ས་བཅད་གསུམ་པ། ཡུལ་སྡེ་དང་། རི། ལ། མཚོ། གཙང་པོ།
ལེ་ཚན་དང་པོ། ཡུལ་སྡེ་ཆེ་ཁག
ཆུ་གསུམ། མདོ་མཁར། སྟོད་གཟིགས། དཀར་ཁང་དར་སྟེང་། གོང་པོ་ཁང་གསར། རྒྱང་ཐང་། ཀླུང་། ནོར་བུ་ས། ཆུ་མདོ་རྒྱང་། ཆུ་མཁར། སེའུ། ཤག་བྱང་། ཤག་ལྷོ། གྲབ་སྨད་ས། རྫོང་ཞོལ།[1] ཐང་སྟོད། རྫིང་མཁར། ཨོ་ར། བུ་དལ། ཟེ་མཁར། མཚོ་སྟོད། རྒྱབ་པར། ལབ་ས། འོང་དཀར། ཆོས་ཁང་། ཨེ་ཆུ་མདོ་ཀྱང་། ལྷ་ཚ། གཉིས་གཞུང་། སྙོམ་པོ། གཅུང་པོ་སྟོད། བརྗོད་པ། མཁར་སྟེང་། བློ་གྲོས་གླིང་པ། གྲོང་གསར། བཀྲ་ཤིས་སྟེང་།[2]
ལེ་ཚན་གཉིས་པ། རི། ལ། མཚོ། གཙང་པོ།
སྔོ་ལ་རི། ལོགས་རྒྱལ་པོ་རི། ཡར་སྦུག་རི། གངས་རྩེ་རི། མིག་ཆུང་རི། རྩེ་མོ་རི་དཀར། གྲུ་སྟེང་། ཕུ་ཆེན། ཤུར་དགུ་བྲག་དྲུག ཡར་བལྟ་ནང་ལུང་། ཉི་སྡིངས། བྲག་པ་ཆེན། རྒྱལ་ཐང་པུ། ཁྱད་ཆོས་རོང་། བྲག་ལ་མགོ སྣ་གདོང་རི་དཀར། ཇོ་རང་། ཤོད་རིང་ནང་། ཆུ་དགུ་གྲོག་གོ གསེར་ཆུ་ཨ་མ། བྱང་མདའ་ཕུ། ཨ་མ་ཇོ་བོ། གླང་པོ་རྫོང་། ལྷས་ཤོད། བྲག་ལངས་མེ་མདའ། མ་ལངས། ལྐོག་ལུང་། སྦུག་དམར་ཕུ། མཚོ་མོ་ཕུ། གླང་གོག་རོང་། ཆེན་ཕུ། རྭ་མ་ཤང་། བཟང་གྲོག་ནང་། མཚོ་སྦུག བདག་པོ་གྲོང་རོང་གོ དཀར་དུང་གཞུང་། གྲོག་ཆུང་། ཕུག་རོང་། དཔྲལ་ཕུ། མཚོ་རུལ། ཚེའུར། སྒང་དམར། མི་མགོ་མཐོ་ལྕོག བྱེ་མ་རོང་། སེང་མགོ་ནང་། ཀརྨ་ནང་། གྲང་རོང་ནང་། ཆོས་རྭ་ནང་། མཚོ་རོང་ནང། གཅེས་གྲོག སེར་འོག་ཕུ། རྟ་རིང་སྒ ཕུ་ལྕོག ཐན་པ། ཆེན་ནང་། སྦུག་ལམ། ལ་མོ་རོང་། དྲེལ་པོ་ཕུ། གསེར་ཀོང་ལུང་། བཅུད་ནང་། རི་ནག་གཞུང་། གུག་མཁར་མ། འུ་ལུང་། གསལ་དྭངས་སོགས་ཁུལ་དེའི་རི་དང་རི་བརྒྱུད་དག་ཡིན།
ཐང་ལ། ཁྲི་སྤོ་ལ། རྒྱལ་གཡག་ལ། དཀར་ཆུང་ལ། ལྷས་དཀར་ལ། སྨྱུག་མའི་ལ། ཕུ་ལ། མོལ་མོས་ལ། པུ་དྲངས་ལ། བདེ་བྱུང་ལ། གྲི་ལ། མཚོ་སྐམ་ལ། ཤུར་ཤུར་ལ། ཚ་གུ་ལ། གྲི་ལ། དགའ་རི་གོང་ལ། གློག་གོག་ལ། མེ་ཆུང་ལ། ནུབ་ལ། ཡར་སྟོད་བྲག་ལ། འཕྲང་སྣ་ལ། ཐལ་ཕྱར་ལ། སྤོ་ཐང་ལ། ཡར་སྟོད་བྲག་ལ། བྱེ་མཚོ། ཁྲོ་ཆུ་བླ་མཚོ། སྡིག་བཤག་བླ་མཚོ། སེར་འོག་ཕུ་ཆུ། མ་སྤྱི་ཆུ། རྨ་རོ་ཆུ། སི་ཆུ། གོང་པོ་ཕུ་ཆུ། ལྕང་རྭ་ཕུ་ཆུ། ཁ་རོང་འབབ་ཆུ་སོགས་ལ་ཆུ་མཚོ་གསུམ་མི་ཉུང་བ་ཞིག་མཇལ་དུ་ཡོད།
ས་བཅད་བཞི་པ། ཞིང་འབྲོག་ཐོན་ཁུངས་དང་ཐུན་མིན་ཐོན་ལས།
གཅིག ཞིང་འབྲོག་ཐོན་ཁུངས།
ཨེ་ལྷ་རྒྱ་རི་མངའ་ཁུལ་ལམ་ད་ལྟའི་ཆུ་གསུམ་རྫོང་ནི་ས་མ་འབྲོག་གི་རྫོང་ཞིག་ཡིན་པས། ཁུལ་དེའི་རྨོ་ཞིང་མུའུ་ཁྲི་ ༢.༤༩ དང་རྩྭ་རའི་རྒྱ་ཁྱོན་མུའུ་ཁྲི་ ༢༨༥། ལྗོན་ཤིང་ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི་ ༡.༥ བཅས་ཡོད་འདུག་པར། ཞིང་པ་ཚོས་སྟོན་ཐོག་གཙོ་བོ་དགུན་གྲོ། དཔྱིད་གྲོ། ནས། པད་ཁའི་རིགས་གཙོ་བོར་འདེབས་ལས་ཐོན་སྐྱེད་དང་། སྒོ་ཕྱུགས་སུ་མཛོ་དང་། གླང་། བ་མོ་སོགས་གཉེར་སྐྱོང་གསོ་ཚགས་བྱེད། འབྲོག་ལས་གཙོ་བོ་གོང་དུ་བྱུང་བ་ལྟར་རྟ་ནོར་ལུག་གསུམ་གསོ་སྐྱོང་སྐྱེ་འཕེལ་བྱེད་པས། འབྲོག་དུད་ཕྱུག་བདག་ལ་རེར་ནོར་ལུག་སྟོང་ཚོ་བརྒལ་བ་ཡོད་ཅིང་། འབྲོག་ལས་གཙོ་བོ་ཨེ་ཁུལ་ལྷོ་ཕྱོགས་ཀྱི་ས་བབ་མཐོ་སའི་ཁོངས་རྣམས་ཡིན་ལ། ཤར་ཕྱོགས་དང་། དབུས། བྱང་ཕྱོགས་ས་བབ་དམའ་བས་ཞིང་ལས་གཙོ་བོར་གཉེར། ཞིང་འབྲོག་ཐོན་སྐྱེད་ལག་ཆའི་རིགས་ཀྱང་ཕལ་མོ་ས་གནས་གི་བཟོ་པས་ལས་བསྣོན་མཁོ་སྐྲུན་སྤུས་ལེགས་མཆིས། ད་དུང་ཨེ་ཁུལ་དུ་རང་བཞིན་བཟའ་བཅའི་རིགས་ལ། སེ་ཤ དཀར་ཤ།འདམ་ཤ ཆོ་ལོ། གྲོ་མ། གཡའ་སྒོག འཛིམ་བུ། སྒོག་སྐྱ། སླེ། ཨ་ལོ། ཟྭ་ཚོད། ལྕང་། སྙ་ལོ། བསིལ་འབྲུམ། སིལ་རིལ་སྐྱེ། དེ་བཞིན་པད་ཚལ། ལ་ཕུག ཞོག་ཁོག་སོགས་ཚལ་རིགས་ཀྱང་འདེབས་ལས་གང་ལེགས་བྱེད།
གཉིས། ཐུན་མིན་ཐོན་ལས།
ཁུལ་དེར་མི་རིགས་ལག་ཤེས་ཐོན་རྫས་སྣམ་བུ་དང་། གྲུམ་གདན་སོགས་འཁལ་འཐག་ལས་རིགས་དང་། རྫ་བཟོའི་ལས། གསེར་དངུལ་ཟངས་ལྕགས་ཤིང་ཆས་ལས་སྣོན་ལས་རིགས་ཡོད། གནས་འདིའི་ཐོན་རྫས་གཙང་བ། སྤུས་དག་པ། མཛེས་པ། གནའ་ཉམས་བབ་ཆགས་པ་བརྟེན་ཐུན་མིན་ཁྱད་ཆོས་ལྡན། ས་གནས་དམིགས་བསལ་ཐོན་རྫས་ལོ་རྒྱུས་ཡུན་རིང་ལྡན་པའི་ཆུ་གསུམ་ཁ་གདན་དང་ཁ་མདོག་གནའ་བོའི་བབ་ཆགས་ཀྱི་ཁོག་ལྡིར་ཡོད།[3]
གསུམ་པ། ཨེ་པའི་ཡིག་གཟུགས་སྒྱུ་རྩལ།
ལྷོ་ཁ་ཆུ་གསུམ་རྫོང་ཨེ་པའི་ཡིག་གཟུགས་སྒྱུ་རྩལ་ནི་བོད་དུ་མིང་གྲགས་ཆེ་ཤོས་ཀྱི་ཡིག་གཟུགས་ཀྱི་གྲས་ཤིག་ཡིན་ཞིང་། དེ་སྔ་བོད་གཞུང་གིས་ཨེ་ཁུལ་ནས་ཨེ་ཕྲུག་པ་ཞེས་ཡིག་འབྲི་བ་ཁག་གཅིག་སྐོང་བསྡུ་བྱེད་སྐབས་ཡི་གེ་གཟབ། གཤར། ཝརྟུ། ཧོར་ཡིག སྔགས་ཡིག་གསར་རིག་སོགས་འབྲི་སྲོལ་དར་ཁྱབ་ཆེ་བ་དང་། ཤོག་བུ་ཚོས་གཞི་འདྲ་མིན་དང་། སྣག་ཚ་འདྲ་མིན། གསང་ཡིག་འབྲི་བྱེད་ས་ཆུ་མེ་རླུང་ནམ་མཁའ་བཅས་འབྱུང་བ་ལྔ་འདུས་པའི་དམིགས་བསལ་བཟོ་རྩལ་གྱི་བྱ་ཐབས་མ་སྤྱད་ན་ཡི་གེ་གསལ་མི་ཐུབ་པའི་ཁྱད་ཆོས་ལྡན་པའི་སྣག་ཚ་བཟོ་བ། དེ་བཞིན་བོད་སྣག་དང་མཚལ་སྣག་གི་སྦྱོར་བ་སྣ་ཚོགས། ལོར་ཤོག་དང་དེབ་འདྲ་མིན་བཟོས་པ་སོགས་འཕྲུལ་རྩལ་ལས་བྱེད་པ་བརྒྱ་རྩ་མང་པོ་རང་རང་གི་གོ་གནས་བཟུང་ཡོད། གཞན་ཡང་། བོད་གཞུང་གིས་ཨེ་ཕྲུག་ཡིག་འབྲི་བ་འཁྲི་ཡུལ་གྱི་དུད་ཁྱིམ་ཚོར་རྐང་འགྲོ་ལག་འདོན་གྱི་ཁྲལ་རིགས་ཡོངས་རྫོགས་རྩ་ཆག་གི་ལག་ཁྱེར་ཡང་སྩལ་ཡོད་འདུག་པ་སོགས། དེ་སྔའི་༸རྒྱལ་བའི་ཕོ་བྲང་དང་བཀའ་ཤག་བཅས་ཀྱི་གཞུང་འབྲེལ་ཡིག་འབྲི་བའི་ཨེ་ཕྲུག་དང་སྙེ་ཕྲུག་གི་ལོ་རྒྱུས་ཞིབ་པ་རྩེའི་ཕྱག་ནང་ཇོ་ལགས་འཆི་མེད་མགོན་པོའི་སྐུ་ཚེའི་ལོ་རྒྱུས་[4]སུ་རྒྱས་པར་གསལ་བས་དེར་སྤྱན་རས་གཡོ་བོར་མཛོད།
གཉིས། ཨེ་ལྷ་རྒྱ་རིའི་ཕོ་བྲང་གི་བཟོ་བཀོད་དང་སྒྱུ་རྩལ།
ལྷ་རྒྱ་རིའི་ཕོ་བྲང་དེ་བཞིན་རྒྱ་རིའི་བྱང་ངོས་གད་པ་རྔམས་སུ་གཏིང་ཟབ་ཚད་ཐོག་བརྩེགས་ཉི་ཤུ་ཙམ་ཡོད་པ་སྟེང་དུ་བརྗིད་ཉམས་ལྡན་པའི་ཐོག་བརྩེགས་ལྔ་ལྡན་གྱི་ཕོ་བྲང་ཞིག་ཡོད་པའི་མདུན་ངོས་སུ། དཀར་ཞལ་ཞེས་པ་ཁྱམས་ཤིན་ཏུ་ཆེ་བ་མཐའ་སྐོར་དུ་རྡོ་ཚོས་གཞི་འདྲ་མིན་སྣ་ཚོགས་བསྒྲིགས་པའི་མཛེས་རིག་བཀྲིས་རྟགས་བརྒྱད་དང་། རྒྱལ་སྲིད་སྣ་བདུན། འདོད་ཡོོན་སྣ་ལྔས་ཕྱུག་ཅིང་། དཀར་ཞལ་གྱི་རྒྱ་ཁྱོན་ཡང་ཤིན་ཏུ་ཆེ་བས་ཨེ་དགོན་ལྔའི་གར་འཆམ་ཡང་དེ་སྡེབས་གཅིག་ལ་འཆུད་པ་ཐུབ་པ་ཡིན། ཨེ་ཁུལ་བཟོ་རིགས་ལག་ཤེས་མི་སྣ་མང་པོས་རྒྱ་རིའི་ཕོ་བྲང་དེ་བཞིན་སྲ་ཞིང་མཁྲེགས་ལ་བརྗིད་ཅིང་ལྷུན་ཆགས་པ་ཞིག་སྐྲུན་ཡོད། ཕོ་བྲང་གི་བྱང་ངོས་སུ་སྤྲོ་ཁང་ཆགས་ཡུལ་གླིང་ཁའི་རྒྱ་ཁྱོན་ལྷ་ས་ནོར་གླིང་གསུམ་ཙམ་ཡོད་ཅིང་། ཧ་ཅང་ཆེ་བའི་ནང་ཐོག་གཅིག་མའི་སྤྲོ་ཁང་བཟོ་དབྱིབས་ལེགས་ལ་སྒེའུ་ཁུང་དང་ཁྲ་བཅད་སོགས་ལ་ཤིང་བརྐོས་རི་མོ་བྱ་དང་། མེ་ཏོག འབྲུག་ལ་སོགས་པའི་མཛེས་པར་བརྒྱན་པའི་ཁང་བཟང་གི་མཐའ་སྐོར་དུ་སྤངས་ལྗོངས་དང་མེ་ཏོག དེ་བཞིན་འབྲས་ལྡན་ཤིང་འབྲས་སོགས་ཀྱིས་ཡོངས་སུ་བསྐོར་བ། ལྟ་ན་སྡུག་པའི་ཁྲུས་ཀྱི་རྫིང་བུ་བཅས་ཡོད།[5]
གཞན་ཡང་། རྒྱ་རི་གཞུང་གི་ཕོ་བྲང་དབུས་མའི་མཚོན་སྤྲོ་ཁང་དང་གཞིས་ཀ་སོགས་ནང་སོ་མདའ་སྨད་པ་ནས་བཟུང་། ཁྲི་ཆེན་མི་རྒྱུད་རིམ་པས་ཉམས་གསོ་རྒྱ་བསྐྱེད་གསར་སྐྲུན་སོགས་རྒྱུན་མཐུད་དུ་མཛད་འདུག་པ་མ་ཟད། ཕོ་བྲང་དུ་བཞུགས་གསེར་བྲིས་བཀའ་འགྱུར་བསྟན་འགྱུར་དང་ཁྱིམ་ཆས་སོགས་རིགས་དངོས་ཁག་གི་སྒྱུ་སྩལ་རིན་ཐང་ཡང་ཁྱད་དུ་འཕགས་པས་ལྷ་སའི་ནོར་བུ་གླིང་ཁར་འགྲན་པ་ཞེས་ཡོངས་གྲགས་བཤད་རྒྱུན་དུ་གྲགས་ཡོད་འདུག དུས་རབས་བཅུ་གསུམ་པའི་སྐབས་ནས་བཞེངས་པའི་ཕོ་བྲང་དེ་བཞིན་ཕྱི་ལོ་ ༡༩༥༩ དང་། དེ་རྗེས་རིག་གནས་གསར་བརྗེ་ཆེན་པོ་སོགས་དུས་འགྱུར་རིམ་པའི་སྐབས་གཏོར་སྐྱོན་ཚབས་ཆེ་ཕོགས་ཤིང་། ཡུན་རིང་བདག་གཉེར་བྱེད་མཁན་མེད་པར་ཁང་རུལ་གྱང་གོག་ཏུ་གྱུར་ཡང་། ཕྱི་ལོ་ ༢༠༠༦ ལོར་ལྗོངས་རིམ་པའི་དངོས་མིན་རིགས་གནས་ཤུལ་བཞག་གི་ཁོངས་སུ་ཚུད་པས། ཕྱི་ལོ་ ༢༠༠༧ ལོར་ཉམས་གསོ་བྱ་འགོ་བརྩམས་པས་དེང་ཕྱིའི་ཕོ་བྲང་གི་བཀོད་དབྱིབས་སྔ་མོ་ལྟར་མཇལ་དུ་ཡོད།
དེ་བཞིན་ལྷ་རྒྱ་རི་རྒྱལ་པོའི་དབྱར་གནས་ཕོ་བྲང་དེ་ནི་ཕྱི་ལོ་ ༡༩༡༠ ལོར་བཞེངས་ཤིང་། དུས་སྐབས་དེའི་ལྷ་རྒྱལ་རི་ཁྲི་ཆེན་དེ་ཉིད་༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་དང་ལྷན་པེ་ཅིང་དུ་ཕེབས་ནས་ཕྱིར་ཕེབས་རྗེས་བཞེངས། དབྱར་གནས་ཕོ་བྲང་ནི་སྒོ་ར་བཞི་ཅན་གྱི་ཐོག་བརྩེགས་ཁང་བཟང་ཞིག་ཡིན་ལ། བཟོད་བཀོད་ནན་ལ་མཛེས་རྒྱན་རྒྱས་པ། བཟོ་བཀོད་དེ་བཞིན་བོད་རྒྱའི་ཨར་ལས་རྣམ་པ་དང་ལས་བཟོའི་སྒྱུ་རྩལ་གཅིག་ཏུ་འདུས་ཤིང་། བོད་ལྗོངས་ཀྱི་ཕོ་བྲང་བཟོ་བཀོད་ཁྲོད་ཐུན་མིན་ཁྱད་ཆོས་ལྡན་ལ།[6] དུས་སྐབས་དེར་རྒྱའི་དམག་ལྡོག་ཆེད་མཆོད་རྟེན་དང་གུ་རུ་ཟིལ་གནོན་གྱི་སྐུ་སོགས་ཀྱང་བཟོ་བཀོད་ཕུན་སུམ་ཚོགས་པར་བཞེེངས་སྐྲུན་བྱས་ཡོད་པ་བཅས། མདོར་ན། ལྷ་རྒྱ་རི་རྒྱལ་པོའི་ཕོ་བྲང་གི་འཛུགས་སྐྲུན་ཚོགས་ནི་བོད་ལྗོངས་སུ་གྲངས་ཀ་མང་པོ་མེད་པའི་རྒྱལ་པོའི་ཕོ་བྲང་འཛུགས་སྐྲུན་ཁྲོད་ཀྱི་གལ་ཆེའི་ཚབ་མཚོན་ཞིག་རེད་ལ། དེའི་ལོ་རྒྱུས་ལ་ལོ་ངོ་བརྒྱ་ཕྲག་གི་དུས་ཡུན་ལྡན་པ་དང་ངོས་མཉམ་འཛུགས་སྐྲུན་ཁྲོད་ཀྱི་བཀོད་པ་དང་རྩ་བའི་གྲུབ་སྟངས་སོགས་ཀྱི་ཐད་ནས། ཅུང་ཆ་ཚང་བའི་ཐོག་ཐོག་མའི་རྣམ་པ་རྒྱུན་འཛིན་བྱས་པའི་བོད་ཀྱི་རྒྱལ་པོའི་ཕོ་བྲང་འཛུགས་སྐྲུན་ཤུལ་བཞག་གི་གལ་ཆེའི་དངོས་པོའི་དཔེ་མཚོན་ཞིག་དང་། ཨེ་ཁུལ་གྱི་བཟོ་ལས་མི་སྣའི་ལག་ཤེས་ཀྱི་ཆུ་ཚད་ཇི་ཙམ་ཡོད་མིན་ཡང་དེ་ལས་ཚོད་བགམ་བྱེད་ཐུབ་པའོ།།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] 武振华.西藏地名.中国藏学出版社.1995年.
[2] བོད་ཀྱི་ས་མིང་དཔྱད་གཞིའི་ཡིག་རིགས་བསྡུས་བསྒྲིགས། བོད་རང་སྐྱོང་ལྗོངས་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཐིག་རིས་ཅུས། ཕྱི་ལོ་ ༡༩༧༩། ཤོག ༡༠༩།
[3]西藏自治区土地册,西藏自治区测绘局,中国地图出版社出版.1996.Pg 93.
[4] ངག་རྒྱུན་ལོ་རྒྱུས་དེབ་ཕྲེང་། ༣༣། དྷ་ས་བོད་ཀྱི་དཔེ་མཛོད་ཁང་། ཕྱི་ལོ། ༢༠༡༣།
[5] བོད་ཀྱི་རིག་གནས་ལོ་རྒྱུས་ཀྱི་དཔྱད་གཞིའི་རྒྱུ་ཆ་གདམས་བསྒྲིགས། འདོན་ ༡༩། མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༦། ཤོག ༤༨།
[6]西藏自治区土地册,西藏自治区测绘局,中国地图出版社出版.1996.Pg 93.
དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།