ཁང་ཆེན་ནས་དང་། ཁང་ཆེན་པ།

ཁང་ཆེན་ནས། ཁང་ཆེན་པ་ཞེས་པའི་དོན་སྟེ་དུས་རབས་བཅོ་བརྒྱད་པའི་སྐབས་ཀྱི་ཡིག་ཆ་མང་པོའི་ནང་མིའི་མིང་ཟུར་གྱི་བདག་སྒྲའི་པ་བ་མ་གསུམ་གྱི་ཚབ་ཏུ་ནས་སྒྲ་བེད་སྤྱོད་བྱས་པ་དཔེར་ན། ང་ཕོད་ནས། ཕོ་ལྷ་ནས། ལུམ་པ་ནས་ཞེས་བྲིས་ཡོད་པ་ལྟ་བུ་ཡིན། ཁང་ཆེན་པའི་མིང་དངོས་བསོད་ནམས་རྒྱལ་པོ་ཟེར་ཞིང༌། མིང་གཞན་དའི་ཆིང་སྦ་དུར་ཡང་ཟེར། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་དུས་ནས་ས་གནས་སྲིད་གཞུང་གི་ཞབས་ཁོངས་སུ་ཚུད་པ་དང་རྒྱལ་པོ་ལྷ་བཟང་གི་སྐབས་མངའ་རིས་སྐོར་གསུམ་གྱི་སྤྱི་ཁྱབ་ཏུ་བསྐོས། སོག་པོ་ཇུན་གར་གྱིས་བོད་ལ་དབང་བསྒྱུར་བྱེད་སྐབས་མངའ་རིས་སྐོར་གསུམ་ཇུན་གར་འོག་དབང་བསྒྱུར་བྱེད་མ་ཐུབ་པར་རང་ཚུགས་བཟུང་ནས་བསྡད་པ་མ་ཟད། མངའ་རིས་ས་གནས་ནས་ཇུན་གར་གྱི་བྱ་སྤྱོད་ཕྱི་ནང་གསང་གསུམ་ལ་རྟོག་ཞིབ་བྱས་ཏེ། འབྲེལ་ཡོད་ས་གནས་སྲིད་གཞུང་གི་དཔོན་རིགས་ཁག་ལ་གསང་བའི་འཕྲིན་བརྡ་ཡང་ཡང་བཏང་ཞིང་རབ་བྱུང་བཅུ་གཅིག་པའི་ལྕགས་བྱི་ (༡༧༢༠) ལོར་མཚོ་སྔོན་གྱི་དཔོན་རིགས་དང༌། སོག་པོའི་དཔོན་རིགས། ཆིང་གོང་མའི་སྲུང་དམག་བཅས་ནས་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་བོད་དུ་གདན་འདྲེན་ཞུ་བའི་གཏམ་གླེང་རྣམས་བོད་དུ་ཡོད་པའི་ཇུན་གར་དཔོན་དམག་གིས་གོ་ཐོས་བྱུང་རྐྱེན། རྩེ་པོ་ཏཱ་ལར་ཡོད་པའི་འཕགས་པ་ལོ་ཀི་ཤཱ་རིའི་སྐུ་སོགས་རིག་དངོས་རྩ་ཆེ་མང་པོ་རྐུ་འཁྱེར་བྱས་ཏེ་མངའ་རིས་ས་མཚམས་བརྒྱུད་ནས་ཇུན་གར་དུ་བྲོས་བྱོལ་འགྲོ་རྩིས་ཀྱིས་ལྷ་ས་ནས་ཐོན་ཞིང་མངའ་རིས་བརྒྱུད་ཤིན་ཅང་དུ་འགྲོ་བའི་ལམ་བརྒྱུད་དུ་སླེབས་སྐབས། ཁང་ཆེན་པས་མངགས་གཏོང་བྱས་པའི་འཇབ་དམག་གིས་ཇུན་གར་བའི་དཔོན་དམག་རྣམས་ལ་གློ་བུར་འཇབ་རྒོལ་བྱས་ཏེ་ཚང་མ་རྩ་མེད་བཏང་ཐོག་ཁོང་ཚོས་རྐུ་འཁྱེར་བྱས་པའི་རྩ་ཆེའི་རིག་དངོས་ཡོངས་རྫོགས་བླངས་ཏེ། ས་གནས་སྲིད་གཞུང་ལ་རྩིས་འབུལ་ཞུས་པའི་བྱས་རྗེས་སུ། ལོ་རྗེས་མ་དེར་ཆིང་གོང་མ་ཁང་ཤིས་ཁང་ཆེན་པར་པའི་སེའི་གོ་གནས་དང་སྦྲགས། བོད་ས་གནས་སྲིད་གཞུང་གི་འགན་འཛིན་བཀའ་བློན་གྱི་གཙོ་བོར་བསྐོས། ཡུན་རིང་མ་སོང་བར་བཀའ་བློན་ལས་རོགས་པའི་སེ་ང་ཕོད་པ་དང༌། སྦྱར་ར་ཐའི་ཇི། གུང་ལུམ་པ་བ་བཅས་དང་འགལ་ཟླ་ཆེས་ཆེར་གྱུར་ཏེ། རབ་བྱུང་བཅུ་གཉིས་པའི་མེ་ལུག་ (༡༧༢༧) ལོར་བཀའ་བློན་ང་ལུམ་སྦྱར་གསུམ་གྱིས་ལྷ་ས་གཙུག་ལག་ཁང་གི་གཞུང་སྒོའི་ཡངས་སྟེང་དུ་ཡོད་པའི་བཀའ་ཤག་འཚོགས་ཡུལ་ཚོམས་ཆེན་ཁམས་གསུམ་གྱི་ནང་བཀྲོངས་སོ། །ཞིབ་པར་《མི་དབང་རྟོགས་བརྗོད་》སོགས་འབྲེལ་ཡོད་ཡིག་ཆ་མང་པོར་གསལ། ཁང་ཆེན་པ། འདི་ལ་དའི་ཆིང་སྦ་དུར་རམ་པའི་སེ་ཁང་ཆེན་པ་ཟེར་ཞིང༌། མིང་དངོས་བསོད་ནམས་རྒྱལ་པོར་འབོད་པ་འདི་ཇུན་གར་བོད་ནས་མཐར་སྐྲོད་བཏང་བའི་རྗེས་སུ་རབ་བྱུང་བཅུ་གཉིས་པའི་ལྕགས་གླང་ (༡༧༢༡) ལོར་གོང་མ་ཁང་ཤིས་ནས་པའི་སེའི་གོ་ས་སྤྲད་དེ་བོད་ཀྱི་སྲིད་དབང་གི་འགན་འཁུར་བྱེད་མི་གཙོ་བོར་བསྐོས་ཤིང༌། རྗེས་སུ་བཀའ་བློན་པའི་སེ་ང་ཕོད་པ་དང༌། སྦྱར་ར་ཐའི་ཇི། གུང་ལུམ་པ་བ་བཅས་གསུམ་ནས་བསད། ལོ་རྒྱུས་ཞིབ་ཆ་མི་དབང་རྟོགས་བརྗོད་ནང་གསལ། ནང་མི་དང་སྐྱེ་ཡུལ་སོགས་རྩད་མ་ཆོད་ཅིང༌། ཕ་གཞིས་མངའ་རིས་སུ་ཡོད་པས་མངའ་རིས་གུང་ཡང་ཟེར། ༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།
ཁ་རག་གི་གྲྭ་པ་ཆེན་པོ་འདུལ་བ་འོད།

ཁ་རག་གི་གྲྭ་པ་ཆེན་པོ་འདུལ་བ་འོད། གུང་ཐངབླ་མ་ཞང་གི་སློབ་མ་སྐུ་ཚེའི་རིང་ལ་ཁ་རག་ཏུ་སྒྲུབ་པ་མཛད་པས་མཚན་ལ་ཁ་རག་པ་ཞེས་ཐོགས། འཁྲུངས་ཡུལ་ལྷོ་ཁ་གྲ་ནང་ནས་ཡིན་ཅིང༌། གདུང་རུས་ཀྱི་དང༌། གསང་སྔགས་རྙིང་མའི་ཆོས་སྐོར་མང་དུ་མཁྱེན་ཅིང༌། སྐུ་མཆེད་གཅིག་ཡོད་པ་མེས་ཚིག་ནས་ཤི་བས་ཐུགས་སྐྱོ་ནས་ཚལ་གུང་ཐང་དུ་བླ་མ་ཞང་རིན་པོ་ཆེའི་དྲུང་དུ་བྱོན། ལོ་ཉི་ཤུ༌རྩ་བདུན་གྱི་བར་འབྲལ་མེད་དུ་བསྟེན་ཏེ་རང་ལ་དངོས་པོ་ཅི་བྱུང་བླ་མའི་ཕྱག་ཏུ་ཕུལ། ཆོས་གསུངས་ཚད་གསན་ཅིང༌། གདམས་ངག་བཀའ་རྒྱ་མ་དང་བཅས་པ་ཡོངས་རྫོགས་ཐོབ་པའི་བུ་ཆེན་ཡིན། ལོ་རྒྱུས་ཅུང་ཟད་ཞིབ་པ་《དེབ་དམར་》ཤོག་གྲངས་ ༡༣༧ ནས་ ༡༣༩ དང༌། 《ལྷོ་རོང་ཆོས་འབྱུང་》ལྕགས་དཔར་མའི་གྲངས་ ༢༠༡ ནས་ ༢༠༢ བར་གསལ་བ་དེར་གཟིགས། ༼དུང་དཀར་ཚིག་མཛོད་ཆེན་མོ་ལས་༽ བཏུས།
ཁ་བ་ཅན།

ཁ་བ་ཅན་ བོད་ལྗོངས་ཀྱི་ཡུལ་སྤྱིའི་ལྷོ་ཕྱོགས་ཀྱི་མཐའ་གངས་རིས་བསྐོར་བའི་དབང་གིས་ཁ་བ་ཅན་དང་གངས་ཅན་ལྗོངས་ཞེས་འབོད་པ་སྟེ། དེ་ཡང་རྒྱ་གར་སྐད་ཀྱི་ཧཱི་མ་ལཱ་ཡ་ཟེར་བ་བོད་སྐད་དུ་བསྒྱུར་བ་ཡིན་ཞིང༌། ཧཱི་མ་ལཱ་ཡའི་རི་རྒྱུད་སྤྱིའི་མིང་ལ་རི་བོ་གངས་ཅན་དུ་འབོད་པའི་རྒྱུ་མཚན་ཡང་རི་བོ་གངས་ཅན་ནི་འཛམ་གླིང་ཐོག་མཐོ་ཤོས་དང༌། རིང་ཤོས་ཀྱི་རི་རྒྱུད་ཅིག་སྟེ། བོད་ཀྱི་ནུབ་ཕྱོགས་ཀསྨི་རའི་ཤར་ངོས་ནས་བཟུང༌། རྒྱ་གར། བལ་ཡུལ། འབྲས་ལྗོངས་བརྒྱུད་འབྲུག་ཡུལ་གྱི་ཤར་ཕྱོགས་བར་བརྐྱངས་པའི་རིང་ཚད་ལ་སྤྱི་ལེ་ཉིས་སྟོང་བཞི་བརྒྱ་ལྔ་བཅུ་ཙམ་དང༌། རྒྱ་མཚོའི་ངོས་ལས་ཆ་སྙོམས་སྤྱི་ཁྲེ་དྲུག་སྟོང་བདུན་བརྒྱ་བཅོ་ལྔས་མཐོ་བ་ཡོད། དེའི་ནང་ནས་ཆེས་མཐོ་ཤོས་ནི་ཇོ་མོ་གླང་མའི་རི་རྒྱུད་ཡིན་ཞིང༌། དེ་ནི་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་བརྒྱད་སྟོང་བརྒྱ་མེད་བརྒྱད་ཅུ་གྱ་གཉིས་ཀྱིས་མཐོ་བ་ཡོད་པ་བཅས་ཀྱི་རི་རྒྱུད་ཧ་ཅང་རིང་པོ་ཞིག་གིས་བོད་ལྗོངས་ཀྱི་ལྷོ་ཕྱོགས་ངོས་སུ་ལྕགས་རིས་བསྐོར་བ་ལྟར་ཡོད་པས་ན། བོད་ཀྱི་ཡུལ་སྤྱིའི་མིང་ལ་ཁ་བ་ཅན་དང༌། གངས་ཅན་ལྗོངས་ཞེས་བརྗོད་པ་ཡིན། དུང་དཀར་ཚིག་མཛོད་ཆེན་མོ་ལས་བཏུས།  
ཀ་ཅོག་ཞང་གསུམ།

ཀ་ཅོག་ཞང་གསུམ། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བྱོན་པའི་ལོ་ཙཱ་བ་གཞོན་གསུམ་སྟེ། འབྲོ་ཀ་བ་དཔལ་བརྩེགས་དང༌། ཅོག་རོ་ཀླུའི་རྒྱལ་མཚན། སྣ་ནམ་ཞང་ཡེ་ཤེས་སྡེ་བཅས་གསུམ་ཡིན། ཡོངས་གྲགས་ཀྱི་ལོ་རྒྱུས་ཡིག་ཆ་ཚང་མར་ཀ་ཅོག་ཞང་གསུམ་ཞེས་བརྗོད་བདེ་བའི་དབང་དུ་བྱས་ནས་གོ་རིམ་དེ་ལྟར་མཛད་ཀྱང༌། ཀ་བ་དཔལ་བརྩེགས་ཀྱིས་ཕྱོགས་བསྒྲིགས་མཛད་པའི་《དཀར་ཆག་ལྡན་དཀར་མ་》ལས། ཅོག་རོ་ལོ་ཙཱ་བའི་མཚན་སྨྲོས་པའི་ཚེ་སློབ་དཔོན་ཀླུའི་རྒྱལ་མཚན་ཞེས་དང༌། ཞང་ལོ་ཙཱ་བ་ལ་མཁན་པོ་ཡེ་ཤེས་སྡེ་ཞེས་ཞེ་སའི་ཆེ་བརྗོད་ཡོད་པ་དང་། ཀ་བ་དཔལ་བརྩེགས་རང་ཉིད་ཀྱི་མཚན་སྨྲོས་པའི་ཚེ། སྒྲ་བསྒྱུར་གྱི་བན་དེ་དཔལ་བརྩེགས་ཞེས་སྤྱིར་བཏང་གི་མིང་ཐོག་ནས་བཀོད་གནང་མཛད་ཡོད་པས་དེའི་གོ་རིམ་ལྟར་བྱས་ཚེ། ཞང་ཅོག་ཀ་གསུམ་ཞེས་བརྗོད་དགོས་པ་ལྟར་སྣང་ཞིང༌། གསང་སྔགས་སྔ་འགྱུར་གྱི་ལོ་རྒྱུས་ཚང་མའི་ནང་ཀ་ཅོག་ཞང་གསུམ་མཁན་ཆེན་བོ་དྷི་སྭ་ཏྭ་དང་།སློབ་དཔོན་ཆེན་པོ་པདྨ་འབྱུང་གནས།
ཁོར་ཡུག་དང་རླུང་རྟ།

ཁོར་ཡུག་དང་རླུང་རྟ། མཁས་གྲུབ། ཆད་མེད་དུས་ཚོད་ཀྱི་འཁོར་ལོ།། མྱུར་བར་མདུན་ཕྱོགས་སུ་འཁོར་བས།། ལང་ཚོ་དར་བ་དང་ལྷན་ཅིག།། འཚོ་བའི་ཁོར་ཡུག་ཀྱང་འགྱུར་སོང་།།  
འཇལ་གཤོར་འདེགས་གསུམ་གྱི་ཚད་གཞི་འཕེལ་རྒྱས་དང་འགྱུར་ལྡོག་བྱུང་ཚུལ་སྐོར་གླེང་བ།

  འཇལ་གཤོར་འདེགས་གསུམ་གྱི་ཚད་གཞི་འཕེལ་རྒྱས་དང་འགྱུར་ལྡོག་བྱུང་ཚུལ་སྐོར་གླེང་བ།   ད་ལྟ་ཉར་ཚགས་བྱས་པའི་བོད་ཡིག་གི་ལོ་རྒྱུས་ཁག་གཞིར་བཟུང་ན། རྒྱལ་པོ་གཉའ་ཁྲི་བཙན་པོ་ནས་རྩིས་པའི་རྒྱལ་རབས་སུམ་ཅུ་པ་སྟག་བུ་གཉན་གཟིགས་ཀྱི་དུས་ཞིང་འབྲོག་གི་བར་ཕན་ཚུན་དངོས་ཟོག་བརྗེ་རེས་ཀྱི་ཚོང་ལས་འཕེལ་རྒྱས་ཆེན་པོ་བྱུང་བར་བརྟེན་འཇལ་གཤོར་འདེགས་གསུམ་གྱི་ཚད་གཏན་འཁེལ་ཞིག་བཟོ་རྒྱུར་ཁ་ཚ་དགོས་གཏུགས་བྱུང་བར་བརྟེན། བློན་པོ་ཁྲི་ངོར་སྣང་མང་བཙུན་གྱིས་བྲེ་དང་སྲང་ཐོག་མར་བཟོས་ཐོག ཞིང་པའི་ས་ཁུལ་ནས་ཐོན་པའི་འབྲུ་རིགས་རྣམས་བྲེ་ལ་འཇལ་ནས་སྤྲོད་ལེན་བྱས་པ་དང་། འབྲོག་པའི་ས་ཁུལ་ནས་ཐོན་པའི་མར་དང་བལ་ཤ་སོགས་སྲང་ལ་འཇལ་ནས་སྤྲོད་ལེན་བྱེད་དགོས་པར་གཏན་འབེབས་བཟོས་ཡོད། ཡིན་ནའང་དེ་དུས་ཀྱི་བྲེ་དང་སྲང་གི་ཚད་གཞི་གང་འདྲ་ཡིན་མིན་ལོ་རྒྱུས་ནང་གསལ་པོར་འཁོད་མེད། དེ་དང་ཕྱོགས་མཚུངས་ཏུན་ཧོང་ནས་ཐོན་པའི་བོད་ཡིག་གི་རྒྱལ་པོ་སྲོང་བཙན་སྒམ་པོའི་ལོ་རྒྱུས་ནང་རྒྱལ་པོ་སྲོང་བཙན་སྒམ་པོས་བོད་ཀྱི་བྲེ་དང་སྲང་གི་འཇལ་ཚད་གཅིག་གྱུར་བཟོས་ཞེས་གསལ་བ་ལྟར་ན། རྒྱལ་པོ་སྲོང་བཙན་སྒམ་པོའི་གོང་དུ་བོད་ཀྱི་ས་གནས་ཁག་གི་བྲེ་དང་སྲང་གི་འཇལ་ཚད་གཅིག་གྱུར་མེད་པར་གོ་ཐུབ་ཀྱང་། སྲོང་བཙན་སྒམ་པོའི་གོང་དུ་ས་གནས་ཁག་གི་འཇལ་གཤོར་འདེགས་གསུམ་གྱི་ཚད་ལ་ཁྱད་པར་ཆེན་པོ་གང་འདྲ་ཡོད་མེད་བཤད་མེད་པ་མ་ཟད། སྲོང་བཙན་སྒམ་པོས་གང་འདྲ་བྱས་ནས་གཅིག་གྱུར་བཟོས་གནང་བ་ཡང་གསལ་བཤད་བྱས་མེད། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སྐབས་འཇལ་གཤོར་འདེགས་གསུམ་གྱི་ཚད་གཞིའི་སྐོར་སྐབས་དེར་བརྩམས་པའི་བོད་སྨན་གྱི་གཞུང་འགའ་ཞིག་གི་ནང་ཡ་ཁྱོར་ཉི་ཤུ་རྩ་གཅིག་ལ་བྲེ་གང་། དེ་ཆ་བདུན་ལ་བགོས་པའི་ཆ་གཅིག་སྟེ་ཡ་ཁྱོར་གསུམ་ལ་ཕུལ་གང་། ཕུལ་བདུན་ལ་བྲེ་གང་དུ་བརྩིས་པ་དེ་ལ་བདུན་ཕུལ་ཞེས་བཤད་སྲོལ་ཡོད་གཅིག་དང་། ཡང་ལུགས་གཅིག་ལ་ཡ་ཁྱོར་ཉི་ཤུ་རྩ་གཅིག་དུམ་བུ་དྲུག་དུ་བགོས་པའི་ཆ་གཅིག་སྟེ། ཡ་ཁྱོར་གསུམ་དང་ཕྱེད་ཀ་ལ་ཕུལ་གང་། ཕུལ་དྲུག་ལ་བྲེ་གང་དུ་བརྩིས་པ་དེར་དྲུག་ཕུལ་ཞེས་རྩི་སྲོལ་ཡོད་ལུགས་བཤད་ཡོད། ཡོན་རྒྱལ་རབས་ཀྱི་སྐབས་བརྩམས་པའི་བོད་ཀྱི་སྨན་གཞུང་འགའ་ཞིག་ནང་བཤད་པའི་འཇལ་ཚད་དང་གཤོར་ཚད་ནི་ནས་འབྲུ་ཆེ་བ་གཉིས། འབྲིང་བ་གཉིས། ཆུང་བ་གཉིས་བཅས་བསྡོམས་པའི་དྲུག་ལ་ཁམ་ཚིག་འབྲིང་གི་ཚད། ཁམ་ཚིག་དྲུག་ལ་སྟར་ཕུལ་གང་། སྟར་ཕུལ་དྲུག་ལ་བྱ་སྒོང་གང་། བྱ་སྒོང་དྲུག་ལ་མཁར་ཕུལ་གང་། མཁར་ཕུལ་དྲུག་ལ་མཁར་བྲེ་གང་། མཁར་བྲེ་ཉི་ཤུ་ལ་མཁར་ཁལ་གང་དུ་བརྩིས་པ་ནི་སྐབས་དེའི་གཤོར་ཚད་ཡིན། འཇལ་གཤོར་འདེགས་གསུམ་སྐོར་ཞིབ་རྒྱས་ཙམ་གཟིགས་འདོད་ན་ཁོ་བོས་བྲིས་པའི་ཆེད་རྩོམ་《གནའ་རབས་བོད་ཀྱི་འཇལ་གཤོར་འདེགས་གསུམ་གྱི་ཚད་གཞི་འཕེལ་རྒྱས་དང་འགྱུར་ལྡོག་བྱུང་ཚུལ་སྐོར་གླེང་བ།》ཞེས་པར་གསལ།། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་མཛད་པའི་《དུང་དཀར་ཚིག་མཛོད་ཆེན་མོ་》ལས་དྲངས།