་ ༢ ཉིན་རྩེ་ཕོ་བྲང་གི་ཚོམས་ཆེན་ནང་འཁྲབ་དགོས་ཤིང་བོད་ཟླ་ ༡ ཚེས་ ༣ དང་། ཚེས་ ༢༧ ཉིན་རྫོང་རྒྱབ་སྤྲོ་ཁང་དུ་རོལ་ཆ་འབུད་དཀྲོལ་དང༌། གར་གླུ་གཏོང་བ་སོགས་བྱེད་ཀྱི་ཡོད་ཐོག་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པའི་དུས་གར་དཔོན་པ་སངས་དོན་གྲུབ་ཀྱིས་དེ་ཉིན་སྟོད་གཞས་ནང་མ་འཁྲབ་སྲོལ་བཟོས་པ་དང༌། རོལ་ཆ་ཡང་ཆིང་བསྣན་པ་སོགས་བྱས་པ་དང་སེ་འབྲས་དགའ་གསུམ་གྱི་དགེ་འདུན། ལྷ་ཞོལ། ཕྱོགས་འགྲུལ་མི་དམངས་སོགས་ཚང་མས་ལྟ་ཆོག་པའི་དཔོན་འབངས་མཉམ་སྤྲོའི་དགའ་སྟོན་ཞིག་ཏུ་བསྒྱུར་བ་རེད།

བོད་ཟླ་ ༡ ཚེས་ ༢༥ ཉིན་བྱམས་པ་གདན་འདྲེན་སྐབས་བརྡ་མ་དང་བསུ་རྣས་སྤྱན་འདྲེན་ཞུ་དགོས་པ་དང༌། བོད་ཟླ་ ༢ ཚེས་ ༣༠ ཉིན་ཚོགས་མཆོད་སེར་སྦྲེང་སྐབས་ཁྱམས་རྭའི་སྒོ་འཕྱོར་མདུན་དང༌། ཞོལ་འབྲས་བུ་སྟེང་ (ནས་ཁང་ཡང་ཟེར) ར་མོ་ཆེ་བཅས་ལ་གར་ཐེངས་རེ་འཁྲབ་དགོས། ད་དུང་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་པའི་སྐུ་མཆོད་ (དགོངས་རྫོགས) ལ་ནོར་གླིང་དང༌། རྩེ། གཙུག་ལག་ཁང་བཅས་ནས་བརྡ་མ་དང་སུར་རྣ་འབུད་བརྡུང་བྱས་ཏེ་དགོངས་རྫོགས་ཀྱི་དུས་ཚིགས་སུ་མྱ་ངན་མཚོན་པ་བྱེད་པ་དང༌། བོད་ཟླ་ ༡༠ ཚེས་ ༢༥ དགོང་མོ་དགའ་ལྡན་ལྔ་མཆོད་ཅེས་པའི་རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་སྐུ་མཆོད་སྐབས་སུའང་གོང་བཞིན་བྱེད་དགོས།

དེ་མིན་ཏཱ་ལའི་བླ་མ་རྩེ་དང་ནོར་གླིང་བར་དང༌། གནས་ཆུང་སོགས་ལ་ཆིབས་སྒྱུར་མཛད་སྐབས་རྩེ་མཁན་མགྲོན་ནས་དུས་ཚོད་གཏན་འཁེལ་བྱས་པ་ལྟར་ཐོ་རེངས་བཞེངས་བརྡ། དེ་ནས་འཛོམས་བརྡ། དེ་རྗེས་ཕེབས་བརྡ་བཅས་ཀྱི་རྡར་མ་བརྡུང་དགོས། ལོ་ལྟར་རྩེ་ནས་ནོར་གླིང་དུ་ཏཱ་ལའི་བླ་མ་ཆིབས་སྒྱུར་གནང་སྐབས་ཕེབས་བརྡ་བརྡུངས་དགོས་པ་བཅས་ཡིན། དེ་སྐོར་གྱི་ཞིབ་ཆའི་ལོ་རྒྱུས་དང་ངོ་སྤྲོད་སྐོར། གོང་གསལ་དགེ་རྒན་ཆེན་མོ་གར་དཔོན་པ་སངས་དོན་གྲུབ་ཀྱིས་རྩོམ་སྒྲིག་གནང་བའི་གངས་ལྗོངས་ཀྱི་གར་ཕྲུག་པའི་གསོ་སྐྱོང་སྒྲིག་གཞི་དང་ལོ་རྒྱུས་སྐོར་མདོ་ཙམ་བརྗོད་པ་ཞེས་པ་བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག་ ༡༩༨༨ ལོའི་དུས་དེབ་ཨང་ ༧ པར་འཁོད་པ་དེར་གཟིགས།།

 

དུང་དཀར་ཚིག་མཛོད་ཆེན་མོ་ལས་བཏུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།