དབུས་གཙང་ལོ་རྒྱུས་ཆེན་མོ་ལས།ཡུལ་སྡེ་དང་རི་ཆུ་མཚོ་གསུམ། ཞིང་འབྲོག་ཐོན་ཁུངས།

དབུས་གཙང་ལོ་རྒྱུས་ཆེན་མོ་ལས།ཡུལ་སྡེ་དང་རི་ཆུ་མཚོ་གསུམ། ཞིང་འབྲོག་ཐོན་ཁུངས།

ས་བཅད་གསུམ་པ། ཡུལ་སྡེ་དང་། རི། ལ། མཚོ། གཙང་པོ།

ལེ་ཚན་དང་པོ། ཡུལ་སྡེ་ཆེ་ཁག་གི་མིང་།

སྣེ་གདོང་རྫོང་ཁོངས་སུ་ཡུལ་སྡེ་ཆེ་ཁག་རྩེད་ཐང་དང་། དགོན་གསར། ཡར་མདའ། བྲི་ཀླུ། ཀླུ། ཁྲ་འབྲུག བསམ་གྲུབ་བདེ་ཆེན། བཀྲིས་མཐོང་སྨོན། ཁེ་གསུམ། ཁེ་སྨད། མཐར་ཐོག སྲས་ཁང་། ཚ་རུ། ཕོ་བྲང་། རི་ཟུར། ཤར་སྒོ། དེ་བཞིན། ཧ་ལ་སྒང་། མདའ་ཐང་། སྒེར་རྭ། སྡེ་ཆེན་གཞིས་ཀ ཡར་སྟོད། ཆོས་སྡེ་འོག ར་མོ་ནང་། རྫ་འཁོར། གྲི་ནང་། གྲི་གཞིས། གཡའ་བཟང་། ཆུ་འཁོར། ཚེར་སྤོང་། ས་དམར།

འགོ་སྣེ། སྟེང་དཀར། ཆོད་སྡེ་གོང་། འོན་ཆུས། བསམ་མཁར། ཁྲི་སྨོན། བསམ་གྲུབ་སྒང་། ལྡན་མཁར། སྐྱེར་པ། སྨན་ཐང་། རྒྱལ་བཟང་། རྡོ་ཕོ་བྲང་། ཟམ་གདོང་། སྡིག་སྣ། སོ་དྲུག འབྲི་སྒང་། གྲ་མདོ། ཆབ་ཐང་། ཟ་རྭ། ཁ་འབྲུག་བཅས་སོ།།[1]

 

ལེ་ཚན་གཉིས་པ། རི་དང་། ལ། མཚོ། གཙང་པོ།

གོང་པོ་རི། ཤེལ་བྲག་རི། ཟུར་རི། ཤ་རི། སྔོ་རྡོ་རི། མཚོ་ཕུ་རི། ནུབ་རི། གནམ་མཁའ་རི། བཀྲ་ཤིས་ཀླུ་རི། ཡར་ལྷ་ཤམ་པོ། གྲོག་པོ་ཆེན་མོ། སྣ་ཟུར་རྩེ་མོ། དཀར་མོ་ལུང་། དམར་ཐིང་ཐིང་། ལྡེ་མིག་སྤང་། ལྷས་ས་བྲག སོག་ནང་། རྫ་ལུང་། ཞལ་བདེ་རྩེེ། ཡར་བྲག བདེ་དགའ་ནང་། སྤང་འགོ ཤུབས་ཕུ། ན་ཁ་ཕུ། སྤང་མཇུག ཀླུ། རི་ཀེར་ནང་། ཤར་ཕུ། སྨུག་རྩེ། བྱང་ལུང་རྩེ་མོ། རྫོང་ཟུར་གཞུང་། ལ་རྩེ་མཐོང་སྒོར། ཆུ་ཀླུ་ཟེ། གཡའ་མ་གཞུང་། མགར་ཡུལ། བྲག་རི་ཡུལ། བྲག་དམར་དབུ་སྟེང་། བྱ་རྔ་ཆུང་། ལ་ཆེན་ཕུ་གོང་། བདེ་སྐྱིད་ཀླུ། བུ་མོ་སྤུན་དྲུག མཚོ་སྣེ། བྲག་དམར་བཙན། མི་ཆུང་། སྤ་ཉི། ལྷ་ཤིང་། གཞུང་གྲོག རྟའི་སྒ་ལ། ན་མོ་ལ། མ་བཟང་ལ། དཀར་པོ་ལ། ཨ་པའི་ལ། དཀར་གོང་ལ། རྨ་བྱ་ལ། འོག་ལེབ་ལ། ལན་མཁར་ལ། ནང་ཆུང་ལ། སྣང་སྐྱིད་ལ། ཡར་རྩེ་ལ། དུང་དཀར་ལ། གནམ་ལ། རྒྱལ་ལ། མཐོར་ལངས་ལ། ཕུར་པ་སྟེང་ལ།  འབྲི་ལ། ཡར་སྟོད་བྲག་ལ། གོང་མོ་མཚོ། ཁུག་གསུམ་མཚོ། དུང་དཀར་མཚོ། རྐྱ་ལ་ནར་ཆུ། མདོ་གཞུང་ཆུ། ཤམ་ཆུ། ཡར་ལུང་གཙང་པོ། འོན་ཆུ། ཡར་ལུང་ཆུ། ཉ་མགོ་གྲུ་བཅས་ཡོད། གོང་གསལ་རི་ལ་གཙང་ཆུ་ཕལ་མོ་ཆེ་འི་མཐོ་ཚད་ནི་རྒྱ་མཚོའི་ངོས་ནས་སྨི་ ༤༠༠༠ནས་ ༥༠༠༠ ཡན་ཤ་སྟག་ཡིན་ལ། ཁྱད་པར་རི་བོ་ཡར་ལྷ་ཤམ་པོར་མཐོ་ཚད་རྒྱ་མཚོའི་ངོས་ནས་སྨི་ ༦༦༤༧ ཡོད་ཅིང་། རི་བོ་དེ་ནི་གནས་རི་རྩལ་ཆེན་ཞིག་ཡིན་པ་སྨྲོས་མེད་ཐོག་ཡར་ཀླུང་ཆུ་བོའི་འབྱུང་ཁུངས་ཀྱང་ཡིན་ནོ།།

 

ས་བཅད་བཞི་པ། ཞིང་འབྲོག་དང་ཐུན་མིན་ཐོན་ལས།

ལེ་ཚན་དང་པོ། ཞིང་འབྲོག་ཐོན་ཁུངས།

སྣེ་གདོང་རྫོང་ཁུལ་གྱི་ས་མིང་སྤྱི་ཡོངས་ལ་ཡར་ཀླུངས་སམ་ཡར་ལུང་ཞེས་འབོད་རྒྱུན་མཆིས་པའང་། བོད་མིའི་ངག་སྒྲོས་སུ་མུ་གེ་གནམ་ལ་ཡར་བས་ཡར་དང་། འབྲུ་རིགས་ས་ལ་བཏབ་པའི་ལུང་པ་ཞེས་འབོད་རྒྱུན་ཡོད་པ་དང་། ལྷག་པར་ཁྲ་འབྲུག་གི་ལྡེབས་རིས་སུ་གསལ་བ་བཞིན་བོད་ཀྱི་མཛངས་མི་བདུན་གྱི་ཡ་གྱལ་རུ་ལས་སྐྱེས་ཀྱིས། ཕྱི་ལོའི་དུས་རབས་དང་པོའི་གནས་སྐབས་སུ་ཡུལ་དེར་ཕུ་ཆུ་ཡུར་བུར་དྲངས་ཞིང་། ས་རྒོད་འཕྲུ་སློག་གིས་ཞིང་ལས་ཡར་ཐོན་གྱི་གསར་བརྗེ་མཛད་པའི་ལོ་རྒྱུས་ཡོད་པ་ལྟར། རྫོང་དེ་ནི་བོད་ཁམས་སུ་ཞིང་ལས་ཐོན་སྐྱེད་ཀྱི་ལས་གཉེར་ཐོག་མར་དར་སའི་ཡུལ་དུ་གྲགས། སྤྱི་ཚོགས་ལོ་རྒྱུས་ཀྱི་དུས་རིམ་མི་འདྲ་བ་སོར་སོར་ཁུལ་དེ་བཞིན་དབུས་གཙང་ཁྱོན་ལས་ས་ཞིང་འདེབས་ལས་ཤེས་བྱ་དང་ཐོན་ཁུངས་རྩེ་མོར་སོན་པའི་རྫོང་ཞིག་ཡིན་ཞིང་། དེང་ཁུལ་ཁྱོན་ཡོངས་ལ་ས་འབོལ་དགེ་བེད་བྱ་རུང་བའི་ས་ཞིང་རྨུའུ་ ༦༥༠༠༠ དང་། རྩྭ་ཐང་རྨུའུ་ཁྲི་ ༡༨.༢ ལྕང་གླིང་རྒྱ་ཁྱོན་རྨུའུ་ཁྲི་ ༣༨ ནགས་ཁུལ་རྒྱ་ཁྱོན་མུའུ་ཁྲི་ ༣༨ བཅས་ཡོད་པའི་ཁྲོད།[2] ལོ་ཏོག་གཙོ་བོ་ནས་དང་། དགུན་གྲོ དཔྱིད་གྲོ པད་ཁ། རྒྱ་སྲན། སྲན་མ། ལ་ཕུག པད་ཚལ། ཞོ་ཁོག བྲ་བོ་སོགས་འདེབས་ལས་ཐོན་སྐྱེད་བྱེད།

འབྲོག་པ་ཚོས་ཕྱུགས་རིགས་གཙོ་བོ་གཡག་དང་། ལུག ར་གསོ་སྐྱོང་བྱེད་ལ། ཞིང་འབྲོག་གཉིས་ཀར་སྒོ་ཕྱུགས་སེམས་ཅན་དུ་བ་ཕྱུགས། གླང་། དྲེལ། ཕག་པ། མཛོ།  རྟ། བོང་བུ། ཕག་པ། བྱ་དེ། བྱ་གག ངང་པ་སོགས་ཀྱང་གསོ་ཚགས་བྱེད་པ་ཙམ་མ་ཟད།[3] ཁུལ་དེའི་གཙང་པོ་དང་མཚོ་ཁག་ཏུ་ཉའི་རིགས་ཀྱང་སྣ་ཁ་མི་འདྲ་བ་ལྔ་བཅུ་ཡོད་པས། ཉའི་ཐོན་ཁུངས་ཀྱང་ཕུན་སུམ་ཚོགས་པོ་ཡོད་ཀྱང་། དེ་སྔ་གཞུང་སའི་ཉ་ཁྲིམས་ཧ་ཅང་བཙན་པས་ཉ་སོགས་ཆུ་ལ་ཆགས་པའི་སྲོག་ཆགས་འཇུ་བཟུང་མི་ཆོག གཞན་ཡང་། རྫོང་དེར་རང་བཞིན་བཟའ་བཅའི་རིགས་ལ། སེ་ཤ དཀར་ཤ།འདམ་ཤ ཆོ་ལོ། གྲོ་མ། གཡའ་སྒོག འཛིམ་བུ། སྒོག་སྐྱ། སླེ། ཨ་ལོ། ཟྭ་ཚོད། ལྕང་། སྙ་ལོ། བསིལ་འབྲུམ། སིལ་རིལ་སོགས་ཡོད། ཞིང་ལས་ཐོན་སྐྱེད་ལག་ཆར་མཚོན་ན་ཤིང་དང་ལྕགས་བཅས་གྲུབ་པའི་ཐོང་གཤོལ་དང་། གཉའ་ཤིང། རི་བཅས་དང་། ཞིང་ཆུ་གཏོང་སྐབས་ལྕགས་ཁྱེམ་དང་། ཏོག་རྩེ། ཡུར་མ་རྒྱག་བྱེད། བཙས་མ་བརྔ་བྱེད་ཟོ་ར། གཡུལ་ཁའི་སྐབས་སུ་རྒྱག་འཕེན་དབྱུག་པ། རྒྱབ་ར། སྦར་མོ། ཁྲོལ་མ་སོགས་ཡོད་དོ།།

 

ལེ་ཚན་གཉིས་པ། ཐུན་མིན་ཐོན་ལས།

༡ རྩེད་ཐང་གི་ཐེར་མའི་ཐོན་རྫས།

       ཁུལ་དེ་ནས་ཐུན་མིན་ཐོན་ལས་གཙོ་བོ་སྣམ་བུ་དང་། ཁ་གདན། མལ་ཆས་བཙུགས་ཕྲུག་སོགས་འཐག་ལས་བཟོ་སྐྲུན་བྱེད་ཅིང་། དེ་དག་ལས་ཀྱང་རྫོང་དེའི་རྩེད་ཐང་ཁུལ་ནས་འཐག་པའི་རྩེད་ཐེེར་ཞེས་པའི་སྣམ་བུའི་འཐག་རྩལ་ནི་སྣེ་གདོང་རྩེད་ཐང་ཡུལ་གྱི་འཐག་མཁན་རང་གིས་མ་གཏོགས་ཐགས་མི་ཤེས་པར་གྲགས། དེ་ཡང་། འཐག་ལས་དེའི་ལག་རྩལ་ཐོག་མར་ཕྱི་ལོ་ ༦༧༠ ལོར་གསར་གཏོད་དང་། དེ་ནས་རིམ་བཞིན་རྒྱུན་འཛིན་གོང་འཕེལ་བར་བཤད།[4] འཐག་ལས་ཀྱི་ལག་རྩལ་དེ་བཞིན་ཁོང་དུ་ཆུད་དཀའ་བ་དང་། རྒྱུ་ཆ་འདེམས་རྒྱུར་དང་ཆེ་བ། འཐག་པའི་བརྒྱུད་རིམ་རྙོག་འཛིང་ཆེ་བ་སོགས། སྔ་མོ་མི་དྲག་རྒྱུ་ཆེན་ཁག་གི་ཁྲོད་དུ་ཧ་ཅང་དར་སྲོལ་ཡོད་ལ། ཚོང་འདུས་ཁག་ཏུ་ཕྱི་ཚོང་བྱ་རྒྱུའི་དངོས་པོ་གལ་ཆེན་ཞིག་ཀྱང་ཡིན། དེ་མིན་ས་གནས་ཀྱི་ཐུན་མིན་སྙན་གྲགས་ཅན་གྱི་དམིགས་བསལ་ཐོན་རྫས་སུ་ས་གདན་དང་། སྣམ་བུ། སྙུག་ཆས། བོད་ལུགས་ཞིམ་ཟས་དང་། རང་བྱུང་ཐོན་རྫས་གླ་རྩི། སྙི་བ། དབྱར་རྩྭ་དགུན་འབུ་སོགས་ཀྱང་ཚོང་འཁོས་འཐབ་ལེན་བྱེད་སྲོལ་མཆིས།

 

༢ རྩེད་ཐང་ཚོང་འདུས།

སྣེ་གདོང་རྫོང་དུ་ལོ་རེའི་ཟླ་བ་བཅུ་གཉིས་པའི་ནང་རྩེད་ཐང་ཚོགས་འདུས་ཞེས་པ་ཞིག་ཚོགས་སྲོལ་ཡོད་ཅིང་། ཚོགས་འདུས་དེར་ལྷ་ས་དང་། གཞིས་རྩེ། ནག་ཆུ། མངའ་རིས། དྭགས་ཀོང་སོགས་བོད་ཀྱི་ས་གནས་གང་ས་ནས་ཚོང་པ་སྟོང་ཕྲག་མང་པོ་འདུ་འཛོམས་བྱེད། ཚོང་འདུས་རིང་ཁྲོམ་རྭའི་ཐོག་དངོས་ཟོག་སྣེ་ཁ་འཛོམས་པ་སྟེ། གོང་དཀར་དང་། གྲ་ནང་སོགས་དབུས་ཕྱོགས་ནས་སྣམ་བུ་དང་། པང་གདན། རྒྱ་ལོག ཞྭ་མོ། སྤུ་ཕྲུག་སོགས་དང་། ཡར་འབྲོག་ཁུལ་ནས་ཚགས་ཤ་དང་། ལུག་ཤ བལ། སྤུ། ཁུ་ལུ། མར། ཕྱུར་བ་སོགས་འབྲོག་ལས་ཐོན་ཁུངས། རྒྱ་ཚ་དང་། སྣང་། དྭགས་ཀོང་བཅས་ཀྱིས་ཤིང་ཕོར་དང་། རྩམ་བཟོ། སྨྱུག་གཟེབ། ཁམ་བུ། ཀུ་ཤུ། སྟར་ཁ། ལི་སོགས་ཤིང་འབྲས་སྣ་ཚོགས་ཉིན་གྲངས་བཅུ་ལ་ཉེ་བ་ཚོང་འཁོས་འཐབ་ལེན་བྱེད།[5] ཚོང་འདུས་དེའི་སྐབས་ཀྱི་སྣེ་གདོང་རྫོང་སྡོད་ཀྱིས་དབུ་འཁྲིད་པའི་ཡོང་བཞེས་འདུ་སྤྱི་ནས་གཞུང་ཕྱོགས་ཀྱི་བཀའ་རྩ་སྒྲོགས་སྦྱང་དང་ཚོང་ཟོག་ཞིབ་གཤེར་དང་ཁྲིམས་གནོན། ཚོང་ཁྲལ་བསྡུ་ལེན་སོགས་ཀྱི་བགྱི་སྒོ་ནི་ལྷོ་ཁུལ་ཡར་འབྲོག་དང་ལྷ་ཁང་ཚོང་འདུས་བཅས་ཀྱི་ཁྲལ་བསྡུ་ཁྲིམས་གནོན་བྱེད་ཕྱོགས་དང་ཡོངས་སུ་མཚུངས་པ་ཡིན་ནོ།།

 

ས་བཅད་དྲུག་པ། སྲོག་ཆགས། སྐྱེས་དངོས། གཏེར་ཁ།

ཁུལ་དེར་སྲོག་ཆགས་ཀྱི་རིགས་གཅན་གཟན་དུ་སྤྱང་ཀི། དྲེད་མོང་། སྲམ། ཕ་ར། ཁྱི་གཟིག གཟིག ཝ་མོ། གྲུམ་པ། གཡི། དོམ། ཆུ་སྲམ། རི་ཞིམ་སོགས་དང་། རི་དྭགས་སུ་རྐྱང་། ཤ་བ་ཁྲ་ཁྲ། གནའ་བ། དགོ་བ། གཙོད། གཉན། གླ་བ། འཕྱི་བ། ཏི་ཕུ། རི་བོང་། འཕྱི་ཕིག་སོགས། འདབས་ཆགས་ཀྱི་རིགས་གོང་མོ། སྲེག་པ། རྒོད་པོ། གོ་གླས་དཀར། ཕོ་རོག སྐྱུང་ཀ ཁྲུང་ཁྲུང་། ངང་པ་དཀར་སེར། ཆུ་བྱ། བྱ་ལོང་། ཕུག་རོན། བྱ་རྒོད། ཁྱིམ་བྱ། སྤུ་ཤུད། སྐྱ་ཀ འུག་པ། བྱ་རོག བྱ་གླག གོ་བོ། འཇོལ་མོ། ཁང་བྱེའུ་སོགས་ཡོད། སྐྱེ་དངོས་སུ་ཤུག་པའི་རིགས་འདྲ་མིན་དང་། བ་ལུ། སུ་ལུ། གཡའ་ཚན། གངས་དཀར། ཤ་ཕྲུག འཁན་པ། ཆུ་ཤིང་འོམ་བུ། ཐང་ཤིང་རིགས་སྣ་ཚོགས། སྟག་པ། བླ་མ་ཤིང་། ཚར་མ་ཤིང་། གདུང་ཤིང་། གླང་མ་དང་། སྦྱར་དཀར། མྱང་རྩི་སྤྲས། སྡོང་ཕུང་། དབྱར་རྩ་དགུན་འབུ་སོགས་སྐྱེ།

མེ་ཏོག་གི་རིགས་ལ་བ་ལུའི་མེ་ཏོག སུ་ལུའི་མེ་ཏོག ཚར་མའི་མེ་ཏོག ཁྲག་ཤ་མེ་ཏོག སེར་ཆེན་མེ་ཏོག ཧ་ལོའི་མེ་ཏོག སྤང་རྒྱན་མེ་ཏོག ཁྱུང་ལུང་མེ་ཏོག སྐལ་བཟང་མེ་ཏོག ཞོ་སྟོན་མེ་ཏོག འབྲས་སིལ་མེ་ཏོག གོས་ཆེན་མེ་ཏོག གང་ཟང་མེ་ཏོག དཀར་ཡོལ་མེ་ཏོག།གཡའ་སྐྱ་རི། གངས་ལྷ་མེ་ཏོག་སོགས་ཡོད། རང་ཐོན་ཁུངས་གཏེར་ཁའི་ཐོན་ཁུངས་གཙོ་བོ་ཀེ་ལྕགས། གསེར། དངུལ། ལྷང་ཚེར་དཀར་པོ། རྡོ་ཀརྨ་རུ། ཆུ་ཤེལ། གཡང་ཀྲི་དཀར་པོ། ཟངས། རྫ་ས་སོགས་ཡོད་མ་ཟད། འོན་རྒྱལ་བཟང་རྫོང་ཁུལ་ནས་གཡུ་རྩིའི་ཞྭ་རྡོ་མང་པོ་ཐོན་པ། དེ་སྔོན་དབྱིན་ཡུལ་དུ་སློབ་སྦྱོང་དུ་ཕེབས་མཁན་སྨོན་གྲོང་མཁྱེན་རབ་ཀུན་བཟང་ནས་གསེར་དང་། རྡོ་སོལ་སོགས་བསྔོག་འདོན་གནང་སྐད།[6] ད་དུང་སྣེ་གདོང་རྫོང་རྩེད་ཐང་གྲོང་རྡལ་གྱི་ཁོངས་སུ་གནས་པའི་ནོར་བུ་ས་ཟངས་གཏེར་ནི་བོད་ནང་ཟངས་གཏེར་ཐོན་ཁུངས་འཛོམས་པའི་གནས་གལ་ཆེན་ཞིག་རེད་ཅེས་ཀྱང་གསུངས།[7]

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] བོད་ཀྱི་ས་མིང་དཔྱད་གཞིའི་ཡིག་རིགས་བསྡུས་བསྒྲིགས། བོད་རང་སྐྱོང་ལྗོངས་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཐིག་རིས་ཅུས། ཕྱི་ལོ་ ༡༩༧༩། ཤོག ༩༣།

[2] ཆོས་འཕེལ། ལྷོ་ཁ་ས་ཁུལ་གྱི་གནས་ཡིག་བཞུགས། མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༢། ཤོག ༤༠།

[3] http://baike.baidu.com/view/772886.htm

[4] པད་སྒྲོན། གངས་ལྗོངས་སྣམ་བུའི་ནང་གི་སྤུས་ལེགས་ཐོན་རྫས་རྩེད་ཐེར། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༡༩ ཉིན།

[5]  ནོར་བུ་ལགས་སུ་བཅའ་དྲི་བྱས་པ། ཕྱི་ལོ་ ༢༠༡༤ ཟླ་ ༦།

[6]ཤན་ཁ་འགྱུར་མེད་བསོད་ནམས་སྟོབས་རྒྱལ། རང་གི་ལོ་རྒྱུས་ལྷད་མེད་རང་བྱུང་ཟངས། བོད་ཀྱི་དཔེ་མཛོད། ངག་རྒྱུན་ལོ་རྒྱུས། ཕྱི་ལོ་ ༡༩༩༠། ཤོག ༢༤༩།

[7] མིག་མར་ཚེ་རིང་ལགས་སུ་བཅའ་འདྲི་བྱས་པ། རྡ་རམ་ས་ལ། ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༡ ཉིན།

 

དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།