༄། །ཟུར་ཚོའི་ལོ་རྒྱུས།

༄། །ཟུར་ཚོའི་ལོ་རྒྱུས།
༄། །ཟུར་ཚོའི་ལོ་རྒྱུས།
༈ ༡.ཐོག་མར་ཟུར་ཚོའི་མིང་གི་སྐོར་དང་། ༢.སྔ་རབས་གཙང་ཞེས་པའི་ལྟེ་གནས་མིན་ནམ་སྙམ་པའི་དཔྱད་པ་གླེང་བ། ༡.དེ་ཡང་ཐོག་མར་ཟུར་ཚོ་འདིར་མིང་གཞན་ཡང་བྱུང་བ་ནི། དིང་སྐབས་ཀྱང་སྤྱད་ཕུ་ཞེས་པའི་མིང་ཆ་ཤས་ཙམ་ལྷག་པ་འདི་དང་། ཤོང་ལོ་རྡོ་རྗེ་རྒྱལ་མཚན་གྱི་ལོ་རྒྱུས་དང་། རྒྱལ་བ་རྒོད་ཚང་པའི་རྣམ་ཐར། དབང་གི་རྒྱལ་པོའི་ <རྣམ་ཐར་ལམ་བཟང་ཡིད་འཕྲོག་མ་>རྣམས་ལས། སྤྱད་ལུང་ཟེར་བའི་མིང་འདི་ཤས་ ཆེར་མངོན་ཞིང་།

ད་དུང་། མིང་ཆ་ཤས་གཞན་ཞིག་ཡོད་པ་ནི། བོན་ཁང་(74)ཞེས་པ་ཞིག་ཀྱང་བྱུང་བ་དེ་ཡང་། གྲོང་བྱེ་བྲག་པ་ཞིག་གི་མིང་ཡིན་ནམ་ཡང་ན་དེ་ལས་ཁྱབ་ཆེ་བ་ཞིག་ཡིན་ཅུང་ཟད་དཔྱད་པའི་གཞིར་མཐོང་། གང་ལྟར་སྤྱད་ལུང་ཟེར་བ་ཟུར་ཚོ་ཡོངས་རྫོགས་ལ་གོ་བ་དང་། མིང་དེ་གཉིས་གང་ཞིག་སྔོན་ལ་བྱུང་བ་ཆ་མ་འཚལ་ཡང་གཉིས་ཀ་སྔ་མོའི་དུས་ནས་ཡོད་པར་མངོན། འོན་ཀྱང་དིང་སྐབས་སྤྱི་ཡོངས་ལ་ཟུར་ཚོ་ཁོ་ན་ཡིན་ཞིང་། སྤྱད་ཕུ་ཞེས་པ་ཕུ་ཕྱོགས་ལས་མི་ཁྱབ་ཀྱང་། སྤྱད་ལུང་ཟེར་གྱི་ཡོད་པའི་དཔང་རྟགས་ལྟ་བུར་གནས་པས་ཟུར་ཚོ་བ་རྣམས་ཀྱིས་དེ་ཤེས་དགོས་པར་སྣང་། སྤྱད་ལུང་ཟེར་བ་དེ་འབྲི་ནོར་བྱས་པ་སྤྱང་ལུང་ཞེས་བྲིས་པ་ཡང་འགའ་འདུག་ཀྱང་། དིང་སྐབས་ཀྱི་ངག་ཐོག་ན་གནས་པའི་སྤྱད་ཕུ་ཞེས་པའི་ཐ་སྙད་འདིས་སྔོན་དུས་ཀྱི་མིང་ངོ་མ་སྤྱད་ལུང་ཡིན་པ་བདེན་དཔང་ཐུབ་པས་སྤྱང་ལུང་ཟེར་བ་ཡིག་ནོར་ཡིན་པ་ར་འཕྲོད་པ་རེད།
༢.ད་དུང་དཔྱད་གཞི་གཞན་ཞིག་ནི། འདི་ལྟར་<ཆོས་འབྱུང་མཁས་པའི་དགའ་སྟོན་>ལས། རྒྱལ་ཕྲན་སིལ་མ་བཅུ་གཉིས་བཤད་པའི་སྐབས་སུ། དེ་བཞིན་དུ་མྱང་རོ་ཕྱོང་དཀར་ན་གཙང་རྗེ་ཐོད་དཀར། བློན་པོ་གནང་། ཞེས་དང་། ཀོང་ཡུལ་བྲེ་སྣ་ཀོང་རྗེ་ཀར་པོ། ཏུག་དང་མཁར་པ་བློན། ཞེས་འཁོད་ཅིང་། བོན་གྱི་དཔེ། <བོན་འདི་ནི་བཀའ་བསྒོམ་ཤིང་ལོ་དྲིས་ནས་བཞུགས་པ་ལགས༔བྱུར་འབུད་དཔལ་གསོའ་བ་བཞུགས་སྷ། །>ཞེས་པ་ལྡེབ་༩ན༤ལས། །
ཡུལ་གྱི་མིང་དང་མཚན༔ཁ་ལ་གཙང་སྟོད་ན༔མཁར་ལ་མི་ལ་འཁན༔ཁ་ལ་དྲ་ཤོགས་ན ༔ ཕ་དང་ཡབ་ཀྱི་མཚན༔གཙང་རྗེ་ཐོད་དཀར་ལགས༔ མ་དང་ཡུམ་གྱི་མཚན༔བཅོའི་གཟའ་གླིང་དགུའ་མ༔བཤོས་དང་ཐཾ་གྱི་སྲས༔རྩ་དྲང་སྐྱེས་གཅིག་ལེགས༔ཆེ་ཆེ་ལྕམ་མོ་བ༔རྩང་གཟའ་འཕྲུལ་མོ་ཆེ། ཡབ་སྲས་དེ་སྣམས་ཀྱིས༔དེས་:ལྔ་[སྔ་]མན་ཆོད་དུ༔ཡབ་ཀྱི་ཕོ་ལྷ་རྒྱ་རྒྱུ་དང་༔ཡུམ་གྱི་མ་ལྷ་རིགས་མོ་དང་༔དྲལ་གྱི་ཕོ་དཔལ་དང་༔ལྕམ་གྱི་མོ་དཔལ་དང་༔དེ་སྣམས་ལྷ་ལྕམ་༡་ཏུ་བགྱིས༔རྩང་བཟའ་འཕྲུལ་མོ་ལ༔སྨུའ་བདུད་ཕྱ་དང་གསུམ་དུ་བཞེད་དོ་གསུང་༔མི་རྩང་རྒྱལ་དང་གསུམ་ཡང་བཞེད་དོ་གསུང་༔འདྲེ་སྲིན་བྱུར་དང་གསུམ་དུ་བཞེད་དོ་གསུང་༔དེ་སྐད་གསུངས་པ་དང་༔ཞེས་དང་། ཡང་དཔེ་དེ་ཉིད་ཀྱི་ལྡེབ་༡༠ན༣ལས། བུ་མོའི་མཆིད་ན་རེ༔སྟན་གྱི་:དྲོགས་བརྩལ་[གྲོགས་བཙལ་] ན༔མོད་ཀྱི་མི་ལ་བརྩལ་ན་ལེགས༔དེར་མི་མཐའ་སྙེན་དུ་བྱས༔ལྷ་མདའ་སྒྲོ་དཀར་ལ༔མགུལ་དུ་གསེར་གཡུ་བཏགས༔ལྷ་དར་སྨར་[དམར་]པོས་:བསྒྱན[བརྒྱན]༔:རྩང་ལྷ་ཕུ་དར་[གཙང་ལྷ་པུ་དར་]ཡང་༔མི་བསྐྱོད་བསྐོར་དུ་འབུལ༔ཞེས་སོགས་འཁོད་པས། (འདིར་དཔྱད་ན། གོང་གི་བཞེད་དོ་ཟེར་བ་ནི། འདོད་དོ་ཟེར་བ་མངོན་པས། སྨུ་བདུད་ཕྱ་གསུམ་སོགས་ཀྱིས་འདུན་མར་འདོད་དོ། །ཞེས་པ་འདྲ།)དཔེ་དེ་ལས། ཡབ་ཀྱི་ཞལ་ན་རེ། དབུལ་གྱི་གོ་ག་ན༔:རིའུ་[རེའུ་]མཛོ་དང་མཉམ༔རྨང་གྱི་གོ་ག་ན༔བུ་མོ་ཁྱེའུ་ཡི་དོ༔སུ་ལ་ཡང་འབུལ་ལོ༔ཞེས་སོགས་འཁོད་པས། དོན་དུ་རྩང་བཟའ་འཕྲུལ་མོ་མནའ་མར་བཏང་བའི་ནོར་སྐལ་དུ། རྩང་ལྷའི་རྟེན་དང་བཅས་པ་བརྫངས་པས་གཡང་ཤོར་ནས་ཕྲལ་དུ་མི་ཤིས་པ་བྱུང་བ་རྩང་གཤེན་གྱི་བཀའ་ཉན་ཞིང་གཏོ་བཅོས་བསྒྲུབས་པས་ལེགས་པར་བྱུང་བའི་སྐོར་གསལ་བས། གོང་གི་བཞེད་དོ། །ཟེར་བའི་ཚིག་དེ་འདུན་མར་འདོད་དོ། །ཞེས་པར་གོ་ཆོག་པར་མངོན་ནོ། ། གཙང་རྗེ་ཐོད་དཀར་བྱུང་བའི་དུས་རྒྱལ་རབས་མང་ཆེ་བས་གཉའ་ཁྲི་བཙན་པོའི་གོང་དུ་བྱུང་བར་བཞེད་པ་དང་། འགའ་ཞིག་གིས་སྲོང་བཙན་སྒམ་པོའི་གོང་ཙམ་དུ་བྱུང་བར་བཞེད། གང་ལྟར་ཆོས་རྒྱལ་སྲོང་བཙན་གོང་དུ་བྱུང་བ་གཅིག་མཐུན་ཡིན། དེས་ན་སྐབས་དེར་གཙང་རྗེ་ཐོད་དཀར་གྱི་གནས་གཞི་ཡང་ཟུར་ཚོ་དང་སྨན་སྦུགས། བྱང་གི་གཙང་སོ་སོགས་གང་རུང་ཞིག་ཡིན་ཚོད་རེད། གང་ལགས་ཟེར་ན་ས་ཆ་དེ་དག་གི་དཀྱིལ་ན་གནས་པའི་གངས་རི་གཙང་ལྷར་གྲགས་པ་འདི་ནི། གཙང་ལྷ་པུ་དར་དཀར་པོ་ཞེས་རྗེ་ཡི་མགུར་ལྷ་བཅུ་གསུམ་གྱི་ཡ་གྱལ་འདི་དང་། གཙང་རྗེ་ཐོད་དཀར་གཉིས་ལྷ་མི་འབྲེལ་ཅན་ཡིན་པ་དང་། ཡང་། བོད་སིལ་བུར་ཆད་པའི་སྐབས་ཀྱི་ལོ་རྒྱུས་ལས་ཀྱང་། གཙང་ལྷ་བུ་དར་ལྷ་ཡིས་ཞུ་བ་བྱས། །ཞེས་སོགས་སྔོན་ཆད་ལྷ་རྩེར་གནས་པའི་རྗེ་ཚན་རྣམས་ཀྱིས་ཀྱང་གཙང་ལྷ་གསོལ་མཆོད་བྱེད་ཀྱི་ཡོད་པ་འདྲ་ཞིག་བསྟན་པ་རྣམས་སླད་ནས་དཔྱད་པ་བྱེད་པའི་ཆེད་དུ་ལུང་དང་སྦྲགས་ནས་ཅུང་ཟད་ཞུས་པ་ལགས།
གཞན་ཡང་བོན་གྱི་ལོ་རྒྱུས་<བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན་>གྱི་སྔགས་སེམས་ཀྱི་ལོ་རྒྱུས་སྐབས་ལས། བཙན་སྒྲ་བྱིན་རླབས་དཔལ་གྱི་ལོ་རྒྱུས་ལ། གདུང་རུས་དཔང་ཡིན་ཞིང་། ཁོང་གིས་ཞང་ཞུང་གི་ཡུལ་དུ་བྱོན། བོན་པོ་ཁ་ཡལ་མེ་ཕུད་ལ། མེ་རིའི་སྐོར་ཐིས་བཅས་པ་ཞུས་ནས་སྒྲུབ་པ་མཛད་པས། གྲུབ་རྟགས་བསམ་གྱིས་མི་ཁྱབ་པ་བྱུང་བ་བརྗོད་ན། ·: སྒྲོའི་[འབྲོའི་]དམག་གིས་སྤུ་རང་བཅོམ་ནས་ཁོང་གི་ཕྱག་རྒྱ་མ་ཁྱེར་ནས། དེའི་རྟིང་བཞིན་བྱོན་པ་ན། རྒྱགས་མེད་པས་རྒོད་གཡག། ཤ་བ་སོགས་ལ་ཉུང་ཀར་འཕང་ནས་བསྒྲལ་པས། ·གཞའ་[འཇའ་]ཚོན་དུ་འཕྲོས་ནས་སངས་རྒྱས་སོ། །དེ་ནས་འབྲོའི་ཡུལ་དུ་སླེབས་པས། ཤ་དྲང་སྣང་དུ་འབྲོ་བ་ཞིག་གཡག་རྒོད་ཀྱིས་བསད་པའི་གྲི་འདུལ་ལ། བོན་པོ་མང་པོ་འདུག་པར། ཁོང་གིས་ཕ་ཚད་དུ་བཞུགས་པས། ཇོ་མོ་ཆུ་འཆུ་བ་དང་མཇལ། ཇོ་མོ་ན་རེ། དུམ་བཞུགས་ཤིག་ཟེར་ནས་སོང་ངོ་། །ཇོ་མོས། བོན་པོ་རྣམས་ལ། ཕྱི་ན་བོན་པོ་རྒད་པོ་ཅིག་གདའ་བས། འདིར་འབོད་ལགས་སམ་བྱས་པས། བོན་པོ་ཀུན་ན་རེ། བོན་པོ་བརྒྱ་ཚོགས་མ་བུ་ཡིན། བོས་ཟེར་ནས་ནང་དུ་བོས་ནས་གྲལ་གཞུག་ཏུ་བཞག་གོ། བོན་པོ་རྣམས་ཀྱི་ཆོ་ག་ག་བགོས་ནས་བྱེད་ཅིང་འདུག། ཁོང་ལ་ཐབས་འདོན་བློ་ལ་ཡོད་ན་ཐང་ཟེར། ཐབ་ཡས་བསགས་ནས་བོན་པོ་ཡོན་བདག་ཀུན་ལ། ཕྱུགས་ཐོག་བཅས་པོ་ཀུན་སྦྲེལ་ཅིག། ངས་རྔ་བརྡུང་བ་ཡིན་གསུངས་ནས། ཕུ་རུང་ནས་རྔ་བཏོན་ཏེ་བརྡུང་བས། སྐད་གནམ་ལ་འཛིགས་པ་ཙམ་བྱུང་། རྟ་ཕྱུགས་འདྲོགས། སྤྱད་པ་རྣམས་འཕག། རྔའི་མིང་ཕུ་རུང་གནམ་གྲགས་སུ་ཆགས་སོ། །ཞེས་སོགས་དང་། དེར་ཁོང་ལ་རྒྱལ་དུ་གཡག་སྨྲས་པའི་ས་ཡུལ་ཕུལ་ལོ། །གཞན་ཅི་བཞེད་འབུལ་བྱས་པས། གཞན་ཅང་ཡང་མི་དགོས། བུ་མོ་འདི་སློང་གསུངས་ནས་ཁོང་རང་གི་ཇོ་ མོ་ཕུལ་ལོ། །དེར་ཟས་ནོར་མེད་ནས། ཇོ་མོས་འདི་འདྲ་གང་ཡང་མེད་པ་སྡུག་པ་འདྲ་བྱས་པས། དེ་འདྲ་སྡུག་སྣང་འདུག་གམ་གསུང་། དེ་གདའ་བྱས་པས། ཁྱེད་རང་སྐད་མ་འདོན་པར་བེའུ་ཐོགས་ཚད་དུ་ཐོགས་ཤིག་གསུངས་ནས། དགོངས་པ་མཛད་ནས་:རྒོད་[འབྲོང་]ཁྱུ་ཅིག་བྱུང་སྟེ། ཇོ་མོས་བཏགས་པས། ཆད་ནས་བཤུད་རིང་བྱས་པས། རྒོད་རྣམས་འདྲོགས་སོང་། ཐོགས་པ་རྣམས་ནོར་དུ་བྱུང་ངོ་། །ས་ཆ་ཡང་མིང་བེར་:སྡང་[རྡང་]དུ་ཆགས། དིང་སང་ཟུར་གཙོས་འཛིན་གྱིན་ཡོད། དེར་རྒོད་རྣམས་གར་སོང་གསུངས་པས། ཕ་གི་ན་རུ་ལུ་ལུ་ཐལ་བྱས་པས། ད་ལྟ་ཡང་རུལ་མོར་མིང་ཆགས། ཞེས་འཁོད་པ་དང་། མ་ཟད་བེར་རྡང་གི་རི་ལ་འདྲོག་རིའམ་འབྲོང་རིར་གྲགས་པ་འབྲོང་འདྲོགས་ནས་ཤོར་བའི་མ་ཐག་པ་འདི་རི་ཡིན་པར་གྲགས་པ་ད་ལྟའི་བར་ངག་རྒྱུན་ན་ཡང་ཡོད་འདུག། བཤད་མ་ཐག་ནི་བྱོན་པའི་དུས་ངེས་པ་ཅན་མ་ཤེས་ཀྱང་། དུས་རབས་དགུ་པའམ་བཅུ་པ་ཙམ་ལ་ཡིན་ནམ་སྙམ་སྟེ། གང་ཡིན་ཟེར་ན། དུས་རབས་དེ་ཙམ་དུ་འབྲོ་པའི་རུས་རྒྱུད་ཕོན་ཆེན་ཞིག་པུ་རང་དུ་སླེབས་ནས་ཆགས་པར་མངོན་པ་དང་སྦྱོར་ཐུབ་བམ་སྙམ་མོ། །
མཆན། 74 ཡི་གེ་རྙིང་པ་ན་བོད་མཁར། ཞེས་པ་འདུག

བརྒྱུད་སྐུལ།

མཆན་སྤེལ།