ས་བཅད་བརྒྱད་པ། དམངས་སྲོལ།
དང་པོ། ཡར་འབྲོག་གི་སྤྱང་གཞས་དང་འཁྲུངས་གཞས།
ཡར་འབྲོག་གི་སྤྱང་གཞས་དང་འཆོང་ཁ་རྩེ་བའི་ལྷ་མོ་ནི་ཡར་འབྲོག་ས་གནས་རང་གི་ཐུན་མིན་ཁྱད་ཆོས་ལྡན་པའི་དམངས་ཁྲོད་ཀྱི་གླུ་གཞས་ཤིག་ཡིན། གླུ་གཞས་དེ་ནི་ཆེས་གནའ་སྔ་མོ་ནས་ཁུལ་དེར་དར་ཁྱབ་ཡོད་པར་གྲགས། གཞས་དེའི་བསྟན་དོན་གཙོ་བོ་ཡང་སྤྱང་ཀིའི་ལོ་རྒྱུས་དང་དེའི་ནག་ཉེས་དྲངས་ཏེ་སྤྱང་ཀི་ཆོས་ལ་བསྐུལ་བའི་མངོན་འདོད་མཚོན་ཡོད།
དེ་ཡང་གནས་སྐབས་ལ་རེར་དགག་བྱ་དང་དགོས་དབང་གིས་གཅན་གཟན་གདུག་པ་ཅན་སྲོག་གཅོད་བྱེད་པའི་གནས་སྟངས་ནི། མི་དགེ་བའི་བྱེད་ལས་ཤིག་མིན་པར་དགེ་བའི་ལས་འཇུག་པའི་སྐོར་ཡིན། གཞན་དེ་ནི་ཁུལ་དེའི་ཞིང་འབྲོག་གཉིས་ལས་འབྲོག་དུད་ཁག་ཏུ་ཆེས་དར་སྲོལ་ཆེ།
ཡར་འབྲོག་གི་འཁྲུངས་གཞས་ནི་ས་གནས་རང་གི་ཐུན་མིན་ཁྱད་ཆོས་འབུར་དུ་ཐོན་པའི་གཉེན་སྟོན་མཛད་སྒོའི་གླུ་བཤད་ཅིག་ཡིན་ལ། དེ་ཡང་། དང་པོ་། ཡུལ་བཤད་དང་བསུ་ཆང་གི་བཤད་པ། གཉིས་པ། ཐོ་ལྕོག་གི་བཤད་པ། གསུམ་པ། ཕྱི་སྒོའི་བཤད་པ། བཞི་པ། སྒྲོམ་སྐད་ཀྱི་བཤད་པ། ལྔ་པ། རྟེན་གཙོའི་བཤད་པ། དྲུག་པ། ཀ་བའི་བཤད་པ། བདུན་པ། ཆང་ཟང་གི་བཤད་པ། བརྒྱད་པ། གཏན་བཤད། དགུ་པ། བཏགས་ཡུའི་བཤད་པ། བཅུ་པ། མདའ་དར་གྱི་བཤད་པ་བཅས་ལེའུ་བཅུའི་བདག་ཉིད་དུ་གྲུབ་པའི་ཐུན་མིན་འཁྲུངས་གཞས་ཤིག་ཡིན།[1]
གསུམ། འགོག་ཚེས་བཅུ་དང་གར་འཆམ།
ལོ་རེའི་བོད་ཟླ་ ༥ པའི་ནང་དུ་ཡར་འབྲོག་ཡམ་བུ་རྡོ་འོག་མིན་གསང་ཆེན་ཐེག་མཆོག་གླིང་དུ་ཚེས་བཅུ་ཚོགས་སྲོལ་ཡོད་པར། ཁུལ་དེའི་མི་སེར་ཕལ་མོ་ཆེས་གནས་སྐོར་སྟོན་གོན་ཟབ་རྒྱས་དང་བཅས་བཅར་སྲོལ་མཆིས། དེ་ཡང་། དུས་སྟོན་དེར་བསྐྱོད་པར་འགོག་ཁུལ་གྱི་ཡུལ་སྡེ་ནས་ཀོ་གྲུ་ ༡༥ ལྷག་ཆོས་མཇལ་བའི་ཆུ་སྒྲོལ་ལ་གོ་སྒྲིག་བྱེད་ལམ་དང་། དེ་བཞིན་མི་སེར་ཚོས་འབྲུག་རིགས་སོགས་ཀྱི་ཡོན་འབུལ་བ་ཡིན། དུས་སྟོན་རིང་མི་སེར་རྣམས་དགོན་པའི་ར་སྐོར་ཕྱི་ནང་གང་སར་གུར་ཕུབ་ནས་ཆོས་མཇལ་གླིང་ཁ་གཏོང་ཞིང་། དགོན་པའི་དབུ་ཐོད་སེར་ཁྱིམ་པའི་བཙུན་མ་ཚོར་ཆང་འབྲུ་ཕུལ་ནས་ཆང་སྟོན་གྲ་རྒྱས་རྒྱག་སྲོལ་ཡང་འདུག གཞན་ཡང་། ཟླ་དེའི་ཚེས་ ༦ ནས་ ༩ བར་ཚེས་བཅུའི་སྟ་གོན་གྱི་ཚུལ་དུ་གུ་རུ་མཚན་བརྒྱད་ཀྱི་གར་འཆམ་ཉིན་གསུམ་ཙམ་འཁྲབ། ཚེས་བཅུ་དངོས་གཞིའི་བཀའ་དབང་སོགས་གྲུབ་པའི་རྗེས་སུའང་། ཁུལ་དེའི་དོ་ནང་དང་། སྟག་ལུང་། སྣ་དཀར་རྩེ། སས་སྨད། དོ་རི་སོགས་ཡུལ་སྡེ་ཆེ་གྲས་ནས་མི་འབོར་ཅི་ཆེ་འདུ་འཛོམས་ཀྱིས་བདུན་གཅིག་ལྷག་སྒོར་གཞས་དང་ཡུལ་གཞས་འགྲན་བསྡུར་བྱེད། ལྷག་པར་གླུ་གཤགས་འགྲན་བསྡུར་རྒྱལ་ཕམ་དབྱེ་འབྱེད་མ་ཐུབ་པར་ཉིན་མཚན་བསྟུད་འབྲེལ་དུ་བྱེད་པ་དང་། སྐབས་དེར་དབུས་ཁུལ་ནས་ཆེད་མངགས་གླུ་གཞས་འགྲན་བསྡུར་དུ་ཡོང་བར་བཤད།[2] དེ་མིན་སྟག་ལུང་ཚོགས་འདུས་རིང་དུའང་ཚོང་གཉེར་དུ་ཡོང་བའི་ཡུལ་གྲུ་ཁག་གི་མི་དབར་གཞན་སྣ་དང་རྡོ་སྐོར།[3] རྡོ་འགྱོགས། རྟ་རྒྱུག གཡག་རྒྱུག་སོགས་འགྲན་བསྡུར་ཅི་རིགས་བྱེད་སྲོལ་འདུག་གོ།
བཞི། ཇོ་མོ་ཁ་རེག་གངས་སྐོར།
ལོ་ལྟར་བོད་ཟླ་༤དང་༥པའི་ནང་དུ་ཁུལ་དེའི་མི་སེར་དང་ཉེ་འགྱངས་གནས་མཇལ་བ་མང་པོ། ཇོ་མོ་ཁ་རེག་གི་གངས་སྐོར་འགྲོ་སྲོལ་མཆིས། གངས་སྐོར་སྐབས་ས་གནས་ཀྱི་རྦད་དང་ལྗགས་རྒྱང་སོགས་གདངས་རིང་གིས་བསྐུལ་ནས་ཕན་ཚུན་བཤད་པ་གཏོང་བའི་སྲོལ་དང་། གངས་རི་དེའི་ཉེ་འཁོར་དུ་ལྷ་མཚོ་དང་བདུད་མཚོ་ཞེས་གྲགས་པའི་མཚེའུ་གཉིས་སུ་མཚོ་མཇལ་གསང་གསོལ་བྱེད་ཅིང་། གནས་ལས་འཁོར་སྐབས་ཡུལ་མི་ཕན་ཚུན་ལག་རྟགས་སུ་ཁུལ་དེའི་གསོལ་ཞིབ་རང་བྱུང་ཞེས་རྡོ་ཕྱེ་དཀར་པོ་དང་། བསངས་རྫས་བ་ལུ་སོགས་སྤྲོད། དེ་མཚུངས་གངས་རིའི་གཡས་བསྐོར་སྐབས་ལྕགས་མཁར་གཞིས་ཀའི་གླ་ཡོས་ལ་ཞེས་པར། གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་གནས་དགོན་དང་ལྕགས་ཟམ་ཆུ་བོར་རིར་བསྐོར་བ་འགྲོ་ཞིང་། དེ་ནས་གོང་དཀར་ཁུལ་གྱི་གནས་མཇལ་དུ་བསྐྱོད་སྲོལ་བཅས་སོ།།
[1] ལྷོ་ཁའི་རིག་གནས་ལོ་རྒྱུས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། ཤོག ༡༥༩། དེ་མིན་ཡར་འབྲོག་གི་གཉེན་སྟོན་སྐོར་གོང་གསལ་བོད་ཀྱི་དཔེ་མཛོད་ངག་རྒྱུན་ལོ་རྒྱུས། ཤོག ༢༤༠-༢༤༥ གཟིགས་འཚལ།
[1] གངས་ལྗོངས་རིག་གནས། ཕྱི་ལོ་ ༢༠༠༡། དུས་དེབ་དང་པོ། ཤོག ༦༩།
[2] གོང་གསལ་ངག་རྒྱུན་ལོ་རྒྱུས། ཤོག ༢༠༧།
[3] རྡོ་སྐོར་གྱི་རྩེད་མོར་འབུ་སྲིན་མང་པོ་ཤི་རྨས་ཡོང་བས་གཞུང་ཕྱོགས་ནས་དབྱར་ཁ་རྩེད་མོ་དེ་རིགས་རྩེད་བར་འགག་བྱའང་ཡོད་འདུག
དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།