༄༅། །ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་རྣམ་ཐར་བསྡུས་པ་ཐོས་པ་དོན་ལྡན་དང་འབྲེལ་བའི་སྙིང་པོ་རྡོ་རྗེ་སྒྲ་དབྱངས་ཀྱི་ཕྲེང་བ་ཅེས་བྱ་བ་བཞུགས་སོ།།
༄༅། །ཨོཾ་ཨཱཿཧཱུྃྃ་བཛྲ་གུ་རུ་པདྨ་སིངྔྷི་ཧཱུྃྃ༌། ཕྱོགས་དུས་རྒྱལ་བ་ཐམས་ཅད་ཀྱི་སྤྱི་གཟུགས། སྐལ་བཟང་སངས་རྒྱས་སྟོང་གི་ཕྲིན་ལས། སངས་རྒྱས་སྣང་བ་མཐའ་ཡས་ཀྱི་དངོས་སྤྲུལ། མཆོག་གསུམ་རྩ་གསུམ་རྒྱ་མཚོའི་བདག་ཉིད། རབ་འབྱམས་དཀྱིལ་འཁོར་ཡོངས་ཀྱི་སྤྱི་དཔལ། སྙིགས་དུས་འགྲོ་བ་ཡོངས་ཀྱི་དཔལ་མགོན།
རྒྱ་བོད་གྲུབ་རིགས་འཛིན་པ་ཐམས་ཅད་ཀྱི་གཙུག་རྒྱན། སྐྱབས་གནས་ཀུན་འདུས་ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས། སྐུ་གཅིག་ལ་མཚན་གྱི་རྣམས་གྲངས་དང་མཛད་པ་གྲངས་ལས་འདས་པ། དྲན་པ་ཙམ་གྱིས་སྡུག་བསྔལ་ཞི་བ། གསོལ་བ་བཏབ་པས་ཚེ་བསོད་རྒྱས་པ། མོས་པས་རང་སྣང་དབང་དུ་འདུ་བ། མཚན་ནས་བརྗོད་པ་ཙམ་གྱིས་དྲེགས་ཚོགས་གདུག་པ་ཅན་རྣམས་ཚར་གཅོད་ཅིང་བྱང་ཆུབ་ཀྱི་སེམས་དང་ལྡན་པར་བྱེད་པའི་ཨོ་རྒྱན་ཆེན་པོའི་མཚན་ཐོས་པ་ཙམ་ཡང་སྐལ་བ་བཟང་པོར་གྱུར་བ་ཡིན་པས། སྤྲོ་དགའ་ཁྱད་པར་ཅན་གྱི་སྒོ་ནས། སྙིང་པོ་ཐོས་པས་གྲོལ་བ་རྡོ་རྗེ་སྒྲ་དབྱངས་འགྱུར་ཁུག་སྙན་པ་པཱི་ཝཾ་གི་རྒྱུད་ཀྱི་རྟ་ལ་དྲངས་ཏེ་མང་པོའི་ཁྲོད་དུ་ཛབ་འུར་སྐབས་དབྱངས་རིང་ཞིག་གསུང་བར་ཞུ་ཅེས་བརྡ་སྦྱར། གཅིག་པུར་གྲངས་བསོགས་དང་ཁ་འདོན་སྐབས། རྟ་ལ་དྲངས་ཏེ་ཞེས་བླ་མ་སྐུ་གསུམ་དྲན་པའི་ཆེད་དུ། ཨོཾ་ཨཱ༔ཧཱུྃྃ་བཛྲ་གུ་རུ་པདྨ་སིངྔྷི་ཧཱུྃྃ། ཨོཾ་ཨཱ༔ཧཱུྃྃ་བཛྲ་གུ་རུ་པདྨ་སིངྔྷི་ཧཱུྃྃ༌། ཨོཾ་ཨཱཿཧཱུྃྃ་བཛྲ་གུ་རུ་པདྨ་སིངྔྷི་ཧཱུྃྃ། ཞེས་དང༌། ཤྭ་ལོ་ཀ་རེ་རེའི་མཚམས་རྣམས་སུ་གཉིས་གཉིས་ཟུང་འཇུག་བརྡར་ལན་གཉིས་རེ་བགྲང༌། ཨེ་མ་ཧོ༔ དུས་གསུམ་རྒྱལ་བ་ཀུན་དངོས་ཨོ་རྒྱན་རྗེ༔ ལྷོ་ནུབ་སིདྷནུ་རྒྱ་མཚོ་རོལ་བའི་གླིང༔ ངོ་མཚར་པད་སྡོང་རྩེ་རུ་ཐོལ་གྱིས་བབས༔ མ་ཚོགས་རིག་འཛིན་མཁའ་འགྲོས་མངའ་གསོལ་མཛད༔ ཨིདྲན་བྷུ་ཏིས་རྙེད་དེ་རྒྱལ་སྲིད་ཕུལ༔ ལོ་ལྔར་བཞུགས་ནས་ཐབས་མཁས་བརྟུལ་ཞུགས་ཀྱིས༔ འཁོར་བའི་བྱ་བ་ཆོས་དང་མི་མཐུན་པར༔ རྒྱལ་སྲིད་མ་རུང་གཟིགས་ཏེ་སྤངས་པར་མཛད༔ གནས་ཡུལ་དུར་ཁྲོད་འཇིགས་རུང་སོ་སོར་གཤེགས༔ སྤྱོད་པ་སྐྱོང་ཚེ་མ་ཚོགས་དབང་དུ་སྡུད༔ ཡེ་ཤེས་མཁའ་འགྲོས་དབང་བསྐུར་བྱིན་གྱིས་རླབས༔ ཚོགས་རྗེ་ཚོགས་ཀྱི་མཆོག་ཏུ་མངའ་དབང་གསོལ༔ རྒྱ་གར་ཤར་ནུབ་མཁས་གྲུབ་ཐམས་ཅད་ཀྱི༔ ཞབས་ལ་བཏུད་ནས་ཆོས་ཀྱི་གསན་སྦྱངས་མཛད༔ ཕྱི་ནང་གསང་བའི་ཆོས་རྣམས་ཐུགས་སུ་ཆུད༔ ལྷ་ཚོགས་མ་ལུས་ཞལ་གཟིགས་དངོས་གྲུབ་བརྙེས༔ སླར་ཡང་རྒྱལ་པོའི་ཁབ་ཏུ་གཤེགས་ནས་སུ༔ གསང་སྔགས་དལ་ཕྱེས་དབང་སྐུར་ཆོས་གསུངས་ཚེ༔ ཨིདྲན་བྷུ་ཏི་ཚོམ་བུ་འབུམ་དང་བཅས༔ གྲུབ་བརྙེས་མཁའ་སྤྱོད་གནས་སུ་བྱ་ལྟར་གཤེགས༔ དེ་ཚེ་མཁའ་འགྲོས་ལུང་བསྟན་བསིལ་ཚལ་གཤེགས༔ ཤྲཱི་སིངྷའི་དྲུང་དུ་ཉེར་ལྔར་བཞུགས༔ རྫོགས་པ་ཆེན་པོའི་ཆོས་རྣམས་ཐུགས་སུ་ཆུད༔ དགའ་བའི་ཚལ་དུ་ཟུང་འཇུག་འཕོ་ཆེན་གྲུབ༔ རྒྱལ་པོ་ངྷརྨ་པཱ་ལའི་མཆོད་གནས་སུ༔ ཉིན་པར་ཕོ་བྲང་ནང་བཞུགས་ཆོས་གསུངས་ནས༔ མཚན་མོ་མཁའ་འགྲོ་འབུམ་དང་ལྷན་ཅིག་ཏུ༔ དུར་ཁྲོད་ཀུན་ཏུ་སྨིན་གྲོལ་དགའ་སྟོན་འགྱེད༔ དེ་ཚེ་པྲེ་ཏ་བོད་ཡུལ་མུན་གླིང་དུ༔ འཇམ་དཔལ་སྤྲུལ་པ་ཁྲི་སྲོང་ལྡེའུ་བཙན་གྱིས༔ དམ་པ་ཆོས་ཀྱི་སྒྲོན་མེ་བཙུགས་དགོངས་ཏེ༔ ཟ་ཧོར་མཁན་པོ་སྤྱན་དྲངས་མེ་གླང་ལོར༔ བསམ་ཡས་རྨང་བཏིང་ལྷ་སྲིན་ཐོ་བརྩམས་ནས༔ ཅི་ལྟར་བྱས་ཀྱང་མ་འགྲུབ་བཤོལ་བའི་ཚེ༔ མཁན་པོས་ལུང་བསྟན་ཨོ་རྒྱན་སྤྱན་འདྲེན་བཏང་༔ སྨོན་ལམ་དབང་གིས་གདུལ་བྱའི་དོན་ལ་བྱོན༔ བོན་སྐྱོང་བརྟན་མ་མུ་ཛཉ་མེད་ལ་སོགས༔ ལམ་བར་དྲེགས་ཚོགས་བྲེད་བསྔངས་དམ་ལ་བཞག༔ མཁར་བས་རི་བསྒྱེལ་མང་ཡུལ་རི་བོ་སྤོས༔ ལྷ་ཆུ་དྲངས་སོགས་མཆོག་གི་རྫུ་འཕྲུལ་བསྟན༔ བསམ་ཡས་ཆགས་ཕེབས་ཐུགས་དམ་སྦྱིན་བསྲེགས་མཛད༔ ལྷ་སྲིན་སྡེ་བརྒྱད་གང་འདུལ་ཐབས་ཀྱིས་བཏུལ༔ མངའ་འོག་བསྡུས་ནས་བྲན་དུ་ཁས་བླངས་ཏེ༔ གཙུག་ལག་འགྲུབ་པའི་གྲོགས་ཀྱི་བཀའ་བསྒོ་མཛད༔ ས་ཕོ་སྟག་ལོར་རྨིང་བཏིང་ལྷ་ཀླུ་མིས༔ དལ་མེད་བསྒྲུབས་པས་རྟེན་དང་བརྟེན་པར་བཅས༔ ཆུ་ཕོ་རྟ་ལ་ལེགས་གྲུབ་རབ་གནས་མཛད༔ བོད་ཡུལ་བདེ་སྐྱིད་ཉི་མ་གསལ་ཞིང་འབར༔ ཡོན་མཆོད་བཀའ་བགྲོས་ལོ་ཙཱ་རྒྱ་གར་བརྫངས༔ ལོ་པཎ་དུ་མ་སྤྱན་དྲངས་མདོ་རྒྱུད་བསྒྱུར༔ ཉན་བཤད་ཆོས་ཀྱི་སྒོ་ཕྱེས་གཏན་ལ་དབབ༔ ས་སྟེང་ཆོས་ཀྱིས་གང་བའི་བཀའ་དྲིན་མཛད༔ ཁྱད་པར་གསང་སྔགས་ཕྱི་ནང་རྒྱུད་རྣམས་དང༔ རྫོགས་ཆེན་ཕྱི་ནང་གསང་སྐོར་ལ་སོགས་ཀུན༔ སློབ་དཔོན་ཆེན་པོས་སྒྲ་རྣམས་རང་འགྱུར་མཛད༔ བདུད་སྤྲུལ་འབྱུང་དོགས་དགོངས་ནས་གཏེར་སྦས་བརྩམས༔ བྲི་གཞི་ཟིན་བུ་ར་དང་སྤོས་སི་ལའི༔ བར་ཤུན་དག་དང་ཚོས་བསྒྱུར་ཤོག་བུ་ལ༔ རིན་ཆེན་སྣ་ཚོགས་བཟང་སྣག་འཕྲུལ་ཡིག་རྫས༔ རྐྱང་ནུལ་ལེགས་ཤིང་མདངས་བཀྲག་ལྡན་པ་ཡིས༔ ཡིག་མཁན་མགྱོགས་པ་ཕུལ་ཕྱིན་ནམ་མཁའི་སྙིང་པོ་དག་པ་སྐ་བ་དཔལ་བརྩེགས་སྐྱེན་པ་ཨ་ཙར་དབྱངས་གཙང་བ་ལྕོགས་རོ་ཀླུའི་རྒྱལ་མཚན་དག་མགྱོགས་སྐྱེན་༔པ་ལྡན་མ་རྩེ་མང༌། སྒྲ་མཁས་གཡུ་སྒྲ་སྙིང་པོ་ཀློང་རྡོལ་བཻ་རོ་ཙཱ་ན་མི་བརྗེད་གཟུངས་ཐོབ་ཡེ་ཤེས་མཚོ་རྒྱལ་བརྒྱད༔ གཞན་ཡང་རྗེ་འབངས་ཉེར་ལྔ་མཆན་བུ་བཅས༔ ལོ་ཙཱ་ཡིག་མཁན་དུ་མ་ལྷན་ཅིག་འཚོགས༔ རྒྱ་བོད་བལ་པོ་མཁའ་འགྲོའི་ཡིག་རིགས་དང༔ ལྕགས་ཀྱུ་རིང་ཐུང་འཕྲུ་དང་འབྲུ་ཚ་ལྗིབས༔ ཁོང་སེང་ཁྲི་ཉལ་རྐང་པ་རིང་ཐུང་དང༔ ཚགས་འཕྲོག་ཤད་ཐིག་ཅན་སོགས་བརྡ་རིས་བྲིས༔ ཐུགས་སྒྲུབ་བྱེ་བ་སྙིང་ཐིག་ཁྲི་ཕྲག་དང༔ རྒྱུད་ལུང་མན་ངག་ཟབ་རྒྱས་དུ་མ་བཅས༔ འབྲེལ་བཞི་དང་ལྡན་སྣ་ཚོགས་སྒྲོམ་བུར་བཅུག༔ ཁ་བྱང་ཡང་བྱང་སྙིང་བྱང་ཕྱག་རྒྱས་བཏབ༔ གཏེར་གནས་བོད་ཡུལ་མཐའ་དབུས་རིས་མེད་པར༔ གཏེར་བདག་བཟང་བཙན་ས་ཆུ་ཤིང་བྲག་ལོགས༔ གཙུག་ལག་མཆོད་རྟེན་རྣམས་སུ་འབྱུང་ལྔ་དང༔ མཐོང་རེག་འགྲིམ་དུག་སོགས་ཀྱིས་རྒྱས་བཏབ་སྦས༔ གཏེར་སྲུང་འདས་དང་མ་འདས་ཕོ་མོ་དང༔ མ་ནིང་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང༔ དྲེགས་བྱེད་སྲོག་བདག་སྒྲོལ་གིང་ཚོགས་ལ་གཏད༔ ལེགས་ཉེས་ཤན་འབྱེད་དམ་བསྒྲགས་གཉེར་དུ་བསྐོས༔ ཐུབ་བསྟན་མར་འགྲིབས་ལྔ་བདོ་ཆེར་སྙིགས་དུས༔ མདོ་སྔགས་བསྟན་པ་འཆལ་འཆོལ་སྤྱོད་པའི་དུས༔ སྔགས་པ་དམ་མེད་གྲོང་ཆོག་བོན་གྱེར་དུས༔ གྲུབ་རྫུན་མང་པོའི་མི་མགོ་བསྐོར་བའི་དུས༔ གཏེར་རྫུན་ཁྲམ་པས་ས་བཅུད་སྟོར་བའི་དུས༔ རྩ་རླུང་འཁྲུགས་པས་བསྟན་བཅོས་མང་བའི་དུས༔ ཡུལ་འཁྲུགས་སྡེ་འཁྲུགས་ཕ་སྤུན་ནང་འཁྲུགས་དུས༔ བཟའ་མི་ནང་འཁྲུགས་དམེ་གྱོད་མཁོན་ཚོལ་དུས༔ བཙུན་པ་ཕོ་མོས་འདུལ་ཁྲིམས་མི་བསྲུང་དུས༔ སྐྱེ་བོས་མནའ་ཟ་དཀོན་མཆོག་མི་རྩི་དུས༔ ཡ་རབས་སྤྱོད་ཉམས་ངན་སྤྱོད་སྣ་ཚོགས་དར༔ གཏམ་དང་ཆ་ལུགས་ཡ་མ་ཟུང་དུ་འབྱུང༔ སློབ་དཔོན་མཆེད་ལྕམ་ནང་འཁྲུགས་དགྲར་ལངས་དུས༔ གསང་སྔགས་ཆོ་ག་ནོར་ཕྱིར་བཙོང་བའི་དུས༔ བཟང་བརྫུས་བདུད་སྤྲུལ་ས་སྟེང་ཁྱབ་པའི་དུས། བཟང་ངན་འདྲེས་མ་ལ་ཤན་མི་འབྱེད་དུས༔ གསང་སྔགས་ཆོ་ག་གཞུང་བཞིན་མི་བྱེད་པས༔ ནུས་པ་ཉམས་ནས་འདྲེ་ལ་སྐྱབས་ཚོལ་དུས༔ མི་རུང་ནད་མཚོན་མུ་གེ་སྣ་ཚོགས་ཀྱིས༔ བོད་འབངས་སྡུག་བསྔལ་གྱིས་གདུང་སྐྱབས་བྲལ་ཚེ༔ པདྨའི་ཐུགས་སྤྲུལ་ལས་ཅན་སྐྱེ་བུ་རེ༔ འབྱུང་ནས་ཟབ་རྒྱས་ཡང་གཏེར་རྗེས་དྲན་དང༔ དག་སྣང་སྙན་བརྒྱུད་གང་འདུལ་དེར་སྟོན་ནས༔ བསྟན་འགྲོའི་བདེ་སྐྱིད་དབུགས་དབྱུངས་ལུང་བསྟན་མཛད༔ གངས་ལྗོངས་ས་གཞི་རྟ་རྨིག་གང་ཙམ་ཡང༔ ཞབས་ཀྱིས་མ་བཅགས་མེད་པའི་བྱིན་རླབས་མཛད༔ ཁ་བྱང་ཡོད་པའི་གཏེར་ཁ་བྱེ་བ་སྦས༔ ཁ་བྱང་མ་བཏབ་གཏེར་ནི་དུང་ཕྱུར་སྦས༔ ལྷ་འདྲེ་དམ་བཏགས་མ་འོངས་མཐའ་དམག་གིས༔ བོད་ཁམས་ཡུལ་འཆུགས་སིལ་བུར་འགྱུར་བའི་དུས༔ གྲོས་ལམ་བཙན་པའི་སྦས་ཡུལ་ས་མིག་བསྟན༔ བགྲོད་པའི་ལམ་ཡིག་སྤར་ཁབས་བཅས་པ་བཞག༔ པདྨའི་ཐུགས་སྲས་ཆ་ལུགས་མི་ངེས་པ༔ སྔགས་པ་དགེ་སློང་རྣལ་འབྱོར་མི་དཔོན་དང༔ ཡུལ་གཙོ་ཞིག་པོ་དགེ་སློང་མ་ཡི་ཚུལ༔ གང་འདུལ་དེར་སྟོན་འབྱུང་ལུང་གྲངས་མང་གསུངས༔ པདྨའི་བརྒྱུད་འཛིན་གཏེར་སྤྱོད་སྐལ་ལྡན་རྣམས༔ སྤྱོད་པ་ཁྱི་ཕག་འདྲ་ཡང་ལུས་སྒྲིབ་མེད༔ གསེར་དང་ར་གན་མི་མཉམ་ཁྱད་ཆོས་འཕགས༔ ལྟར་སྣང་ཙམ་ལས་སངས་རྒྱས་བྱང་སེམས་ཡིན༔ ཟོག་པོ་བསླུ་བྲིད་མཁན་རྣམས་ཚུལ་འཆོས་ཆེ༔ ཡིན་བརྫུས་སྤྱོད་པས་བླུན་དད་ཕལ་ཆེར་བསླུ༔ བཟང་ངན་འདྲེས་མ་ཕལ་བས་འབྱེད་དཀའ་ཡང༔ པདྨའི་བཀའ་རྟགས་འཆང་རྣམས་གཙུག་ཏུ་བཀུར༔ བསམ་ཡས་རྒྱལ་ཁབ་ཡི་གེའི་སྲོལ་བཏོད་དང༔ བསྒྱུར་བཤད་གཏན་དབབ་མི་ལོ་བརྒྱ་རུ་མཛད༔ གནས་ཆེན་གངས་བྲག་རྣམས་སུ་བཅུ་གཅིག་སྟེ༔ བརྒྱ་དང་བཅུ་གཅིག་སྐུ་དངོས་བོད་དུ་བཞུགས༔ བཀའ་དྲིན་མཛད་ཕྲིན་བསམ་ལས་འདས་པ་མཛད༔ སྐུ་དངོས་བོད་ཀྱི་གདུལ་བྱ་རྫོགས་ནས་སུ༔ གདོང་དམར་སྲིན་པོ་འདུལ་བའི་དགོངས་པ་ཤར༔ མཆོག་དམན་སོ་སོར་དབུགས་དབྱུངས་ཞལ་ཆེམས་བཞག༔ པདྨ་འབྱུང་གནས་ཐུགས་རྗེར་ཤར་ནུབ་མེད༔ བོད་ལ་ཐུགས་རྗེ་ཟེར་ཐག་ཆད་མི་སྲིད༔ ད་ནི་གདུང་དམར་སྲིན་པོ་འདུལ་དུ་འགྲོ༔ མ་རུང་སྲིན་པོ་ཆོས་ལ་བཙུད་དུ་འགྲོ༔ དད་ལྡན་བུ་ལ་པད་འབྱུང་འདུ་འབྲལ་མེད༔ ཉི་ཟེར་འཆར་སྡུད་ཡར་མར་ཚེས་བཅུའི་དུས༔ འཇའ་དང་སྤྲིན་དང་སྒྲ་སྐད་ཅི་རིགས་དང༔ སྣ་ཚོགས་གཟུགས་སྤྲུལ་དངོས་སུ་བོད་ལ་འོངས༔ ཞེས་གསུངས་རྫུ་འཕྲུལ་རྟ་མཆོག་རྒྱན་ལྡན་བཅིབས༔ བོད་ཀྱིས་བཤོལ་མ་ཐེབས་པར་ལྷོ་ནུབ་གཤེགས༔ བོད་ཁམས་སྙིང་ཕྱུངས་ལྟ་བུའི་ཉམས་ཐག་གྱུར༔ ད་ལྟ་ལྷོ་ནུབ་སྲིན་པོའི་ཁ་གནོན་བཞུགས༔ ཀྱེ་མ་ཀྱི་ཧུད་གུ་རུ་རིན་པོ་ཆེ༔ མཐའ་འཁོབ་མུན་གླིང་ཐུགས་ཀྱིས་འདོར་ཕོད་དམ༔ སྤྲེལ་ཕྲུག་མགོན་མེད་བོད་ཁམས་སུ་ལ་རེ༔ ཐུགས་རྗེ་གཟིགས་ཤིག་རྔ་ཡབ་གླིང་པ་མཁྱེན༔ ལས་ངན་བདག་སོགས་ཐབས་ལ་མི་མཁས་པས༔ མ་རབས་ངན་སྤྱོད་ཆོས་ཀྱི་འགལ་ཟླ་མང༔ ཆོས་མིན་སྤྱོད་པས་སྣོད་བཅུད་རྒུད་པ་ཆེ༔ བསྟན་དང་འགྲོ་བ་སྡུག་བསྔལ་དུ་མས་མནར༔ ཉིད་ཀྱི་ཐུགས་དམ་ཞལ་བཞེས་ད་དགོངས་ལ༔ གསོལ་འདེབས་འབྲས་བུ་ད་ལྟར་མཆིས་པར་མཛོད༔ ཐེ་ཚོམ་མེད་པས་གསོལ་བ་སྙིང་དཀྱིལ་ནས༔ ཁྱེའུས་ཕ་མར་འབོད་འདྲའི་གདུང་བས་བསྐུལ༔ དམག་འཁྲུགས་མཚོན་གྱིས་ཕྱི་ནང་ཨར་གཏད་ཚེ༔ མཚོན་ཆའི་རྒྱལ་པོ་ཨོ་རྒྱན་གཤིན་རྗེ་གཤེད༔ གསོལ་བ་འདེབས་སོ་དུས་ཀྱི་གཡོ་འཁྲུགས་བཟློག༔ གདུག་པ་དཔུང་བཅས་བྱམས་པའི་སེམས་ལྡན་མཛོད༔ མཁའ་འགྲོས་ཁ་རླངས་ནད་དུ་གཏོང་བ་ཡིས༔ བོད་ཁམས་མི་ཐོག་ནད་ཀྱིས་ཕྱག་འདེབས་ཚེ༔ ཞི་བསིལ་སྨན་པའི་རྒྱལ་བོ་ཨོ་རྒྱན་རྗེར༔ གསོལ་བ་འདེབས་སོ་ནད་ཚོགས་ཞི་བར་མཛོད༔ ས་བཅུད་ཉམས་པས་འབྲུ་རིགས་ལོ་ཏོག་ཞན༔ བཀྲེས་སྐོམ་དབུལ་བས་སྐྱེ་འགྲོ་ཉམས་ཐག་ཚེ༔ ལོངས་སྤྱོད་ཆར་འབེབས་ནོར་ལྷ་ཨོ་རྒྱན་རྗེར༔ གསོལ་བ་འདེབས་སོ་འདོད་དགུ་ཆར་འབེབས་མཛོད༔ སྟེང་གདོན་གཟའ་ཡི་ཀིང་ཀཾ་རྒོད་པའི་དུས༔ འདར་ལྐུགས་ཧུར་ཐུམས་ངེས་མེད་ནད་དར་ཚེ༔ ཨོ་རྒྱན་ཕྱག་ན་རྡོ་རྗེ་དྲེགས་འཇོམས་རྗེར༔ གསོལ་བ་འདེབས་སོ་གཟའ་སྐར་གདུག་པ་སོལ༔ བར་གདོན་བཙན་དང་མ་མོའི་ངན་ཐབས་གཡོས༔ མི་ཕྱུགས་ནད་གདོན་གློ་བུར་འཆི་བའི་ཚེ༔ ཨོ་རྒྱན་ཁྲོ་རྒྱལ་འཆོལ་བ་དྲག་ཏུ་ཁྲོས༔ གསོལ་བ་འདེབས་སོ་བར་གདོན་དལ་ཁ་བཟློག༔ འོག་གདོན་ཀླུ་དང་ས་བདག་དུག་རིགས་ལས༔ མཛེ་ཤུ་རྨ་སྐྲངས་འདྲུམ་ལྷོག་ནད་དར་ཚེ༔ ཨོ་རྒྱན་རྟ་ཁྱུང་རྔམས་ཁྲོས་འབར་བ་ཆེར༔ གསོལ་བ་འདེབས་སོ་དུག་ནད་ཞི་བར་མཛོད༔ སྡུག་འདྲེ་དམ་ཉམས་བསམ་སྦྱོར་ལོག་པའི་དུག༔ མི་ཁྱི་གནག་ལུག་སྨྱོ་འབོག་ནད་དར་ཚེ༔ ཨོ་རྒྱན་པདྨ་དབང་ཆེན་རྟ་མགྲིན་རྒྱལ༔ གསོལ་བ་འདེབས་སོ་རྒྱལ་གདོན་ཞི་བར་མཛོད༔ སྟེང་འོག་བར་གསུམ་བྱད་གདོན་རྦོད་གཏོང་གིས༔ མི་འདོད་རྨིས་ལྟས་བྱ་བ་ལོག་པའི་ཚེ༔ ཨོ་རྒྱན་ཕྱིར་བཟློག་ཁྲོ་རྒྱལ་ས་གསུམ་བདག༔ གསོལ་བ་འདེབས་སོ་རང་གཤེད་རང་བཟློག་མཛོད༔ གསོ་མི་བཏུབ་པའི་ནད་རིགས་ཏྲེ་ཏྲེ་ཧོ༔ ཡ་མ་དཀར་ནག་ཁྲག་རིམས་གཟེར་ཐུང་གིས༔ འགྲོ་བ་ཉེན་ཚེ་ཨོ་རྒྱན་རིགས་སྔགས་རྗེར༔ གསོལ་བ་འདེབས་སོ་དུས་ནད་ཞི་བར་མཛོད༔ ས་ཆུ་མེ་རླུང་འབྱུང་བ་དགྲར་ལངས་ནས༔ ས་གཡོ་ཆུ་ཐན་མེ་རླུང་སྨྱོ་བའི་ཚེ༔ ཨོ་རྒྱན་ཁྲོ་རྒྱལ་མི་གཡོ་གད་རྒྱངས་རྗེར༔ གསོལ་བ་འདེབས་སོ་འབྱུང་དགྲ་ཞི་བར་མཛོད༔ ཆོས་མིན་ལྟ་ལོག་བསྟན་པར་དར་ཙ་ན༔ བསྟན་འཛིན་སྐྱེས་བུའི་མཛད་ཕྲིན་སྐུ་ཚེ་འགྲིབ༔ ཨོ་རྒྱན་སྐྱེ་འཆི་གཉིས་སྤང་ཚེ་དཔག་མེད༔ གསོལ་འདེབས་བསྟན་འཛིན་ཞབས་པད་བརྟན་པར་མཛོད༔ རྒྱལ་པོའི་བྱ་བ་ཆོས་བཞིན་སྤྱོད་པ་དང༔ སྦྱིན་བདག་ཆོས་ལྡན་སྟོབས་འབྱོར་མངའ་ཐང་རྒྱས༔ ཨོ་རྒྱན་པདྨ་རྒྱལ་པོར་གསོལ་བཏབ་མཐུས༔ རྒུད་པ་ཀུན་སོལ་རྫོགས་ལྡན་དུས་སྟོན་མཛོད༔ ཨོཾ་དང་ཨཱ༔ཧཱུྃ་རྡོ་རྗེ་གསུམ་གྱི་བདག༔ བཛྲ་མཚན་རྟོགས་བྲལ་བ་ཆོས་ཀྱི་སྐུ༔ གུ་རུ་ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས༔ པདྨ་སྣ་ཚོགས་དེར་སྟོན་སྤྲུལ་པའི་སྐུ༔ སིངྔྷི་མཆོག་དང་ཐུན་མོང་དངོས་གྲུབ་སྟེ༔ ཧཱུྃྃ་གིས་བདག་ལ་མྱུར་དུ་སྩོལ་ཞིག་ཅེས༔ རྡོ་རྗེ་སྒྲ་དབྱངས་སྒྲ་ཚིག་དོན་དང་སྦྱར༔ བཀྲ་ཤིས་ཕྱོགས་ལས་རྣམ་པར་རྒྱལ་གྱུར་ཅིག༔ ཐོས་པ་དོན་ལྡན་པདྨའི་རྣམ་ཐར་དང༔ སྙིང་པོ་རྡོ་རྗེའི་སྒྲ་དབྱངས་ཐོས་གྲོལ་ཆེ༔ དད་གདུང་དྲག་པོས་གསོལ་བཏབ་དགེ་ཚོགས་ཀྱིས༔ འགྲོ་ཀུན་པདྨ་འོད་དུ་སྐྱེ་བར་ཤོག༔ ཨོཾ་ཨཱ༔ཧཱུྃྃ་བཛྲ་གུ་རུ་པདྨ་སིངྔྷི་ཧཱུྃྃ། ཨོཾ་ཨཱ༔ཧཱུྃྃ་བཛྲ་གུ་རུ་པདྨ་སིངྔྷི་ཧཱུྃྃྃ། ཨོཾ་ཨཱ༔ཧཱུྃྃ་བཛྲ་གུ་རུ་པདྨ་སིངྔྷི་ཧཱུྃྃ། ཐོག་མཐའ་བར་གསུམ་དགེ་ཕྱིར་ལན་གསུམ་བརྗོད། ༈ ཨེ་མ། ། དུས་གསུམ་རྒྱལ་ཀུན་ཕྲིན་ལས་གཅིག་བསྡུས་པ། །ཨོ་རྒྱན་ཆེན་པོ་པདྨ་ཐོད་ཕྲེང་གི །རྣམ་ཐར་བསྡུས་པ་ཐོས་པ་དོན་ལྡན་དང༌། །སྙིང་པོ་རྡོ་རྗེ་སྒྲ་དབྱངས་ཐོས་གྲོལ་བཅས། །དུས་བབ་ཟབ་ཆོས་ཁྱད་འཕགས་ངོ་མཚར་ཅན། །མི་ལོ་བཅུ་གསུམ་བར་དུ་གསང་རྒྱ་བསྡམས། །གནས་དུས་རྟེན་འབྲེལ་བརྡ་བསྐུལ་དུ་མའི་ཚེ། །དམར་ཕྱོགས་མཁའ་འགྲོའི་དུས་ཆེན་ཉེར་ལྔ་ལ། །སྒྲོ་བྲལ་གང་ཤར་ཡི་གེར་འདུ་བྱས་ཏེ། །དོན་འགྱུར་ལྷུག་པོར་བརྗོད་ལ་རྡོ་རྗེ་ཚིག །དུས་བབ་ཆོས་འདི་ཀུན་ལ་སྤེལ་ཅིག་རྒྱ། །བར་ཆད་བདུད་བགེགས་མིང་མེད་བཀྲ་ཤིས་དགེ། །ཨོ་རྒྱན་བཀའ་ལྟར་བསླུ་བ་མེད་ངེས་པས༔ དད་ལྡན་ཕོ་མོའི་གསེར་དངུལ་མཚལ་སྣག་གིས༔ འདྲི་དང་མོས་གུས་ལྡན་པས་ཀླག་གྱུར་ན༔ ཚེ་འདིར་ནད་གདོན་བར་ཆད་ཞི་བ་དང༔ ཁྱད་པར་དུས་སྙིགས་མི་རུང་ལྟས་ངན་ཀུན༔ ཞི་ཞིང་བཟློག་གྱུར་ཐེ་ཚོམ་ཡོད་རེ་ཀན༔ ཕྱི་མ་པདྨ་འོད་དུ་སྐྱེ་བར་ངེས༔ འདི་ལ་གུས་ཤིང་འབྲེལ་བ་ཐོག་ཚད་ཀུན༔ པད་འབྱུང་ང་དང་རྟག་ཏུ་འདུ་འབྲལ་མེད༔ ལ་སོགས་ཕན་ཡོན་བརྗོད་ལས་འདུས་པར་གསུངས། །མ་འོངས་ལྷ་སྲིན་སྡེ་བརྒྱད་ཁ་དར་མཐུས༔ ས་ཆུ་མེ་རླུང་འབྱུང་སྒྲ་སྨྱོ་བའི་ཚེ༔ ཤེས་རབ་སྙིང་རྗེ་ཅན་དང་འདི་འཕྲད་ནས༔ བསྟན་འགྲོའི་བདེ་སྐྱིད་དཔལ་ལ་སྤྱོད་པར་ཤོག༔ སྐལ་མེད་ལ་གསང་རྒྱ༔ སྐལ་ལྡན་ལ་གཏད་རྒྱ༔ དུས་བབས་སུ་སྤེལ་རྒྱ༔ སཱ་མཱ་ཡཱ༔ ༈ རྣམ་ཐར་རྐྱང་པ་གྲངས་མང་བསོག་འདོད་ན། བཛྲ་གུ་རུ་མགོ་ནས་ཚར་གསུམ། མཇུག་ནས་ཚར་གསུམ་མ་གཏོགས་མཚམས་རྣམས་སུ་མ་བཏོན་ཀྱང་ཆོག་གོ། ༈ རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་སྤྲོ་གཞི་ཉིད། །ཨོ་རྒྱན་པདྨ་ཀུན་ཏུ་འཆང་ཞེས་པ། །རྣམ་ཐར་རོལ་གར་མ་དྲོས་རྒྱ་མཚོའི་ལྟའི། །སྐྲ་རྩེའི་ཆུ་ཐིགས་ཙམ་གྱི་གསོལ་འདེབས་ཀྱི། །ཆོས་སྦྱིན་སྤར་གྱི་འཕྲུལ་འདི་རིགས་སྐྱེས་པའི། །ནི་གུ་འཆི་མེད་དབང་མོས་བསྐྲུན་པའི་དགེས། །བསྟན་འགྲོ་རྫོགས་ལྡན་དཔལ་ལ་ལོངས་སྤྱོད་དེ། །ཐམས་ཅད་རིགས་འཛིན་རྒྱ་མཚོའི་གནས་ཐོབ་ཤོག །ཅེས་འགྲོ་འདུལ་བས་སྨོན་པ་དགེའོ།། དགེའོ།། ༈ འཆི་མེད་རིག་འཛིན་བི་མ་མི་ཏྲ་ལ། །སྙིང་ནས་མི་ཕྱེད་གུས་པས་གསོལ་བ་འདེབས། །འཁྲུལ་སྣང་གློ་བུར་དྲི་མ་དབྱིངས་སུ་ཞི། །འོད་གསལ་རྫོགས་ཆེན་ལམ་མཆོག་མཐར་ཕྱིན་ཤོག །ཅེས་ཤིང་ཡོས་སྟོན་ཟླ་ར་བའི་ཚེས་བཅུའི་དུས་བཅོས་མིན་ཤུགས་འབྱུང་དུ་སྨྲ་བ་པོ་ནི་དྲི་མེད་ཀློང་ཡངས་སོ།། དགེའོ།། དགེའོ།། དགེའོ།། །།