དབུས་གཙང་ལོ་རྒྱུས་ཆེན་མོ་ལས། སྣེ་གདོང་རྫོང་གི་དགོན་སྡེ་དང་། གྲགས་ཅན་མི་སྣ། གནའ་ཤུལ། དམངས་སྲོལ།

དབུས་གཙང་ལོ་རྒྱུས་ཆེན་མོ་ལས། སྣེ་གདོང་རྫོང་གི་དགོན་སྡེ་དང་། གྲགས་ཅན་མི་སྣ། གནའ་ཤུལ། དམངས་སྲོལ།

ས་བཅད་བདུན་པ། དགོན་སྡེ་དང་། གྲགས་ཅན་མི་སྣ། གནའ་ཤུལ།

ལེ་ཚན་དང་པོ། དགོན་སྡེ།

ཨང་། དགོན་པའི་མིང་། བཞེངས་དུས། བཞེངས་མཁན། ཆོས་བརྒྱུད།
༡ ཐོས་བསམ་དར་རྒྱས་གླིང་། ཕྱི་ལོ་ ༡༦༥༡། རྭ་ལོ་ཙཱ་བ།༸གོང་ས་ལྔ་པ་ཆེན་པོ། དགེ་ལུགས།
༢ གཡའ་བཟང་དགོན། ཕྱི་ལོ་ ༡༢༠༦། རྒྱལ་བ་གཡའ་བཟང་པ། བཀའ་བརྒྱུད།
༣ ཆོས་སྡི་གོང་། དུས་རབས་ ༡༡། རྭ་ལོ་ཙཱ་བ། དགེ་ལུགས།
༤ ཁྲ་འབྲུག དུས་རབས་ ༧། སྲོང་བཙན་སྒམ་པོ། དགེ་ལུགས།

 

༥ ལྔ་མཆོད་གླིང་། དུས་རབས་ ༡༤། སྡེ་སྲིད་བྱང་ཆུབ་རྒྱལ་མཚན།  
༦ བཀྲ་ཤིས་ཆོས་སྡེ།   རེད་མདའ་བ་གཞོན་ནུ་བློ་གྲོས། ས་སྐྱ།
༧ རི་བོ་ཆོས་གླིང་། དུས་རབས་ ༡༥། མཁས་གྲུབ་དོན་གྲུབ་དཔལ་བཟང། དགེ་ལུགས།
༨ ཤེལ་བྲག་དགོན།   ཆོས་རྗེ་དུར་ཁྲོད་རིན་ཆེན། དགེ་ལུགས།
༩ འབྲས་བུ་གླིང་།   རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས། ས་སྐྱ།
༡༠ སྣེ་གདོང་རྩེ་ཚོགས་པ།   ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲི། ས་སྐྱ།
༡༡ དགའ་ལྡན་ཆོས་འཁོར་གླིང་།     དགེ་ལུགས།
༡༢ གསང་བསྔགས་གཟིམ་སྤྱིལ།     ས་སྐྱ།
༡༣ བན་ཚང་དགོན།      
༡༤ བྱ་ས་ལྷ་ཁང་།   མངའ་བདག་ཁྲི་རལ་ལམ་ཆོས་རྒྱལ་དཔལ་འཁོར་བཙན་གཉིས་བཞེད་པ་མ་མཐུན།  
༡༥ ཀེ་རུ་ལྷ་ཁང་།   བཙན་པོ་ཁྲི་སྲོང་ལྡེ་བཙན། རྙིང་མ།
༡༦ བཙན་ཐང་གཡུ་ཡི་ལྷ་ཁང་།   ནང་ཚུལ་གཡང་ཆུབ་རྒྱལ་མོ། རྙིང་མ།
༡༧ སྐར་མ་ལྷ་ཁང་།     རྙིང་མ།
༡༨ རྩེས་ཐིག་ལྷ་ཁང།     རྙིང་མ།
༡༩ འགྲོ་དོན་གླིང་ལྷ་ཁང་།     རྙིང་མ།
༢༠ རྒྱ་བཟའ་ཁང་།      
༢༡ རྣམ་རྒྱལ་ལྷ་ཁང་།      
༢༢ རྩེད་ཐང་དགོན།   སི་ཏུ་བྱང་ཆུབ་རྒྱལ་མཚན། བཀའ་བརྒྱུད།
༢༣ ཡར་སྟོད་ཐོས་བསམ་དར་རྒྱས་གླིང་།   ༸གོང་ས་ལྔ་པ་ཆེན་པོ། དགེ་ལུགས།
༢༤ བྱིང་བསམ་གཏན་རྩེ། ༡༦༩༨ བྱིན་པ་ཀུན་དགའ་རྒྱལ་མཚན། དགེ་ལུགས།
༢༥ བན་ཚང་དགོན།     བཀའ་བརྒྱུད།
༢༦ འོན་བཀྲ་ཤིས་རྡོ་ཁ།   རྩེ་མགྲོན་རིན་པོ་ཆེ། དགེ་ལུགས།
༢༧ འོན་མངའ་རིས་གྲྭ་ཚང་།     དགེ་ལུགས།
༢༨ ཆོས་སྡིངས་དགོན།     དགེ་ལུགས།
༢༩ ཡོན་ཕུ་གྲྭ་ཚང་།      

ལེ་ཚན་གཉིས་པ། གྲགས་ཅན་མི་སྣ།

ཨང་། མཚན། འཁྲུངས་ཡུལ། འཁྲུངས་འདས། མཆན།
༡ མཁས་དབང་མཁྱེན་རབ་ནོར་བུ། རྩེད་ཐང་། ༡༨༨༣-༡༩༦༢ ༸གོང་ས་བཅུ་གསུམ་པའི་སྐབས་ལྷ་ས་སྨན་རྩིས་ཁང་གི་འགན་འཛིན་སོགས་གནང་མྱོང་།
༢ གྱེར་སྒོམ་ཚུལ་ཁྲིམས་སེང་གེ། ཁྲ་འབྲུག ༡༡༤༤-༡༢༠༤ ཤུག་གསེབ་བཀའ་བརྒྱུད་སྲོལ་གཏོད་པ་པོ་ཡིན།
༣ པཎ་ཆེན་བསོད་ནམས་གྲགས་པ། རྩེད་ཐང་། ༡༤༧༨-༡༥༥༤ དགའ་ལྡན་ཁྲི་ཐོག་བཅོ་ལྔ་པ།
༤ ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་། ཡར་ལུང་། ༡༠༡༡-༡༠༧༥ ཁུ་རྔོག་འབྲོམ་གསུམ་གྱི་ཡ་གྱལ་ཁུ་ཡིན།
༥ ཁུ་ཤེར་བརྩོན། ཡར་ལུང་། ༡༠༧༥-༡༡༤༣ འབྲེ་ཆེན་པོ་ཤེས་རབ་འབར་གྱི་སློབ་མ་མཚན་སྙན་ཆེ་བ་ཞིག
༦ ཁྲི་ཆེན་ཚེ་བརྟན་རྒྱ་མཚོ། རྩེད་ཐང་། ༡༥༢༠-༡༥༧༦ དགའ་ལྡན་ཁྲི་ཐོག་ཉེར་གསུམ་པ།
༧ ཁྲི་ཆེན་བློ་བཟང་རྒྱལ་མཚན། རྩེད་ཐང་། ༡༥༩༩-༡༦༧༢ དགའ་ལྡན་ཁྲི་ཐོག་ཞེ་གཅིག་པ།
༨ ཁྲི་ཆེན་བསམ་གཏན་ཕུན་ཚོགས། ཕག་མོ་ཞོལ། ༡༧༠༣-༡༧༧༠ དགའ་ལྡན་ཁྲི་ཐོག་ང་བདུན་པ།
༩ ཆོས་རྗེ་གྲགས་པ་བྱང་ཆུབ། ཁྲ་འབྲུག ༡༣༥༦-༡༣༨༦ ཁོང་ནི་ཕག་གྲུ་ཁྲི་རབས་རིམ་བྱོན་ལས་ཁྲི་རབས་གསུམ་པ་ཡིན།
༡༠ ངག་དབང་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན། ཡར་ལུང་། ༡༨༥༠-༡༨༨༦ རྟ་ཚག་སྐུ་ཕྲེང་བཅུ་པ།
༡༡ དར་མོ་བློ་བཟང་ཆོས་གྲགས། ཡར་ལུང་དར་མོ། ༡༦༣༨-༡༧༡༠ ལྔ་པ་ཆེན་པོའི་བླ་སྨན་མཛད་མྱོང་།
༡༢ ངག་ཀུན་དགའ་ལེགས་པ། དགོན་གསར། ༡༤༣༣-༡༤༨༣ ཕག་གྲུ་སྡེ་སྲིད་ཀྱི་ཁྲི་ཐོག་གནང་མྱོང་།
༡༣ མིག་དམར་རྒྱལ་མཚན། རྩེད་ཐང་། དུས་རབས་ ༡༩། ཁོང་ནི་ལྷ་མོ་བ་གྲགས་ཅན་ཞིག་ཡིན།
༡༤ སངས་རྒྱས་སྒོམ་པ། སྣེའུ་གདོང་། ༡༡༦༠-༡༢༢༩ བྱ་ཡུལ་དགོན་གྱི་གདན་རབས་བཞི་པ་ཡིན།
༡༥ ལྷ་འགྲོ་བའི་མགོན་པོ། ཡར་ཀླུངས། ༡༡༨༦-༡༢༥༩ འཁྲུངས་ཡུལ་བརྟག་དགོས།
༡༦ ལོ་ཆེན་བསོད་ནམས་རྒྱ་མཚོ། བཙན་ཐང་། ༡༤༢༤-༡༤༨༢ རོང་སྟོན་ཆོས་རྗེ་དང་འགོས་གཞོན་ནུ་དཔལ་གྱི་ཞལ་སློབ།གཞུང་རིག་གནས་དང་བཅས་པར་མཁས་པའི་སྙན་པ་འབར་བ་ཞིག་ཡིན།
༡༧ གཡའ་བཟང་ཆོས་ཀྱི་སྨོན་ལམ། ཡར་སྟོད། ༡༡༦༩-༡༢༣༣ ལོ་རྒྱུས་དེབ་ཐར་ཁག་ནང་ཡར་སྟོད་གཙང་ཞལ་གྱི་དམར་པོ་ཞེས་གསལ་བ་དེ་ལྷོ་ཁའི་ཡར་སྟོད་ཡིན་ཞེས་ལྷོ་ཁའི་ཆོས་འབྱུང་སྐྱེས་མའི་ནུ་རིན་ནང་གསལ།
༡༨ གཉགས་ལོ་ཛྙཱ་ན་ཀུ་མཱ་ར། ཤེལ་པ། དུས་རབས་ ༡༨། ཁྲི་སྲོང་སྐབས་ལོ་ཙཱ་བ་རབ་དགུའི་ནང་གསེབ་བར་པ་འབྲིང་གསུམ་གྱི་ཡ་གྱལ་ལགས།
༡༩ དགེ་བཤེས་ཁུ་སྟོན། ཡར་ལུང་། ༡༠༡༡-༡༠༧༥ མཚན་དངོས་བརྩོན་འགྲུས་གཡུང་དྲུང་ཞེས་བྱ།ཇོ་བོ་རྗེའི་ཞལ་སློབ།
༢༠ རྩེད་ཐང་གཞོན་ནུ་དཔལ། རྩེད་ཐང་། དུས་རབས་ ༡༥། མཁས་པ་མང་པོའི་ཞབས་ལ་གཏུགས་ཏེ་མདོ་སྔགས་རིག་གནས་དང་བཅས་པར་དཔྱིས་ཕྱིན་པར་མཛད་པའི་ལོ་ཙཱ་བ་གྲགས་ཅན་ཞིག
༢༡ ཡར་ལོ་གྲགས་པ་རྒྱལ་མཚན། ཡར་ལུང་། དུས་རབས་ ༡༤། བོ་དོང་དགོན་གྱི་ཁྲི་པ་དང་།རྒྱ་བལ་ལ་དངོས་སུ་ཞབས་ཀྱིས་བཅགས་ཏེ་མཁས་པའི་སྙན་པ་འབར་བ་ཞིག་ཡིན།
༢༢ དགྱེར་སྒོམ་པ་ཆོས་ཀྱི་སེང་གེ། ཡར་ལུང་། ༡༡༡༤-༡༢༠༤ ཕག་གྲུ་རྡོ་རྗེ་རྒྱལ་པོའི་ཞལ་སློབ།ཆུ་ཤུར་ཤུག་གསེབ་དགོན་ཕྱག་འདེབས་པོ།
༢༣ ཡར་ཀླུང་པ་སངས་རྒྱས་རིན་ཆེན། ཡར་ལུང།   རྗེ་དུས་གསུམ་མཁྱེན་པའི་ཞལ་སློབ།
༢༤ རིག་འཛིན་ཀུ་མ་ར་ཛ། གཡུ་རུ་འོན། ༡༢༦༦-༡༣༤༣ གྲུབ་ཆེན་མེ་ལོང་རྡོ་རྗེའི་ཞལ་སློབ།
༢༥ དབུས་པ་ཞིག་པོ། ཡར་ཀླུང་། ༡༡༢༥-༡༡༩༥ སྒོམ་སྒྲུབ་འབའ་ཞིག་ལ་གཞོལ་བའི་སྐྱེས་ཆེན་ཞིག
༢༦ ཡར་ཀླུང་དུང་ཚོ་རས་པ། ཡར་ཀླུང་།   གཏེར་སྟོན་བརྒྱ་རྩའི་ཡ་གྱལ།
༢༧ ལོ་ཙཱ་བ་བསོད་ནམས་རྒྱ་མཚོ། ཡར་ཀླུང་བཙན་ཐང་། ༡༤༢༤-༡༤༨༢ འགོས་ལོ་ཙཱ་བ་གཞོན་ནུ་དཔལ་གྱི་ཞལ་སློབ།
༢༨ སྨན་ལུང་པ་ཤཱཀྱ་འོད་དེ། ཡར་ཀླུང་། དུས་རབས་ ༡༣། ཁམས་སུ་འགྲོ་དོན་ཆེན་པོ་བྱུང་།
༢༩ པཎ་ཆེན་བསོད་ནམས་གྲགས་པ། རྩེད་ཐང་། ༡༤༧༨-༡༥༥༤ དགའ་ལྡན་ཁྲི་ཐོག་བཅོ་ལྔ་པ།
༣༠ སྤྲུལ་སྐུ་ནམ་མཁའ་བཀྲ་ཤིས། ཡར་སྟོད། ༡༥༠༧- སྒར་ལུགས་རི་མོའི་སྲོལ་བཏོད་པོ་ཡིན།
༣༡ སྨན་རམས་བློ་བཟང་ཆོས་གྲགས། དར་མོ། ༡༦༣༨-༡༧༡༠ རྒྱལ་མཆོག་ལྔ་པ་ཆེན་པོའི་བླ་སྨན་མཛད།
༣༢ མི་དབང་གྲགས་པ་རྒྱལ་མཚན།   ༡༣༧༤-༡༤༣༢ ཕག་གྲུའི་སྡེ་སྲིད་ལྔ་པ་ཡིན།
༣༣ གྲགས་པ་འབྱུང་གནས།   ༡༤༡༤-༡༤༤༥ ཕག་གྲུའི་སྡེ་སྲིད་དྲུག་པ།
༣༤ ངག་དབང་བཀྲིས་གྲགས་པ།   ༡༤༨༨- ཕག་གྲུའི་ཁྲི་ཐོག་དགུ་པ།
༣༥ གཉགས་ལོ་ཡེ་ཤེས་གཞོན་ནུ། ཡར་ལུང་འཕྱོས། དུས་རབས་ ༨། གཏེར་སྟོན་བརྒྱ་རྩའི་ཡ་གྱལ།
༣༦ གཏེར་སྟོན་ར་མོ་ཤེལ་སྨན། ར་མོ་སྨན་ཆུ་ཁ། དུས་རབས་ ༡༣། གཏེར་སྟོན་བརྒྱ་རྩའི་ཡ་གྱལ།
༣༧ དོན་གྲུབ་བཀྲ་ཤིས། འོན། ༡༧༩༣- འབྲུག་བདེ་ཆེན་སྤྲུལ་སྐུ་སྐུ་ཕྲེང་ལྔ་པ་ཡིན།
༣༨ གཞོན་ནུ་རྒྱལ་པོ། འོན། ༡༢༦༦-༡༣༤༣  

ལེ་ཚན་གསུམ་པ། གནའ་ཤུལ།

མཁར། བང་སོ། དུར། གནས། ས་གནས། མཆན།
བང་སོ། རི་དམར་གྱི་བང་སོ། ཁྲ་འབྲུག་གྲོང། ཁུལ་དེར་ཁྱོན་བང་སོ་ ༣༨ ཙམ་ཡོད། དེ་དག་གི་བཏབ་དུས་སོགས་ཤེས་མེད།
མཁར། སྣེ་གདོང་རྫོང་། སྣེ་གདོང། ཕག་མོ་གྲུ་པས་བོད་ཀྱི་སྲིད་བསྐྱངས་རིང་སྲིད་འཛིན་ལྟེ་གནས་མཛད།
གནས། མགོན་པོ་རིའི་སྤྲེའུ་བྲག་ཕུག རྩེད་ཐང་། བོད་མིའི་མེས་པོ་སྤྲེའུའི་ཐོག་མའི་འདུག་གནས་ཡིན།
གནས། སྦར་རས་ཞིང་ངམ་ཟོ་དང་། ཟ་ར་གྲོང་ཚོ། བོད་ཀྱི་ཞིང་གི་ཐོག་མ་ཡིན་སྐད།
གནས། ཡུམ་བུ་བརླ་མཁར། ཡར་ལུང་། བོད་ཀྱི་བཙན་པོའི་མཁར་དང་པོར་ངོས་འཛིན་བྱེད།
གནས། ཡར་ཀླུང་སོག་ཁ། ཡར་ལུང་། བོད་ཀྱི་གྲོང་ཚོ་དང་པོར་ངོས་འཛིན་བྱེད་སྐད།
གནས། ཁྲ་འབྲུག་རྒྱལ་བ་རིགས་ལྔ།   ཁྲ་འབྲུག་ལྷ་ཁང་གི་རྟེན་གཙོ་དང་།
གནས། རྟག་སྤྱན་འབུམ་པ། ཡར་ལུང་། གནས་འདི་ནི་ནད་རིགས་སྤྱི་དང་ལྷག་པར་མིག་ནད་ལ་ཤིན་པར་གྲགས།
གནས། ཚེ་ཆུ་འབུམ་པ། ཡར་ལུང་། སློབ་དཔོན་རིན་པོ་ཆེ་སྐུ་དངོས་ཀྱི་བྱིན་གྱིས་བརླབས་པ་ཞིག་ཡིན།
གནས། དགོན་ཐང་འབུམ་པ་མཆོད་རྟེན། ཡར་ཀླུང། སྒྲོལ་མའི་སྤྲུལ་པ་ནཻ་ཚོ་དང་གཡུ་སྦས་པ་སྨྲི་ཏིས་རབ་གནས་མཛད།
གནས། བཻ་རོ་ཕུག ཡར་ལུང་། བཻ་རོ་ཙ་ན་སྐུ་དངོས་སྒྲུབ་པ་སྐྱོན་མྱོང་བའི་གནས་ཞིག
གནས། རས་ཆུང་ཕུག ཡར་ལུང་། རས་ཆུང་སྐུ་དངོས་སྒྲུབ་པ་སྐྱོན་མྱོང་བའི་ཕུག་གནས་ཞིག
གནས། ཤེལ་བྲག་ཕུག ཡར་ལུང་། གནས་རི་ཁྱད་པར་ཅན་ཞིག་ཡིན།
གནས། ཡར་ལྷ་ཤམ་པོ།   བོད་ཀྱི་མགུར་ལྷ་བཅུ་གསུམ་གྱི་ཡ་གྱལ་ཡིན།`
གནས། གཏམ་སྙན་བཞུགས་ཁྲི། སྣེ་གདོང་། ཆོས་རྗེ་ས་པཎ་གྱི་བཞུགས་ཁྲི་དང་། དེར་གཏམ་སྙན་ཞེས་འབོད་དོན་ནི་ས་པཎ་བཞུགས་ཁྲི་དེའི་སྟེང་དུ་ཆོས་གསུང་བཞིན་བཞུགས་པའི་སྐབས་འགྲོ་མགོན་ཆོས་རྒྱལ་འཕགས་པ་འཁྲུངས་པའི་གཏམ་གསན་པས་དེ་ལྟར་འབོད་སྐད།
གནས། ཁྲ་འབྲུག་ལྡེབས་རིས། སྣེ་གདོང་། ལྡེབས་རིས་དེ་ལས་སྣེ་གདོང་གི་གནའ་བོའི་ཤེས་རིག་ལག་རྩལ་ཤེས་ཐུབ་སྟེ། དེར་བོད་ཀྱི་མཛངས་མི་བདུན་གྱི་དང་པོ་རུ་ལས་ཀྱིས་ཤིང་མེར་བསྲེགས་ནས་སོལ་བ་འདོན་པ། པགས་པ་བཏུལ་ནས་སྤྱིན་བཟོ་བ། གསེར་དངུལ་ཟངས་ལྕགས་ཀྱི་གཏེར་ཁ་འདོན་པ། ཕུ་ཆུ་ཡུར་བུར་དྲངས་ཏེ་ཞིང་དུ་འདྲེན་པ། ས་རྒོད་སློགས་ནས་འབྲུ་རིགས་འདེབས་སོགས། ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ནང་དོན་འཁོད་ཡོད།
པར་ཁང་། མངའ་རིས་གྲྭ་ཚང་གི་པར་ཁང་།    
པར་ཁང་། རྩེ་ཚོགས་དགོན་གྱི་པར་ཁང་།    
པར་ཁང་། རས་ཆུང་ཕུག་པར་ཁང་།    

ས་བཅད་བརྒྱད་པ། དམངས་སྲོལ།

དང་པོ། ཡར་ལུང་བཀྲིས་ཞོལ་པ།

ཡར་ལུང་བཀྲིས་ཞོལ་པ་ཞེས་པའི་ཟློས་གར་དེའི་མིང་ནི་ཡུལ་མིང་ལ་བརྟེན་ནས་ཐོགས་པ་ཞིག་སྟེ། དང་ཐོག་ཟློས་གར་དེ་འཁྲབ་སྟོན་བྱ་ཡུལ་ད་ལྟའི་ལྷོ་ཁ་ཡར་ལུང་སྣེ་གདོང་རྫོང་ཁྲ་འབྲུག་གྲོང་རྡལ་བཀྲ་ཤིས་མཆོད་རྟེན་དུ་ཡིན་ལ། དུས་རབས་བཅོ་ལྔ་པའི་སྐབས་ནས་ཀྱང་ཡར་ལུང་བཀྲིས་ཞོལ་པ་ཞེས་པའི་ཟློས་གར་འཁྲབ་སྟོན་རུ་ཁག་འཛུགས་མྱོང་། ཟློས་གར་དེ་བོད་ཀྱི་ཟློས་གར་གྱི་སྲོལ་འབྱེད་གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་སྐབས་སུ་ཁུངས་དེད་བྱས་ཆོག་ཅིང་། སྐབས་དེར་ཚོགས་པ་དེར་ཁྱོོན་བསྡོམས་མི་གྲངས་ ༡༧ ཙམ་ཡོད་པ་ཚང་མ་སྐྱེས་པ་ཡིན།[1] ཞེས་བཤད་ཀྱང་། ཡར་ཀླུངས་བཀྲིས་ཞོལ་པའི་གླུ་གར་དེ་ནི་༸རྒྱལ་མཆོག་ལྔ་པ་ཆེན་པོའི་དུས་སྐབས་ནས་བྱུང་ཚུལ་ཡང་འདུག དེ་ཡང་། བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གྱི་སྲིད་དབང་དབུ་བརྙེས་མཛད་པ་ནས། དུས་སྐབས་དེར་༸གོང་ས་ལྔ་པ་ཆེན་པོས་འབྲས་སྤུངས་དགོན་དུ་ཞོ་སྟོན་ཞེས་གཞུང་འབྲེལ་མཛད་སྒོའི་དུས་སྟོན་ཞིག་སྤེལ་གནང་མཛད་པར། ལྷོ་ཁ་ཡར་ཀླུངས་ཁུལ་གྱི་མི་སེར་ནས་བཀྲ་ཤིས་ཞོལ་པོའི་འཁྲབ་སྟོན་བྱས་པ་ནས། ལོ་ལྟར་ཞོ་སྟོན་གྱི་དུས་ཆེན་དེར་འཁྲབ་པ་ནས་རྒྱ་ཆེར་དར་སྲོལ་བྱུང་བར་བཤད་ཅིང་། གླུ་གར་དེར་བཀྲ་ཤིས་ལྔ་བརྩེགས་ཀྱི་རྟེན་འབྲེལ་བཤད་པ་རྒྱག་རྒྱུ་མཆིས་པའང་། བཀྲིས་མཐོང་སྨོན། བཀྲིས་ཟམ་པ། བཀྲིས་ཆོས་སྡེ། བཀྲིས་རྩེ་ཟེར། བཀྲིས་ཞོལ་པ་བཅས་ཡོད། གླུ་གར་དེའི་མིང་དེ་ལྟར་ཐོགས་དོན་ཡང་བཀྲིས་ལྔ་བརྩེགས་ལས་བཀྲིས་ཞོལ་པ་ཞེས་པ། གླུ་གར་འཁྲབ་སྟོན་མི་སྣ་རྣམས་རྫོང་ཞོལ་གྱི་བཀྲིས་རྩེ་དང་བཀྲིས་ཆོས་སྡེའི་ཆོས་གཞིས་ནས་བསྡུ་རུབ་བྱས་པས་དེ་ལྟར་ཐོགས་པར་གསལ།[2]

ཡར་ལུང་བཀྲིས་ཞོལ་པ་ནི་བོད་ཀྱི་འཁྲབ་སྲོལ་དེར་ཐུན་མིན་གྱི་ཁྱད་ཆོས་མངའ་ཞིང་། དེར་བཀྲིས་ལྔ་འཛོམས་ཞེས་ཀྱང་འབོད། ཡར་ཀླུང་བཀྲིས་ཞོལ་པའི་ངག་གི་དབྱངས་རྟ་དང་གྱེར་ཚིག་ཟློས་གར་གཞན་དང་མི་འདྲ་ཞིང་། འཁྲབ་སྟོན་པའི་གདོང་འབག་ཚང་མ་འབག་དཀར་པོར་ཁ་མདོག་གསེར་པོའི་མཐའ་རྒྱན་དང་། འཁྲབ་སྟོན་བྱེད་སྐབས་འཁྲབ་སྟོན་པས་གདོང་ལ་འབག་གྱོན་ཞིང་། གདོང་ལ་མཛེས་བཟོ་ཅུང་ཟད་བྱས་རྗེས་རྔ་སྒྲའི་དབྱངས་རྟ་དང་མཉམ་དུ་བྲོ་གར་འཁྲབ་པར་བྱེད་ལ། གླུ་གྱེར་བའི་སྐབས་འཁྲབ་སྟོན་པ་གཞན་དག་ཀྱིས་ཀྱང་རམ་འདེགསབྱེད་ཀྱི་ཡོད། སྔ་མོ་ལོ་རེར་བོད་ཀྱི་ལོ་གསར་དང་འོང་སྐོར་རྫོང་གི་མཛད་སྒོ་ཆེ་གྲས། དེ་མིན་ལྷ་ཞོ་སྟོན་སྐབས་ཀྱི་བོད་ཟླ་དྲུག་པའི་ཚེས་ཉེར་དགུ་ཉིན་འཕྱོངས་རྒྱས་སྤུན་བདུན་པ་དང་ཡར་ཀླུང་བཀྲ་ཤིས་ཞོལ་པ་གཉིས་གཟིགས་འབུལ་ཞུ་སྲོལ་ཡོད་དོ།[3]

 

གཉིས་པ། ཉི་ཆོས་བཟང་པོ།

གནའ་སྔ་མོ་སྣེ་གདོང་ཁུལ་དུ་སྣེ་གདོང་རྒྱལ་པོར་གྲགས་པ་ཞིག་བྱུང་ཡོད་ཅིང་། རྒྱལ་པོ་དེ་ནི་མི་སེར་གྱི་བདེ་སྡུག་ལ་གཟིགས་རྟོག་མེད་པར་དབང་ཤེད་དཔོན་ངམ་དང་འདོད་རྔམ་གཡོ་སྒྱུ་ཤིན་ཏུ་ཚ་བ་ཞིག་ཡོད་པར། བློན་པོ་ཉི་ཆོས་བཟང་པོ་ཞེས་འབོད་པ་བློ་རིག་སྤྱང་གྲུང་འཛོམས་ལ་དམངས་ཀྱི་བདེ་སྡུག་ཐད་དོ་ཁུར་ཆེ་བའི་སྐྱེ་བུ་ཡ་རབས་ཤིག་མཆིས། ཁོང་གིས་ཐབས་དང་རིག་པ་གང་མང་ལ་བརྟེན་ནས་མི་སེར་ལ་དབུལ་སྐྱོབ་དང་རོགས་རམ་གྱི་བྱ་བ་མང་པོ་སྒྲུབ་ཞོར། འདོད་རྔམ་ཅན་གྱི་རྒྱལ་པོ་དེའི་ཚུལ་མིན་གྱི་ཁྲིམས་དང་ཁྲལ་འུ་ལག་ལས་ཐར་ཐབས་བྱས་པ་དང་ཆབས་ཅིག  གླགས་དང་བསྟུན་ནས་རྒྱལ་པོར་མང་ཚོགས་ཀྱིས་ཡིད་སེམས་ཚིམ་པའི་ཚ་སྐྱིན་ནན་མོའི་ཡ་ལན་རེ་སྤྲོད་པའི་གཏམ་རྒྱུད་མཆིས་པས། དུས་ཡུན་རིང་པོའི་ནང་བོད་ཁུལ་སྤྱི་དང་ལྷག་པར་དབུས་གཙང་ཁུལ་དུ་ཁོང་གི་གཏམ་རྒྱུད་མཚོན་པའི་སྒྲུང་གཏམ་འབོར་ཆེན་ཞིག་མཆིས་པ། དཔེར་ན། 《ནོར་གཅིན་གཏོང་བ།》ཞེས་པ་དང།《མར་ཁྲལ་ཆག་ཡང་གཏོང་བ།》《བཀའ་བཀྱོན་འབེབས་པ།》《གནམ་སྐྱག་དཀར་པོ།》《ཕག་ཤ་ཚོང་བ།》སོགས། དངོས་བྱུང་དང་བཅོས་སྒྲུང་མཉམ་སྤྱོད་ཀྱིས་རང་བཞིན་ལྡན་ཞིང་། བློ་རིག་དང་མཚར་གཏམ་གྱིས་སྒོ་ནས་སྤྱི་ཚོགས་ཀྱི་སྐྱོན་མཚང་ཐེར་འདོན་གྱི་ནང་དང་ལྡན་པའི་གཏམ་རྒྱུད་དེས། དབུས་གཙང་སྤྱི་ཚོགས་ཁྱོན་ཀུན་ལ་བག་ཆགས་ཟབ་མོ་བཞག་ཡོད།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] ཡར་ཀླུང་བཀྲིས་ཞོལ་པ་ཟློས་གར་ཚོགས་པའི་སྒྱུ་རྩལ་འཁྲབ་སྟོན་གྱི་འཚོ་བ། ཀྲུང་གོའི་བོད་ལྗོངས་དྲ་བ། ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༢༣།

[2] བོད་ཀྱི་དམངས་སྲོལ་གཅེས་བསྡུས། མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༩། ཤོག ༦༡༥།

[3] ཡར་ཀླུང་བཀྲ་ཤིས་ཞོལ་པའི་ལྷ་མོའི་འཁྲབ་གཞུང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ལྷ་ས། ༡༩༨༧། ཟློས་གར་གྱི་འཁྲབ་གཞུང་ཧྲིལ་པོ་མཆིས་པས་དེར་གཟིགས་འཚལ།

 

དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།