ས་བཅད་བརྒྱད་པ། དམངས་སྲོལ།
གཅིག རྒྱ་རི་གཞུང་གི་གུང་གསར་མཛད་སྒོ།
སྤྱིར་བོད་ཀྱི་ལོ་གསར་དུས་སྟོན་སྐོར་འབྲེལ་ཡོད་ས་བཅད་གཞན་དུ་རྒྱས་པར་བརྗོད་ཟིན་མོད། ལྷ་རྒྱ་རི་གཞུང་གི་སྔར་ལམ་གཞུང་འབྲེལ་གུང་གསར་མཛད་སྒོ་ཚུགས་སྲོལ་ཐད་ཐུམ་མིན་གྱི་ཁྱད་ཆོས་མངའ་བས། འདིར་ཡིག་ཚོགས་ཀྱི་འཇིགས་པ་ལ་གཡོལ་ནས་རགས་རིམ་ཙམ་ངོ་སྤྲད་ན། ལོ་ལྟར་གནམ་ལོ་གསར་ཚེས་ཀྱི་ཚེས་གཅིག་གི་ཐོ་རེངས་སྔ་ཆར་རྒྱལ་བློན་སྐུ་འཁོར་དང་བཅས་པ་ཕོ་བྲང་བཀྲིས་ཆོས་འཛོམས་ཡང་སྟེང་དུ་ཆིབས་བསྒྱུར་གྱིས་དཔལ་ལྡན་ལྷ་མོའི་གཏོར་འབུལ་འཕྲིན་བཅོལ་འབུལ་བ་ནས་དབུ་བཙུགས་ཏེ།
ལོ་གསར་གྱི་དགའ་སྟོན་དངོས་གཞི་ལ་རོལ་བ་ཡིན། དགྱེས་སྟོན་གྱི་མཛད་སྒོའི་སྐབས་ཁྲི་ཆེན་གྱིས་ན་བཟའ་མཛོད་གོས་དང་། ཞབས་ལྷམ་འཇའ་འཚལ། རྒྱ་གྲི་ཕོར་ཤུབས། གསེར་གྱི་མུ་སོག་དབུ་ཞྭ་ཝ་གིར་སོགས། གནའ་བོའི་བོད་ཀྱི་ཆ་གོས་ཀྱིས་མཛེས་པར་བཀླུབས་སྲོལ་དང་། ལྷ་ལྕམ་གྱི་ན་བཟའ་གསེར་གོས་སེར་མོའི་རྒྱབ་ལྡན་སྐུ་ཚགས། གོས་སེར་མོའི་ཕུ་མེད། སྟེང་བརྩེགས། གཟན་སྣ་ལྔ། མུ་ཏིག་དབུ་ཕྲུག་གསེར་གྱི་མགུལ་གའུ་ཁྲ་ལྡན། གསེར་གྱི་སྙན་སྐོར། རྫུལ་གྱི་མགུལ་ཕྲེང་། གསེར་གྱི་བཅུ་བཤད། འབའ་ཁུག་ཁབ་ཤུབས། མུ་ཏིག་ཐོད་རྒྱན་སོགས་གཟབ་བཞེས་ཀྱིས་མདུན་གྲལ་དུ་འཁོད་པ་དང་། དེ་བཞིན་ཕྱག་མཛོད་སོགས་ཞབས་གྲས་བདུན་ཅུ་སྐོར་གྲས་གནས་སུ་འཁོད་ཅིང་། བཀྲིས་སྨོན་ཚིག་གི་སྔོན་བསུས་ཏེ་གསོལ་ཇ་ཕྱེ་མར་འདེགས་འབུལ་དང་སྦྲགས། དྭགས་གྲྭ་དགེ་བཤེས་གཉིས་ཀྱི་རྒྱ་རིའི་གདུང་རབས་རིམ་བྱོན་གྱི་ལོ་རྒྱུས་སྒྲོག་སྦྱངས་དང་བཅས་ཚོམས་ཆེན་གྱི་མཛད་སྒོ་ཚོགས་སྲོལ་མཆིས།
ཚེས་གཉིས་པའང་གོང་བཞིན་ཕོ་བྲང་ནང་ཁུལ་མཛད་སྒོ་གཟབ་རྒྱས་སྲུང་རྩི་ཞུ་ལ། ཚེས་གསུམ་ཉིན་རྒྱུག་རིང་ཆེན་མོའི་མཛད་སྒོ་ཞེས། ལྷ་རྒྱ་རིའི་གཞུང་རྟ་བཞི་དང་དེ་བྱིངས་ཞབས་གྲས་དྲུང་འཁོར་ནས་རྒྱུ་རྟ་སུམ་ཅུ་སྐོར་ཆེད་གཏོང་གིས་རྒྱུག་མ་འགྲན་བསྡུར་གྱི་སྟ་གོན་རྒྱ་ཆེར་བྱེད་ལ། ཚེས་བཞི་ཉིན་ཁྲི་ཆེན་སྐུ་འཁོར་དབུ་བཞུགས་ཐོག་དངོས་གཞིའི་རྟ་རྒྱུག་འགྲན་བསྡུར་ཤིན་ཏུ་འཁྲུགས་པོ་བྱེད། ཚེས་ལྔ་ལ་ཕོ་བྲང་བཀྲིས་ཆོས་རྫོང་གི་དར་ཆེན་སྐུ་བཞེངས་ཀྱིས་རྒྱ་རི་ཕོ་བྲང་དུ་ཨེ་དགོན་ཁག་དགུའི་དགེ་འདུན་པ་རི་སྒོ་སྨོན་ལམ་ཆེན་མོ་ཚེས་བཅོ་ལྔ་པར་ཚུགས་པ་ཡིན།
གཉིས། རྒྱ་རི་གཞུང་གི་ལོ་རེའི་བྱེད་སྒོ་ཆེ་གྲས།
ལོ་རེའི་བོད་ཟླ་དང་པོར་གུང་གསར་གྱི་དགྱེས་སྟོན་སྲུང་རྩི་བྱས་པ་ནས། ཟླ་ཚེས་བཞིན་རིམ་པས་དེད་ནས་ལྷ་རྒྱ་རིའི་གཞུང་དམངས་ཀྱི་བྱེད་སྒོ་ཆེ་གྲས་ཁག་བརྗོད་ན། ཟླ་གཉིས་པའི་ཚེས་བརྒྱད་ཉིན་རྫོང་ཟུར་ཞེས་ལྷ་གནས་རོང་ལྷ་རྒྱལ་མཚན་གསོལ་མཆོད་བྱེད་སྲོལ་དམིགས་བསལ་ཞིག་འདུག་པ་ནི། སྔར་སྲོལ་ལྟར་གཡག་གཅིག་བསད་ནས་དམར་མཆོད་གཏོར་གསོས་དང་། ཞབས་གྲས་ཚོས་ཡུལ་ལྷའི་མདུན་དུ་མནའ་དམ་ཞེས་ཤ་ཁྲག་ཕྲན་བུ་རེ་བཟའ་བཏུང་བྱེད་པ་དེ་རེད། ཟླ་ལྔ་པའི་ཚེས་བརྒྱད་ཉིན་ཁྲི་ཆེན་ཞབས་རྟ་པ་༥༠སྐོར་གོང་བཞིན་རྫོང་ཟུར་དུ་དབྱར་གསོལ་མཛད་སྒོ་བྱེད་ལམ་འདུག ཟླ་དེའི་ཚེས་བཅོ་བརྒྱད་ཉིན་ཁྲི་ཆེན་རི་ཆོས་སུ་ཆེད་ཕེབས་ཀྱིས་སྲུང་མ་རྒྱལ་པོ་སྤྱན་འདྲེན་གྱིས་ཆོས་སྲིད་གནང་སྒོ་བཀའ་ལུང་ཞུ་སྲོལ་མཆིས། ཟླ་དྲུག་པའི་ཚེས་བརྒྱད་ལ་ཀློག་ཆོས་སྡེར་སྐུ་ལྔ་དང་གནོད་སྦྱིན་གསོལ་མཆོད་གནང་སྲོལ་འདུག བོད་ཟླ་ ༡༠ ཚེས་ ༢༥ ཉིན་རྗེ་ཙོང་ཁ་པའི་དགོངས་རྫོགས་ལྔ་མཆོད་མཆོད་སྤྲིན་གཞུང་དམངས་གཉིས་ནས་རྒྱ་ཆེར་སྲུང་རྩི་བྱེད། ཟླ་ ༡༢ ཚེས་ ༡༩ ཁྲི་པ་སྐུ་འཁོར་དང་བཅས་ཕོ་བྲང་དུ་རི་ཆོས་དགོན་གྱི་གྲྭ་པས་གཏོར་འཆམ་མཛད་སྲོལ། ཚེས་ ༣༠ ཉིན་ཨེ་དགོན་གུ་ནས་འབག་རྫོངས་ཞེས་གཏོར་རྒྱག་དང་ཞབས་གྲས་ཚོས་མེ་འཕེན་གླུད་རྫོངས་སོགས་ཀྱི་བྱེད་སྒོ་བསྟར་ཆགས་སུ་སྲུང་རྩི་ཞུ་སྲོལ་ཡོད་དོ།།
གསུམ་པ། ཨེ་དགོན་ལྔའི་གར་འཆམ་དང་རོང་གཞིས་སྨོན་ལམ་རྟ་རྒྱུག
བོད་ཟླ་དང་པོའི་ཚེས་བཅུ་དྲུག་ཉིན་ལྷ་རྒྱ་རི་ཕོ་བྲང་གི་དཀར་གཞལ་མཐིལ་དུ་རི་ཆོས་གྲྭ་ཚང་དང་བླ་འབྲིང་ཆོས་སྡེ། གདོང་མཁར་ཆོས་སྡེ་བཅས་ཀྱིས་གར་འཆམ་འཁྲབ་སྲོལ་མཆིས་པར། ཨེ་ཁུལ་ཙམ་མིན་པར་ཉེ་འཁོར་རྩེད་ཐང་དང་འཕྱོངས་རྒྱས། སྣེ་གདོང་དང་སྐུ་རབ་སོགས་རྫོང་གཞིས་ཁག་ནས་ཀྱང་མི་དམངས་རྒྱ་ཆེར་བསྡུ་ཞིང་ཉོ་ཚོང་འཐབ་ལེན་ཡང་བྱེད། གར་འཆམ་དེ་ནི་ཐོག་མར་ས་འདུལ་གར་འཆམ་གུ་རུ་རྡོ་རྗེ་གྲོད་ལོད་སྐུ་འཁོར་དང་། དེ་རྗེས་རྒྱལ་ཆེན་བཞི། དུར་བདག་ཡབ་ཡུམ། ཆོས་རྒྱལ་ཡབ་ཡུམ། ཞྭ་ནག་རོང་ལྷ་རྒྱལ་མཚན་སྐུ་འཁོར། འཆམ་མཇུག་ཏུ་གཏོར་རྒྱག་འཕེན་པ་བཅས་ཀྱི་ལེའུ་ལས་མཇུག་སྒྲིལ་བ་ཡིན། དེ་ཉིན་རྒྱ་རི་གཞུང་གི་ཁྲི་ཆེན་ངོ་མས་སྐུ་ལ་བཙན་པོ་སྲོང་བཙན་སྒམ་པོའི་ཆ་ཆས་རྒྱལ་ཆས་ཞེས་པ་མནབས་ཏེ་སྐུ་འཁོར་འཆམ་གཟིགས་ལ་ཕེབས་སྲོལ་ཡོད་འདུག ཡང་ལོ་རེའི་བོད་ཟླ་ ༢ པའི་ཚེས་ཤར་ནས་རོང་འཆད་དཀར་ཆོས་སྡེའི་སྨོན་ལམ་ཟུར་དུ་ཚོགས་སྲོལ་ཡོད་པ་ལྟར། ཚེས་པ་༣ཉིན་རོང་ཞིགས་རྟ་རྒྱུག་ཅེས་པ་གཞིས་འོག་ཞབས་གྲས་དང་མང་ཚོགས་ནས། རྒྱུག་འཕེན་ཚ་ཀ་འགྲན་བསྡུར་སོགས་དམིགས་བསལ་དུས་སྟོན་སྲུང་རྩི་ཞུ་བར། ཉེ་འཁོར་རྫོང་གཞིས་ཁག་ནས་ཚོང་རིགས་འདུ་འཛོམས་ཀྱིས་སྨོན་ལམ་འཇལ་བ་དང་སྦྲགས་ཚོང་འཁོས་འཐབ་ལེན་ཤིན་ཏུ་འཁྲུག་ཆ་དོད་ཅིང་། ཚེས་ ༡༥ ཉིན་བྱམས་པའི་དབང་ཞེས་ཁྲི་ཆེན་དབུ་བཞུགས་ཐོག་རི་སྒོ་ཆོས་སྡེ་གྲྭ་ཚང་དུ་ཚོགས་སྲོལ་མཆིས་སོ།།
དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།