ངང་རྒྱལ་གཙུག་ལག་ཁང་དང་། ཕོ་བྲང་རྒྱལ་བཟང་སྨོན་མཁར་སྐོར་མདོར་བསྡུས་གླེང་བ།

ངང་རྒྱལ་གཙུག་ལག་ཁང་དང་། ཕོ་བྲང་རྒྱལ་བཟང་སྨོན་མཁར་སྐོར་མདོར་བསྡུས་གླེང་བ།
༄༅། །ངང་རྒྱལ་གཙུག་ལག་ཁང་དང་ཕོ་བྲང་རྒྱལ་བཟང་སྨོན་མཁར་སྐོར་མདོར་བསྡུས་གླེང་བ།
རྩོམ་པ་པོ། སྤེན་པ།
ནང་དོན་གནད་བསྡུས། རྩོམ་ཡིག་འདིའི་ནང་རྩོམ་པ་པོས་སྤྱི་ལོའི་དུས་རབས་བཅུ་གཉིས་ཀྱི་དུས་འགོར་ཞང་གསུམ་ཐོག་པས་ཕྱག་བཏབ་གནང་བའི་ངང་རྒྱལ་གཙུག་ལག་ཁང་ངམ་རྒྱལ་བཟང་ཆོས་ཁང་དང་། སྤྱི་ལོའི་དུས་རབས་བཅུ་བཞིའི་དུས་མཇུག་གམ་བཅོ་ལྔའི་དུས་འགོ་ཙམ་དུ་ཕག་གྲུ་གྲགས་པ་རྒྱལ་མཚན་གྱིས་ཕྱག་བཏབ་གནང་བའི་ཕོ་བྲང་རྒྱལ་བཟང་སྨོན་མཁར་གཉིས་གླིང་གཅིག་གི་ནང་གཏོགས་ནའང་གཅིག་ནི་གཙུག་ལག་ཁང་ངམ་དགེ་འདུན་གྱི་སྡེར་བཏབ་པ་དང་། གཅིག་ཤོས་ནི་རྒྱལ་པོའི་ཕོ་བྲང་དུ་བརྩིགས་པ་ཞིག་ཡིན་པ་ངོ་སྤྲོད་གནང་འདུག
བརྡ་ཆད་གཙོ་བོ། ངང་རྒྱལ་གཙུག་ལག་ཁང་། ཕོ་བྲང་རྒྱལ་བཟང་སྨོན་མཁར། རྒྱལ་བཟང་སྐག་འབུམ་པ།

 

གཅིག ངང་རྒྱལ་གཙུག་ལག་ཁང་།
ངང་རྒྱལ་གཙུག་ལག་ཁང་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་མགོར་ཞང་གསུམ་ཐོག་པས་རྒྱལ་བཟང་དུ་བཏབ་ཅིང། དེ་ནས་སྤྱི་ལོ་ ༡༩༥༩ ལོའི་བར་སྔར་བཞིན་ཕྱིའི་གཙུག་ལག་ཁང་དང་ནང་གི་རྟེན་གཙོ་ཁག་གནས་མུས་སུ་ཡོད། འོན་ཀྱང་། ཕྱིས་སུ་ཡུལ་མི་རྣམས་ལ་རྒྱལ་བཟང་གི་དགོན་པ་དང་རྒྱལ་བཟང་གི་ཆོས་ཁང་ཟེར་བའི་གསུང་རྒྱུན་གནས་པ་ལས། དེར་ངང་རྒྱལ་གཙུག་ལག་ཁང་ཞེས་པའི་གནས་ཀྱི་མིང་བརྗོད་སྲོལ་མེད་པ་དང་། དགོན་གནས་དེ་བླ་མ་ཞང་གིས་ཕྱག་བཏབ་པའི་གསུང་རྒྱུན་ཡོད་ནའང་ཚལ་པའི་བླ་མ་ཞང་དང་འོན་གྱི་བླ་མ་ཞང་གང་ཡིན་གསལ་པོ་མེད་ཁར། ཐ་ན་རྒྱལ་བཟང་གི་ལྷ་ཁང་ཕྱག་འདེབས་གནང་མཁན་ཚལ་པའི་བླ་མ་ཞང་ཡིན་པའི་ནོར་འཛོལ་ཡང་ཡོང་གི་ཡོད། ཡིན་ནའང་དོན་དངོས་ཐོག་རྒྱལ་བཟང་ལྷ་ཁང་ནི་ངང་རྒྱལ་གཙུག་ལག་ཁང་ཡིན་པ་དང་དེར་རྒྱལ་བཟང་ཆོས་ཁང་ཞེས་ཀྱང་ཟེར། གནས་དེར་ཐོག་མར་ཞང་གསུམ་ཐོག་པས་ངང་རྒྱལ་གཙུག་ལག་ཁང་བཏབ་པ་དང་རྗེས་སུ་ཏ་སི་ཏུ་བྱང་ཆུབ་རྒྱལ་མཚན་སྐུ་དུས་འབྲི་ཕག་སྡེ་གཟར་སྐབས་མེ་སྐྱོན་བྱུང་། དེའི་རྗེས་ཕག་གྲུའི་རྒྱལ་ཐོག་ལྔ་པ་གྲགས་པ་རྒྱལ་མཚན་གྱི་སྐུ་དུས་སུ་གནས་དེར་རྒྱལ་པོའི་བཞུགས་གནས་ཕོ་བྲང་བརྩིགས་ཏེ་རྒྱས་བསྐྲུན་གནང་བ་དང་། དགའ་ལྡན་ཕོ་བྲང་གི་དུས་སྨད་ཙམ་ལ་ཕོ་བྲང་དེར་འོན་ཁུལ་གྱི་རྫོང་གི་ལས་གནས་གནང་བས་རྒྱལ་བཟང་རྫོང་ཞེས་པ་སོགས་སྔ་ཕྱིའི་འགྱུར་བ་མང་པོ་བྱུང་། དེའི་ཕྱིར། ངང་རྒྱལ་གཙུག་ལག་ཁང་དང་ཕོ་བྲང་རྒྱལ་བཟང་སྨོན་མཁར་གཉིས་གླིང་གཅིག་གི་ནང་དུ་གཏོགས་ནའང་སྔ་ཕྱིར་བྱུང་ཞིང་། གཅིག་ནི་སྔོན་ནས་གཙུག་ལག་ཁང་ངམ་དགེ་འདུན་གྱི་སྡེར་བཏབ་པ་དང་། གཅིག་ཤོས་རྗེས་སུ་རྒྱལ་པོའི་ཕོ་བྲང་དུ་བརྩིགས་པ་ཞིག་ཡིན་ལ། དེ་གཉིས་ལ་བཀའ་སྲུང་ཡང་སོ་སོར་ཡོད། གནས་འདིར་ཞང་གསུམ་ཐོག་པས་བཤད་སྒྲུབ་འཆད་ཉན་གྱི་མཛད་འཕྲིན་མཐའ་ཡས་པ་སྤེལ་བ་མ་ཟད། རྗེས་སུའང་སྐྱེས་ཆེན་དམ་པ་དུ་མས་ཞབས་ཀྱིས་བཅག་ནས་བསྟན་འགྲོའི་དོན་རྒྱ་ཆེར་མཛད། འདིར་འགོས་ལོའི་རྣམ་ཐར་དང་འབྲེལ་རྒྱལ་བཟང་དུ་སྐྱེས་ཆེན་དམ་པ་ཇི་ལྟར་བྱོན་པའི་ཚུལ་མདོར་བསྡུས་ཙམ་བརྗོད་ན།
འགོས་ལོ་ཙཱ་བ་དགུང་ལོ་བཅུ་དྲུག་བཞེས་པ་ཕག་གི་ལོ་ལ་འོན་གྱི་རྒྱལ་བཟང་དུ་གྲྭ་ཚང་ཐམས་ཅད་དང་ཆོས་དབར་ལ་བྱོན་པ་དང་། དེའི་རྗེས་ཡོངས་སུ་གྲགས་པའི་རྒྱ་གར་གྱི་པཎི་ཏ་ཆེན་པོ་ནགས་ཀྱི་རིན་ཆེན་དཔོན་གཡོག་འོན་རྒྱལ་བཟང་དུ་ཕེབས་པའི་ཕྱག་ཕྱི་མཛད་ནས་ཕེབས། གཞན་ཡང་རྒྱལ་བཟང་ལ་གྲུབ་པའི་དབང་ཕྱུག་རྒོད་ཕྲུག་གྲགས་པ་འབྱུང་གནས་ཀྱི་ཞབས་དྲུང་དུ་བཅར་ནས་ཚེ་རིང་མ་མཆེད་ལྔའི་རྗེས་གནང་དང་། ཕག་མོ་གཞུང་དྲུག་གི་སྐོར་མཁན་རིན་རྒྱལ་བའི་ཡིག་ཆའི་སྟེང་ནས་ལེགས་པར་གསན་ཞིང་དེ་ནས་བཟུང་རྒོད་ཕྲུག་གྲགས་པ་འབྱུང་གནས་གཙུག་ཏུ་བཀུར་བ་སོགས་སྐྱེས་ཆེན་དུ་མ་ཞལ་འཛོམས་མཛད་ཅིང་མཛད་འཕྲིན་དུ་མ་བསྐྱངས།
གཙུག་ལག་ཁང་འདིའི་ནང་རྟེན་ཐད་ཡུལ་མིའི་ངག་རྒྱུན་དང་། རྒྱལ་བཟང་རྫོང་དུ་གཏན་སྡོད་གནང་མཁན་རྫོང་དེའི་ལས་དྲུང་ལགས་ཀྱིས་མཐོང་བ་དངོས་ཐོག་ནས་དྲན་ཐོར་བཀོད་པ་གཉིས་ལས། ལས་དྲུང་གི་ཕྱག་བྲིས་སུ་གསལ་བ་ཉིད་ཡོངས་སུ་དག་པར་ངེས། གཙུག་ལག་ཁང་གི་ཞལ་ཤར་ལྟ་འོན་ཆུ་རྒྱུག་ཁུལ་དུ་ཕྱོགས་ཤིང་། ཕོ་བྲང་རྒྱལ་བཟང་སྨོན་མཁར་གྱི་བྱང་ངོས་སུ་གནས། དེར་ཀ་རིང་བརྒྱད། རྟེན་གྱི་གཙོ་བོ་སྨན་འདམ་ལས་གྲུབ་པའི་སངས་རྒྱས་ཀྱི་སྐུ་ཐོག་ཚད་གཉིས་ཙམ་བྱས་པ་བྱོན་ལེགས། གཡས་གཡོན་དུ་བྲག་རི་དང་། གནས་བརྟན་བཅུ་དྲུག་ཐོག་ཚད་མ། དབུས་ཀྱི་གཡས་གཡོན་དུ་བླ་མ་ཞང་དང་ཇོ་བོ་རྗེའི་སྐུ་བརྙན། བསྐལ་པའི་མར་མེ་མཇལ་ཟེར་བའི་ཤར་ལི་ལས་གྲུབ་པའི་མཆོད་རྟེན་ཆེ་བ་གཅིག་དང་། བཀའ་གདམས་མཆོད་རྟེན་པད་ཕུག་མ་ཧ་ལམ་སུམ་ཅུ་སྐོར། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཆ་ཚང་གཅིག མཆོད་ཁང་གི་གཟིམ་སྒོ་ཉིས་གཤིབ་ལྕགས་དཀྲོལ་གསེར་ཚག་མའི་ཤན་དང་། སྒོ་འབོར། ཨ་ལུང་པར་ཀབ། མཛོ་དཀྲི། སྒོ་ལྕགས་ལྡེ་བཅས་ཆ་ཚང་། མདོར་ན་ཀ་རིང་དྲུག ཤར་ལྷོ་བྱང་གསུམ་དུ་གཡབ་ཀ་བ་སོ་དྲུག ཕྱི་སྒོའི་སྟེང་དུ་ལྷ་མོ་ཁང་། སྒོ་ཐོད་དུ་རྟ་གཡག་གི་སྲོབ་ཤིན་ཏུ་ཆེན་པོ་གཉིས་དཔྱངས། ཆུ་གསར་ཡུར་བུ་ཟེར་བ་དེ་ཐོག་མར་གཡག་དེས་བཟོས་པའི་ལོ་རྒྱུས་ལ་བརྟེན་ནས་རྫོང་གཉེར་ཚང་ཕྱག་དེབ་ནང་གཡག་བཟང་ཡུར་བུ་ཞེས་གསལ། ཡང་སྟེང་དུ་གཞལ་ཡས་ལྷ་ཁང་ནང་སྨན་འདམ་ལས་གྲུབ་པའི་བླ་སྐུ་མང་པོ། ཞི་ཁྲོའི་ལྷ་ཚོགས། བཀའ་སྲུང་གཙོ་བོ་མགོན་པོ་ཕྱག་བཞི་པ་དང་། དྲག་ཤུལ་དབང་པོ། དྲག་ཤུལ་དབང་པོར་བཞུགས་ཁྲི་དང་བཞུགས་ཁྲིའི་སྟེང་ན་བཟའ་བསྒྲིགས་གཤོམ། རྒྱ་དངུལ་ལས་གྲུབ་པའི་ཞལ་དཀར་སྟེགས་རང་འགྲིག དེ་བཞིན་དུ་མ་མོ་དང་། གཟའ། དམ་ཅན་གསུམ་གྱི་སྐུ་རྟེན་དང་། གཟའ་ལ་གཏོར་གསོས་འབུལ་རྒྱུའི་གཟའ་སྒམ་སོགས་ཡོད།
ལོ་རེ་སྟར་ཆགས་བཞིན་གཟའ་སྒམ་ལ་སྔགས་འཆང་ནམ་མཁའ་བྱ་རྒྱུད་ནས་མ་གཟའ་དམ་གསུམ་གྱི་སྒོ་ནས་སྒྲུབ་པ་ཚད་ལྡན་དང་འབྲེལ་ཟླ་བཞི་པའི་ཚེས་ཉེར་དགུ་དབང་ཕྱོགས་ཀྱི་མཁའ་འགྲོ་འདུ་བའི་ཉིན་མོར་གཏོར་གསོས་འབུལ་དགོས་ཤིང་། (གཟའ་དེ་ལྟོགས་གཟའ་ཡིན་པར་གྲགས།) སྔར་ནས་གཟའ་སྒམ་དེའི་ནང་གཏོར་གསོས་འབྲུ་སྣ། དར་སྣ། རིན་ཆེན་སྣ་ལྔ་སོགས་ཕུལ་ཏེ་རྫོང་སྐུ་ངོ་དང་ལས་དྲུང་གཉིས། ལྷ་བདག་རྒྱལ་བཟང་གཟིམ་ཁང་ཆོས་རྗེའི་ཚབ་བཅས་ནས་སྒོ་མཛོ་དཀྲི་འབྱར་དར་སྣའི་ལྷས་མོའི་སྟེང་ཐིའུ་(ཐམ་ག)བཀོད་འཇོགས་བྱེད་དགོས། གཟའ་སྒམ་ནང་ལོ་རེའི་གཏོར་གསོས་ཤོང་ཙམ་དང་། ཕྲན་བུའི་ལོ་ཉེས་སོགས་ཀྱི་ཉེན་ཁ་མཆིས་ན་ཕྱེད་ཙམ་བྲིད་ཆག་ཏུ་འགྲོ་བ་རྟགས་མཚན་དུ་རྩི་ ཞིང་། གཏོར་གསོས་ཕུལ་རྗེས་ཟས་བཅུད་ཆེ་རུ་འགྲོ་བ་དང་སེམས་ཅན་ཡང་ཤ་ཤེད་རྒྱས་སུ་འགྲོ་བའི་ཤོད་སྲོལ་ཡོད་ལ་བཟའ་བ་བཅའ་བའི་རིན་གོང་ཡང་བཅོག་དགོས་པའི་གོམས་སྲོལ་ཡོད། དབྱར་དུས་ཀྱི་རྒྱལ་བཟང་རྟ་གསོལ་ཡང་རྒྱལ་བཟང་ཀླུ་བཙན་དང་དྲག་ཤུལ་དབང་པོ་ལ་སོགས་པའི་གནས་དེའི་བཀའ་སྲུང་རྣམས་ཀྱི་གསོལ་མཆོད་ཀྱི་ཆོ་གའི་ཁོངས་སུ་གཏོགས། སྟེང་ཤོད་ཆོས་ཁང་གི་སྐུ་གཉེར་དང་། ལྷ་སྲུང་ཁག་ལ་སྐང་གསོ་འབུལ་མཁན་མགོན་པོ་བ་བཞི་གྲ་སྣེ་གདོང་བན་ཚང་ནས་ཕེབས་དགོས་ཤིང་། བཞི་གྲའི་ཕོག་དང་མཆོད་རྒྱུན་འོན་གཞིས་ཡོངས་སྟེང་ནས་གནང་དགོས་པ་མ་ཟད། གཞིས་སྡོད་གསར་པར་རྩིས་སྤྲོད་སྐབས་དེབ་གསལ་སྐུ་གསུང་ཐུགས་རྟེན་རེ་རེ་བཞིན་རྩིས་བཤེར་མ་དགོས་པར་བན་ཚང་གྲྭ་ཚང་གི་ལས་སྣེས་འགན་ལེན་འགན་འབུལ་ཞུ་དགོས་པ་བཅས་ངང་རྒྱལ་གཙུག་ལག་གི་ཕྱིའི་གཙུག་ལག་ཁང་དང་ནང་གི་སྐུ་གསུང་ཐུགས་རྟེན། ལོ་རེའི་ལྷ་གསོལ་གྱི་མགོན་པོ་བ་དང་སྐུ་གཉེར་ཡོང་ཁུངས་སོགས་སྤྱི་ལོ་ ༡༩༥༩ ལོའི་བར་སྔར་སྲོལ་གཏན་འཇགས་དང་། གོང་པོ་རིའི་གྲོ་སོ་དགོན་པ་ཡང་འོན་རྒྱལ་བཟང་ཆོས་ཁང་གི་ཁོངས་གཏོགས་དགོན་ལག་ཡིན་སྐད། རྒྱལ་བཟང་ལྷ་ཁང་དང་ཕོ་བྲང་རྒྱལ་བཟང་སྨོན་མཁར་གྱི་ཕྱིའི་ཁོར་མོ་ཡུག་ཏུ་ལྕགས་རི་དང་ལྕགས་རིའི་ནུབ་ཀྱི་གསང་སྒོའི་ཕྱི་ལ་བླ་མ་ཞང་གསུམ་ཐོག་པའི་སྐུ་གདུང་བཞུགས་པའི་འབུམ་པ་བཅས་སྔོན་མའི་ངང་རྒྱལ་རྒྱལ་བཟང་ཆོས་ཁང་ངམ། ངང་རྒྱལ་གཙུག་ལག་ཁང་གི་ཚུལ་འདི་ལྟར་དུ་མཆིས་སོ། །
གཉིས་པ། ཕོ་བྲང་རྒྱལ་བཟང་སྨོན་མཁར།
ཕོ་བྲང་རྒྱལ་བཟང་སྨོན་མཁར་ནི་སྤྱི་ལོའི་དུས་རབས་བཅུ་བཞིའི་དུས་མཇུག་གམ་བཅོ་ལྔའི་དུས་མགོ་ཙམ་ལ་ཕག་གྲུའི་རྒྱལ་པོ་ཆེན་པོ་གྲགས་པ་རྒྱལ་མཚན་གྱི་ཕོ་བྲང་དུ་བརྩིགས། ཕོ་བྲང་རྒྱལ་བཟང་སྨོན་མཁར་ལ་རྒྱལ་ཁང་ཡང་ཟེར་ཞིང་དེ་ནི་གནའ་རབས་ཀྱི་མཁར་རྫོང་བཙན་པོ་ཞིག་རེད། དེར་རྒྱལ་ཁང་ཟེར་བ་ནི་རྒྱལ་པོའི་བཞུགས་གནས་སུ་བརྩིགས་པའི་ཁང་པ་ཡིན་པས་ཐ་སྙད་དེ་སྐད་དུ་ཐོགས།
འོན་ཀྱང་མཁར་རྫོང་དེའི་མིང་དངོས་ནི་ཕོ་བྲང་རྒྱལ་བཟང་སྨོན་མཁར་དང་། རྒྱས་པར་བཤད་ན་རྒྱལ་བཟང་སྨོན་མཁར་འཆི་མེད་ཕོ་བྲང་ཞེས་ཟེར་བར་མངོན། འོན་ཀྱང་རྒྱལ་བཟང་རྫོང་གི་ལས་དྲུང་སྐལ་ལྡན་དབང་ཕྱུག་ལགས་ཀྱིས་མཁར་འདི་བླ་མ་ཞང་གི་བླ་བྲང་དང་། བླ་མ་ཞང་ཡང་ཚལ་པའི་བླ་མ་ཞང་ཡིན་ཤག་ལྟར་གསུང་། ཕོ་བྲང་རྒྱལ་བཟང་སྨོན་མཁར་ནི་ཐོག་བརྩེགས་གཉིས་དང་ལྡན་ཞིང་། འོག་ཤོད་ཀ་མད་སུམ་ཅུ་ཐམ་པའི་སྒོ་བྱང་འཁོད་པའི་བཀར་ཁང་ཐོག་ཚད་གཉིས་རེའི་ས། ཞེང་ཚད་ལྕམ་གང་མ་ནར་མོའི་བྲག་ཤུར་སྟར་ཆགས་སུ་ཡོད། དབུས་སུ་ཀ་རིང་བཞི། ཕྱི་སྒོ་ཉིས་གཤིབ་སྒོའི་ཡས་མས་ལྕགས་དཀྲོལ་གསེར་ཚག་ཅན་གྱི་ཤན་བཅས་དང་། སྒོ་འབོར་ཨ་ལུང་། ཕར་བཀབ་སོགས་གནའ་བོའི་བཟོ་རྩལ་ལ་ཧ་ལས་དགོས་པའི་མཛེས་བཀོད་དང་། སྒོ་སྟེང་དུ་རྣམ་སྲས་ནོར་བུའི་བང་མཛོད་ཅེས་པའི་སྒོ་བྱང་གསེར་ཡིག་འབུར་མ་ཡོད་པ་བཀལ་བ་དང་། སྒོའི་སྟེང་ཐོག་ཏུ། སྒོའི་སྟེང་འགྲོའི་སྒོ་སྐས་ཀྱི་སྟེང་དུ་བར་སྒོ་ཤོད་ཀྱི་སྒོ་དབྱིབས་དང་མཐུན་པ་བཟོ་བཀོད་གཅིག་མཚུངས། སྒོ་ཐོད་དུ་རྒྱལ་བཟང་འཆི་མེད་ཕོ་བྲང་ཞེས་པའི་སྒོ་བྱང་གསེར་ཡིག་འབུར་ཐོན་ཡིག་འབྲུའི་སྦོམ་ཚད་མཛུབ་ཆུང་ཙམ་བྱས་པ་དཔྱངས་ཤིང་། ནང་དུ་ཚོམ་ཆེན་ཕུན་ཚོགས་དགའ་འཁྱིལ། ཀ་གདམས་རབ་གསལ་ཕུན་ཚོགས་བདེ་སྐྱིད་དངོས་གྲུབ་སྦུག་སོགས་གཟིམ་ཆུང་དེ་ཚོའི་ནང་ཤར་ལི་ལས་གྲུབ་པའི་སངས་རྒྱས་སུམ་ཅུ་སོ་ལྔ། དེ་བཞིན་གནས་བརྟན་བཅུ་དྲུག རྒྱལ་ཆེན་བཞི། སྦྱིན་བདག་ཧ་ཤང་། རྒྱན་དྲུག་མཆོག་གཉིས། དེ་མིན་བཀའ་གདམས་བླ་རྒྱུད་ཀྱི་སྐུ་བརྙན་མང་པོ། ལི་ལས་བསྐྲུན་པའི་མཆོད་ཀོང་དང་ཆུ་ཏིང་སོགས་མང་པོ་ཡོད། དེ་འབྲེལ་མགྲོན་ཁང་དང་། ལྷན་རྒྱས་ཁང་། གཉེར་ཚང་། གསོལ་ཐབ་འབྲེལ་མཚུངས་ཀྱི་ཁང་པ་མང་པོ་ཡོད། ཡང་སྟེང་དུ་གསེར་ཟངས་ཀྱི་གན་ཇི་ར་དང་། རྒྱལ་མཚན་ཏོག་དང་ལྡན་པ་སོགས་བརྗིད་ཉམས་ཧ་ཅང་ཆེ། ཁོར་ཡུག་ལྕགས་རི་མཐོ་ཞིང་རྒྱ་ཆེ་བ་ཟུར་བཞི་ལ་ལྕོག་ཤུལ་བཞི། ལྕོག་བཞིའི་མིང་དུའང་གཏམ་ཆུ་ལྕོག གཟིམ་ཁང་ལྕོག སུམ་གྲོང་ལྕོག སྣེ་མོར་ལྕོག་ཟེར་ ཞིང་། ལྕགས་རིའི་ནང་ཁོངས་ཁང་པ་མང་ཞིང་དཀར་གཅལ་མཐིལ་རྒྱ་ཁྱོན་ཆེ་བ། དབུས་སུ་བཀའ་སྲུང་ཀླུ་བཙན་གྱི་བཞུགས་ཁྲི་དང་། དར་ཆེན་རིང་པོ་རྒྱལ་མཚན་གསེར་ཟངས་ཀྱི་ཏོག་རང་འགྲིགས། བྱང་ངོས་སུ་བསྟན་མ་བཅུ་གཉིས་ཀྱི་གནས་ཞེས་སྒྲོ་སྡོང་ཡོད་པའི་ར་བ། ལྷོ་ངོས་སུ་རྩི་འཁྲི་ཁང་ཞེས་ཁང་པ་ཉིས་ཐོག་བཟོ་བཀོད་དོད་པ་སྟེང་དུ་གཟིམ་ཆུང་སོགས་ཁང་མིག་བཞི་དང་། ཤོད་དུ་འབྲུ་ཁང་། རྟ་ར་བཅས་ཡོད་པ་ལས་དྲུང་གི་སྡོད་ཤག་རྩིས་ཁྲའི་ཁང་པ་ཡིན། ལྕགས་རིའི་ཤར་དུ་ཕྱི་སྒོ་མེ་ལོང་དང་བཅས་པ། སྒོ་ཐོད་དུ་སེང་གེ་ལྔའི་བརྐོས་ཤུལ་ཡོད་པ། བྱང་དུ་རྩ་ཚིག་རིན་པོ་ཆེ་བཞུགས་ཡུལ། ནུབ་ཕྱོགས་སུ་གསང་སྒོ་བཅས་གཞི་ཁྱོན་ཆེ་ཞིང་རྒྱུ་སྤུས་ལེགས་ལ་གནའ་བོའི་བཟོ་བསྐྲུན་གྱི་བཀོད་པ་རྩེར་སོན་གྱི་ཁྱད་ཆོས་དུ་མས་ཕྱུག་ཅིང་། གོང་མ་ཆེན་པོ་གྲགས་པ་རྒྱལ་མཚན་ནས་བཟུང་ཕག་གྲུའི་རྒྱལ་རབས་རིམ་བྱོན་གྱི་བཞུགས་གནས་མཛད་མྱོང་བ་རེད། སྤྱིར་ཕག་གྲུའི་རྒྱལ་རབས་ལ་བོད་ཀྱི་ལྷ་སྡེ་མི་སྡེ་ཐམས་ཅད་དང་ཆོས་ལུགས་རིས་མེད་ཡོངས་ལ་ཉེ་རིང་མེད་པའི་གཟིགས་སྐྱོང་ཆེན་པོ་གནང་བའི་སྲོལ་བཟང་ཡོད་པས། བོད་ཀྱི་ལོ་རྒྱུས་ཐོག་གྲུབ་མཐའ་རིས་མེད་ཀྱི་སྐྱེས་ཆེན་དམ་པ་ཤིན་ཏུ་མང་པོ་བྱོན་པ་མ་ཟད། ལྷག་པར་རི་བོ་དགེ་ལུགས་པ་གསར་དུ་དབུ་བརྙེས་ཤིང་དར་རྒྱས་ཆེན་པོ་བྱུང་བའང་གོང་མ་ཆེན་པོ་འདི་དག་གི་བཀའ་དྲིན་དང་ཁ་བྲལ་ཐབས་མེད་ལ། འདི་སྐབས་བོད་དུ་གསུང་རབ་པར་སྐྲུན་གྱི་ལག་རྩལ་གསར་གཏོད་ཀྱིས་བོད་ཀྱི་རིག་གནས་དར་རྒྱས་གོང་འཕེལ་གྱི་ལམ་ཡངས་པོར་ཕྱེས། ལྷག་པར་དུ་གོང་མ་གྲགས་པ་རྒྱལ་མཚན་གྱི་སྐུ་དུས་སུ་ཕག་གྲུའི་རྒྱལ་རབས་དར་རྒྱས་ཆེས་ཆེར་བྱུང་བ་དང་བདེ་འཇགས་དུས་བབ་ཧ་ཅང་བཟང་བས། རྒན་མོ་གསེར་ཁུར་གྱི་གཏམ་དཔེ་ཡོངས་སུ་གྲགས་པ་དང་། འབངས་རྣམས་ལ་གསེར་དངུལ་གྱི་རྒྱན་ཆར་དང་དོད་བྱེད་པའི་འཚོ་བའི་རྣམ་པ་ཕུན་སུམ་ཚོགས་ཤིང་། གཙང་ཆེན་དང་ཆུ་བོ་རྣམས་ལ་ཟམ་པ་དང་གྲུ་ཤན་གསར་འཛུགས་སོགས་རྒྱ་ཆེའི་མི་དམངས་ལ་རླབས་ཆེ་བའི་ཕན་བདེ་བསྐྲུན་པ་ལོ་རྒྱུས་དང་གནའ་ཤུལ་གང་སར་གསལ། འོན་ཀྱང་། གོང་མ་ཆེན་པོ་འདི་ལྟ་བུའི་འཕྲིན་ལས་ནི་བདག་ཅག་ལྟ་བུས་ཇི་བཞིན་བརྗོད་པའི་ཡུལ་དུ་ག་ལ་རུང་། དེ་བས་སྐབས་དོན་ལ་འཇུག་པར་བྱ། ཕག་གྲུའི་རྒྱལ་རབས་ལྔ་པ་གོང་མ་ཆེན་པོ་གྲགས་པ་རྒྱལ་མཚན་གྱིས་གདན་དྲངས་ཏེ་རྗེ་རིན་པོ་ཆེ་འོན་བདེ་ཆེན་སྟེང་དུ་ཞབས་སོར་འཁོད་དེ་དབྱར་ཞལ་བཞེས་མཛད་སྐབས་རྒྱལ་བཟང་སྨོན་མཁར་ནས་སྦྱིན་བདག་ཞུས་པ་དང་། རྒྱལ་པོ་འདི་སྤྱི་ལོ་ ༡༤༣༢ རབ་བྱུང་བདུན་པའི་ཆུ་བྱི་ལོར་ཞི་བར་གཤེགས་རྗེས་དགོངས་རྫོགས་སུ་རྒྱལ་རབས་དྲུག་པ་གྲགས་པ་འབྱུང་གནས་ཀྱི་བཀའ་བཀོད་ལྟར་ཕག་གྲུའི་སྲིད་གཞུང་ནས་ཕོ་བྲང་རྒྱལ་བཟང་སྨོན་མཁར་དུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་གསར་བཞེངས་གནང་ཞིང་ཞུ་དག་གི་དཔོན་ལ་གོང་མ་ཆེན་པོ་གྲགས་པ་འབྱུང་གནས་ཀྱི་དབུ་བླ་འགོས་ལོ་གཞོན་ནུ་དཔལ་གྱིས་གཙོ་མཛད་པའི་སྐྱེས་ཆེན་མང་པོ་བྱོན། དེ་རྗེས་རྒྱལ་རབས་བདུན་དབང་ཀུན་དགའ་ལེགས་པའི་སྐུ་དུས་སུ་གདན་སའི་སྤྱན་སྔ་ངག་གི་དབང་པོ་དགུང་ལོ་ཉི་ཤུ་སྤྱི་ལོ་ ༡༤༥༨ ས་སྟག་ལ་སྤྱན་སྔའི་གོ་ས་ནས་བཤོལ་ཏེ་ལོ་ངོ་བཅུ་དྲུག་ཙམ་རིང་ཚོང་འདུས་བྲག་ཁ་དང་ཕོ་བྲང་རྒྱལ་བཟང་སྨོན་མཁར་དུ་བཞུགས། དེ་རྗེས་དགུད་ལོ་ཞེ་གསུམ་སྤྱི་ལོ་ ༡༤༨༡ ལྕགས་གླང་ལ་ཕག་གྲུའི་རྒྱལ་ཐོག་གི་ཁྲི་ལ་ཕེབས། ཡང་ཕག་གྲུའི་རྒྱལ་ཐོག་དགུ་པ་ངག་དབང་བཀྲ་ཤིས་གྲགས་པ་རྒྱལ་ཐོག་ཏུ་བཞུགས་མུས་སུ་སྐྱིད་ཤོད་པ། ཡར་རྒྱབ་པ། གོང་དཀར་བ་སོགས་སྡེ་ཕྲན་མང་པོས་ཁྲི་ཐོག་ནས་རྒྱལ་བཟང་དུ་གདན་དྲངས་ཏེ་ཕོ་བྲང་རྒྱལ་བཟང་སྨོན་མཁར་དུ་བཞུགས། དེའི་ཚབ་ལ་ཞབས་དྲུང་ངག་དབང་གྲགས་པ་སྡེ་སྲིད་ཀྱི་ཁྲི་ལ་བཀོད་ཀྱང་རིང་པོར་མ་ཐོགས་པར་ངག་དབང་བཀྲ་ཤིས་གྲགས་པ་སླར་ཡང་ཕག་གྲུའི་ཁྲི་ཐོག་ཏུ་ཕེབས་པ་སོགས་ཕོ་བྲང་འདིར་གོང་མ་རིམ་བྱོན་གྱི་ཆོས་སྲིད་ཀྱི་དོན་ཆེན་མང་པོ་མཛད། སྔོན་དུས་རྣམ་དཀར་དགེ་སྒྲུབ་ཀྱི་མཛད་འཕྲིན་རྒྱས་ཤིང་བརྗིད་ཉམས་ཤིན་ཏུ་ཆེ་བའི་ཚུལ་དེ་ལྟར་ནའང་། ཕྱིས་སུ་འོན་བྲག་ཁ་རྫོང་སྡོད་ཀྱིས་གཞུང་ལས་ཁང་བྱས་པས་རྒྱལ་བཟང་རྫོང་ཟེར་བ་དང་། མཁར་རྫོང་ཡང་རྦད་དེ་ཞིག་རལ་དུ་མ་སོང་ཙམ་གྱི་སྲུང་སྐྱོབ་བྱུང་ནའང་བསྐྱར་གསོ་མ་ཐུབ་སྟབས་ཁང་རྙིང་བཟོ་དབྱིབས་ཙམ་ལས་ཕྱོགས་གང་ས་ནས་ཉམས་རྒུད་དུ་སོང་བའི་གོག་གཅོང་ཤིན་ཏུ་ཆེ་བར་བརྟེན། མི་སེར་ནས་ལོ་སྟར་ཉམས་གསོ་ཞུ་དགོས་པའི་གཞུང་རྒྱུག་ཁག་གི་གཉའ་གནོན་ལྟ་བུར་འགྱུར་བ་དང་། ལས་སྤྱོད་ཞན་པའི་སྐྱེ་བོ་དྲག་བཅུན་བྱེད་སའི་ཁྲིམས་ཁང་ཞིག་ཏུ་འགྱུར་ཞིང་། སྤྱི་ལོ ༡༩༥༩ ལོའི་རྗེས་ནས་ངང་རྒྱལ་གཙུག་ལག་ཁང་དང་ཕོ་བྲང་རྒྱལ་བཟང་སྨོན་མཁར་རིམ་པས་བཤིག་རལ་བཏང་ནས་རྩ་མེད་དུ་འགྱུར། །
གསུམ་པ། རྒྱལ་བཟང་སྐག་འབུམ་པ།
རྒྱལ་བཟང་འབུམ་པ་ཆེའམ་རྒྱལ་བཟང་སྐག་འབུམ་པ་ནི་རྒྱལ་བཟང་ལྕགས་རིའི་ཕྱི་རོལ་ནུབ་ངོས་སུ་ཡོད། འབུམ་པ་འདིར་སྐག་འབུམ་པ་ཟེར་བ་ནི་འདི་མི་རྣམས་ཀྱི་ལོ་སྐེག་དང་ཟླ་སྐེག་སོགས་ཀྱི་བར་ཆད་སེལ་ཆེད་དུ་བཏབ་པས། སྐག་འབུམ་པ་ཞེས་པའི་མཚན་ཐོགས་པར་གྲགས། ཡུལ་མིའི་ངག་ཏུ་སྐེག་ལ་སྐག་ཞེས་ཟེར། རྒྱལ་བཟང་སྐག་འབུམ་པ་བླ་མ་ཞང་གི་གདུང་རྟེན་ཡིན་པ་ལས་དྲུང་གི་ཕྱག་བྲིས་སུ་གསལ། ངག་རྒྱུན་ཡོངས་གྲགས་སུ་འོན་སེ་གསེབ་ཏུ་གནས་ཆེན་ཙ་རི་ཆགས་པའི་རྟེན་དུ་རྒྱ་གར་ཤར་ལི་ལས་གྲུབ་པའི་མཆོད་རྟེན་ལྔ་ནམ་མཁའ་ནས་འཕུར་ཕེབས་པ་ལས་མཆོད་རྟེན་གསུམ་སེ་གསེབ་ཏུ་ཕེབས་ཐུབ་ནའང་བཞི་པ་དང་ལྔ་པ་གཉིས་སྔ་རྗེས་སུ་འཕུར་ཕེབས་པའི་ཚེ་ལས་མ་དག་པའི་བུད་མེད་ཅིག་གིས་མཐོང་ནས་སེ་གསེབ་ཏུ་ཕེབས་མ་ཐུབ་པར་སྔ་མ་རྒྱལ་བཟང་དུ་ཟགས་པ་ལ་བརྟེན་ནས་རྒྱལ་བཟང་འབུམ་པ་ཆེའམ་སྐག་འབུམ་པ་འདི་བཞེངས་པར་གྲགས། ཕྱི་མ་བྱིན་འཕགས་མདོར་ཟགས། རྒྱལ་བཟང་འབུམ་པ་ཆེ་གཞི་རྒྱ་ཧ་ཅང་ཆེ་ཞིང་རྒྱ་ཁྱོན་ལ་རྨིད་ངོས་གྲུ་ ༣༤༣༢༥ ཙམ་ཡོད། འབུམ་པའི་བཟོ་ལྟ་སྔོན་གྱི་ཡིག་ཐོག་ཏུ་འཁོད་པ་མ་མཇལ་ཞིང་། སྐབས་དེ་དུས་འབུམ་པ་མཇལ་མྱོང་བའི་ཡུལ་མིའི་གསུང་སྒྲོས་ཀྱང་དེ་ཙམ་གྱི་གསལ་པོ་མི་འདུག་ནའང་། དྲན་ལམ་དུ་ཅུང་ཟད་གསལ་བར་གཞིགས་ན་བང་རིམ་བཞི་ཅན་གྱི་མཆོད་རྟེན་དག་དང་མི་འདྲ་བར་འོག་ཏུ་སྟེགས་གྲུ་བཞི་པའི་སྟེང་བང་རིམ་གྲུ་བཞི་པ་ཞིབ་མོ་མང་པོ་དང་དེའི་སྟེང་བུམ་པ་ཟླུམ་པོ་རྩ་བ་རྒྱ་ཆེ་ཞིང་རྩེ་མོ་རིམ་གྱིས་ཟུམ་པའི་འཇོལ་ལེ་འཇོལ་ལེའི་རྣམ་པ་ཅན་དེའི་སྟེང་བུའི་ཆོས་འཁོར་བཅུ་གསུམ་ཡོད་པ། འབུམ་པའི་ངོས་རྣམས་སུ་རྩྭ་ཕྲན་མང་དུ་སྐྱེས་པར་ཕྱུགས་རྫི་བས་ར་ལུག་འཚོ་བ་སོགས་བྱེད་ཅིང་། འབུམ་པའི་ལྷོ་ངོས་ཀྱི་སྡིངས་ཆའི་ཁར་བྱ་སྐྱིབ་ཀ་བ་གཉིས་ཙམ་བྱས་པ་དེར་ཡོང་ཁུངས་གསལ་པོ་མི་འདུག་ཀྱང་དགེ་འདུན་པས་ཞབས་བརྟན་གནང་བར་ཕེབས་ཀྱི་ཡོད་སྐད།
རང་རེའི་ཡུལ་དུ་འབུམ་པ་དང་མཆོད་རྟེན་ཞེས་མཚན་བརྗོད་སྲོལ་མི་འདྲ་ནའང་། འབུམ་པ་ནི་མཆོད་རྟེན་གྱི་ཁོངས་སུ་གཏོགས་ཤིང་། འབུམ་པ་ཞེས་པའི་མཚན་ཐོགས་པའི་རྟེན་ནི་རྟེན་སྔ་གྲས་སུ་གྱུར་པ་ཤ་སྟག་རེད། ཡུལ་འདི་ཁུལ་གྱི་འབུམ་པ་འགའ་ཞིག་ལ་འོག་ཏུ་རྨང་གྲུ་བཞི་པ་གཅིག་གི་སྟེང་རྩ་བ་རྒྱ་ཆེ་ཞིང་རྩེ་མོ་རིམ་པར་ཟུམ་པའི་བུམ་པའི་རྣམ་པ་ཡོད་ཚུལ་རྒན་རབས་ཚོར་གསུང་རྒྱུ་ཡོད། འོན་ཀྱང་དེ་ནི་འབུམ་པ་དེ་དག་སྤྱི་ལོ་ ༡༩༥༩ ལོའི་གོང་ནས་ཉམས་ཆག་ཏུ་སོང་ཟིན་པས་བང་རིམ་དང་བུམ་པའི་རྣམ་པ་མི་གསལ་བས་ཡིན་མིན་བརྗོད་པར་དཀའ། སྤྱིར་བཙན་པོའི་དུས་ཀྱི་གནའ་བོའི་བྲག་བརྐོས་རི་མོ་འགའ་ཞིག་ལ་མཆོད་རྟེན་བང་རིམ་གཅིག་ལས་མེད་པའང་ཡོད་ལ། བསྟན་པ་ཕྱི་དར་དབུ་ཚུགས་མ་ཐག་པའི་སྐབས་སུ་བཞེངས་པའི་འཕྱོངས་རྒྱས་ཐང་པོ་ཆེར་བང་རིམ་གཅིག་ལས་མེད་པའི་གནའ་བོའི་མཆོད་རྟེན་མཇལ་དུ་ཡོད་པ་བཞིན། འདི་ཁུལ་གྱི་འབུམ་པ་འགའ་ཞིག་གནའ་དུས་ཀྱི་བང་རིམ་གཅིག་ལས་མེད་པའི་འབུམ་པ་བཞེངས་ལུགས་སུ་བྱས་པའང་སྲིད། འབུམ་པ་ཞེས་པ་ནི་ས་རྡོ་བྱུར་བུར་སྤུངས་པའི་འབུར་གཟུགས་ཅན་གྱི་དབྱིབས་ལས་ཐོགས་སྲིད་པའི་དཔྱད་གཞི་ཡོད་དེ། གྲུབ་ཆེན་ཐང་སྟོང་རྒྱལ་པོས་བསྐྲུན་པའི་ལྕགས་ཟམ་གྱི་ལྕགས་ཐག་འདོགས་ཆེད་དུ་བསྐྲུན་པའི་ཆུ་དཀྱིལ་གྱི་རྡོ་ཕུང་ལ་ཟམ་འབུམ་ཞེས་ཟེར་བ་དང་། ཡང་། མ་ཎིའི་བརྐོས་རྡོ་བྱུར་བུར་སྤུངས་པ་ལ་མ་ཎི་རྡོ་འབུམ་ཟེར་བ་ལྟ་བུ་རེད། ཤོད་སྲོལ་འགའ་ཞིག་ལ་མཆོད་རྟེན་དེ་དག་གི་ནང་གཞུག་ཏུ་ཚ་ཚ་འབུམ་ཕྲག་བཞུགས་སུ་གསོལ་བས་འབུམ་པ་ཞེས་པའི་མཚན་ཐོགས་ཞེས་ཀྱང་ཟེར། རྒྱལ་ཁམས་རིགས་པས་བསྐོར་བའི་གསེར་གྱི་ཐང་མ་རུ། དེ་ཡང་། འདི་ལྟར། རང་རེའི་མཆོད་རྟེན་ལ་ཡང་བོན་གྱི་དམུ་མཁར་བང་རིམ་ཅན་གྱི་རྩེ་མོ་ལ་གཡག་རྭ་གཉིས་དེའི་བར་དུ་མཁར་དཀར་གོང་བཞག་པ་དེའི་སྲོལ་མང་དུ་འབྲེལ་བར་སེམས། མཆོད་རྟེན་གྱི་ཐིག་ཚད་རང་རེ་ལ་གྲགས་པ་འདི་ཡང་རྒྱ་གར་བའི་སྲོལ་ཡིན་མིན་ད་དུང་ཡང་རྒྱ་གར་ན་མཆོད་རྟེན་ཞིག་རལ་དུ་སོང་བ་དང་མ་སོང་བ་འབུམ་ཕྲག་ལས་ལྷག་པ་མཆིས་པས་དེའི་ཁྲོད་ན་རང་རེའི་མཆོད་རྟེན་གྱི་དབྱིབས་ཅན་གཅིག་ཀྱང་མེད་པ་བལྟས་ན་ཤེས་ཞེས་གསུངས་པ་ལྟར། བོད་ཀྱི་མཆོད་རྟེན་གྱི་བཟོ་དབྱིབས་དང་ཐ་སྙད་ལ་བོད་ཀྱི་སྣོད་བཅུད་རིག་གནས་སོགས་དང་འབྲེལ་བའི་དམིགས་བསལ་གྱི་ཁྱད་ཆོས་ཡོད་པར་ངེས། རྒྱལ་བཟང་གི་སྐག་འབུམ་པར་སྤྱི་ལོ ༡༩༥༩ ལོའི་རྗེས་གཏོར་བཤིག་ཐེབ་ནའང་། སྤྱི་ལོ་ཆིག་སྟོང་དགུ་བརྒྱ་དགུ་བཅུའི་ནང་ཏང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་ལ་བརྟེན་ནས་ཡུལ་སྤྱིས་མ་བསྐུལ་དང་བླངས་ཀྱིས་རྒྱུ་འགྲོ་ངལ་ནུས་ཆ་ཚང་ཚགས་ཆུད་ཐོག་ཡུལ་མིའི་རེ་བ་བཞིན་རྗེ་བཙུན་ཐོགས་མེད་བསྟན་སྐྱོང་མཆོག་གིས་གཙོ་འགན་བཞེས་ཏེ་གཞི་ཁྱོན་རྨིད་ངོས་གྲུ ༣༤༢༢༥ ཙམ་གྱི་མཆོད་རྟེན་ཉམས་གསོ་གང་ལེགས་གནང་། རྗེས་སུ་གསེར་ཟངས་ཀྱི་ཆོས་འཁོར་བཅུ་གསུམ་གསར་བརྗེས་ཀྱིས་ད་ལྟ་ཡུལ་འདིའི་ཕྱག་མཆོད་ཀྱི་རྟེན་དུ་བཞུགས་སོ། །
རྩོམ་སྒྲིག་འགན་འཁུར་བ། ཕུན་ཚོགས་ཡོན་ཏན།
༼བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག༽༢༠༢༣ལོའི་དུས་དེབ་གཉིས་པ་ནས་དྲངས།
རྩོམ་པ་པོའི་ངོ་སྤྲོད།
སྤེན་པ། ༡༩༧༡ ལོར་ལྷོ་ཁ་སྣེ་གདོང་དུ་སྐྱེས། སློབ་ཆུང་ཐོན། རྗེས་སུ་བཀྲ་ཤིས་དོ་ཁ་དགོན་དུ་ཞུགས་བསྡུས་གྲྭ་དང་བློ་རྟགས་སོགས་ཚད་མའི་གཞུང་ལ་སློབ་གཉེར་བྱས། ༢༠༠༡ ལོ་ནས་དཔལ་ལྡན་འབྲས་སྤུངས་དགོན་དུ་ལོ་གསུམ་ལྷག་གཞུང་ཆེན་ཁག་ལ་སློབ་གཉེར་བྱེད་སྐལ་ཐོབ། སྔ་ཕྱིར་བོད་ལྗོངས་ནང་བསྟན་དང་། ལྷོ་ཁའི་རྩོམ་རིག་སྒྱུ་རྩལ། བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག་སོགས་སུ་བརྩམས་ཆོས་འགའ་སྤེལ། ༢༠༡༦ ལོར་གངས་ཅན་བོད་ཀྱི་ཤེས་རིག་རྒྱ་མཚོར་ཕུལ་བའི་ཡིག་གསར་ཆུ་ཐིགས་ཕྲེང་བ་པར་བསྐྲུན་འགྲེམ་སྤེལ་བྱས། ༢༠༢༠ ལོར་ལྷོ་ཁའི་འོན་མོ་ཀླུང་རིང་གི་ཡུལ་བཤད་ལས་འཕྲོས་ཏེ་བོན་དང་བོད་ཀྱི་བཙན་པོའི་འབྱུང་ཁུངས་སྐོར་གླེང་བ་ཞེས་པའི་དཔེ་དེབ་པར་བསྐྲུན་འགྲེམ་སྤེལ་བྱས། ཆབས་ཅིག་འོན་སྣ་ནམ་རྡོ་རྐོས་ལག་རྩལ་རྒྱུད་འཛིན་དང་། རང་དགོན་དུ་སློབ་ཁྲིད་དང་སློབ་གཉེར་བྱེད་མུས་སུ་མཆིས།

བརྒྱུད་སྐུལ།

མཆན་སྤེལ།