དགེ་རྒན་ལ་གུས་པར་བྱ་བ་དང༌། བཀའ་དྲིན་རྗེས་སུ་དྲན་པ།

དགེ་རྒན་ལ་གུས་པར་བྱ་བ་དང༌། བཀའ་དྲིན་རྗེས་སུ་དྲན་པ།

སློབ་ཁྲིད་ཉན་པའི་ཚེ་དགེ་རྒན་ལ་གུས་པར་བྱ་བ་ནི་གསུམ་སྟེ། ལུས་གུས་པ་དང༌། ངག་གུས་པ། ཡིད་གུས་པའོ། །དང་པོ་ལུས་མ་གུས་པ་སྤངས་ཤིང་གུས་པར་བྱ་བ་ནི། རང་དམའ་བར་འདུག་ལ་མཉན་དགོས་པ་ནི། རབ་ཏུ་དམའ་བའི་སྟན་ལ་འདུག །དུལ་བའི་དཔལ་ནི་རྣམ་པར་བསྐྱེད། །ཚིག་གི་བདུད་རྩི་འཐུང་བཞིན་དུ། །རིམ་གྲོ་བསྐྱེད་དེ་རབ་ཉོན་ཅིག །ཅེས་པ་སྟེ་རྐང་པ་བརྐྱང་པ་དང༌། གཞོགས་མཉེས་བྱས་ཏེ་མཉན་དུ་མི་རུང༌། ཙོག་པུར་འདུག་སྟེ། མདུན་བསྟན་ལ་མཉན་པར་འཚལ། ངག་གི་མ་གུས་པ་སྤངས་ཤིང་གུས་པར་བྱ་བ་ནི། སློབ་ཁྲིད་ཉན་པའི་བར་ལ་ངག་གི་སྤྱི་གཏོལ་དང་གཏམ་ཤབ་ཤུབ་ཡེ་མི་བྱ་བར། སློབ་ཐུན་གྱི་འགོ་གཞུག་བར་དུ་རྩེ་གཅིག་གིས་མཉན་པར་བྱ། ཡིད་མ་གུས་པ་སྤངས་ཤིང་གུས་པར་བྱ་བ་ནི། སློབ་ཁྲིད་ཀྱི་ནང་དོན་ཟབ་དང་མི་ཟབ་ཅི་ཚོད་འདུག་བལྟའོ། །ངའི་བློ་ལ་ཡོད་པ་དང་མཐུན་ནམ་མི་མཐུན་བལྟའོ། །དགེ་རྒན་འདི་རང་ལ་ཤེས་ཚོད་དང་གོ་ཚོད་ཅི་ཚོད་འདུག་བལྟའོ་སྙམ་དུ་ཤེས་པ་བརྒྱང་ངེ་ཅོག་གེ་བས་སློབ་ཁྲིད་མཉན་དུ་མི་རུང་བས། ཡིད་མ་གུས་པའི་སྐྱོན་དེ་དག་སྤངས་ཏེ་ཚུལ་བཞིན་དུ་མཉན་པར་བྱའོ། །སྒོ་གསུམ་གུས་པ་དང་ལྡན་པའི་སློབ་ཁྲིད་མཉན་པར་བྱ་བ་ནི། ཕུ་ཆུ་རྫིང་དང་ས་རླན་དང༌། །

ཞེས་པའི་དཔེ་ལྟ་བུ་སྟེ། ཕུ་ཆུ་རྐ་ལ་དྲངས་ནས་རྫིང་བུར་བསགས། རྫིང་བཏང་ནས་ཞིང་ལ་བཅུས་པས། ས་གཞི་བརླན་པ་ལས་ས་བོན་བཏབ་པ་སྐྱེ་བ་ཡིན། དེ་དག་ལས་ལྡོག་ན་ཞིང་ས་སྐམ་པོ་ལ་ས་བོན་བཏབ་ཀྱང་མི་སྐྱེ་བ་བཞིན་ནོ། དགེ་རྒན་གྱི་བཀའ་དྲིན་ཇི་སུ་དྲིན་དགོས་པ་ནི། འོ་སྐོལ་གྱི་དགེ་རྒན་འདིའི་དཀའ་དྲིན་ཇི་ཙམ་འོང་ཞེ་ན། བ་གླང་མི་ཁྱུ་ཞེས་པ་ནི། འོ་སྐོལ་དང་པོ་ཙ་ན། ཅི་ཡང་མི་ཤེས་པ་བ་གླང་དང་འདྲ་བ་དེ། ད་ལྟ་བྱེད་སྙིང་འདོད་ཙམ་ན་ཅི་ཡང་ཤེས་ཤིང༌། རིག་པ་དང་ལྡན་པ་འདི་དགེ་རྒན་གྱི་བཀའ་དྲིན་ཡིན་ཏེ་བ་གླང་མི་ཁྱུར་བཅུག་པའི་ཚོད་ཡིན། སྔར་གྱི་ཡོན་ཏན་ཆེ་སྐྱེས་ཐམས་ཅད་དགེ་རྒན་གྱི་བཀའ་དྲིན་ཡིན་གསུངས། མི་མཉམ་མཉམ་ཞེས་པ་ནི། འོ་སྐོལ་དང་པོ་ཙ་ན་མི་ཐམས་ཅད་ཀྱི་བརྙས་བཅོས་ཀྱི་གནས་ཤིག་ཡོད་པ་དེ། ད་ལྟ་མི་མཉམ་པ་དང་མཉམ་དུ་བཅུག མཉམ་པ་ཐམས་ཅད་ཀྱི་གོང་དུ་བརྟོན་ནས་ཐམས་ཅད་ཀྱི་ཕུད་དུ་ཁུར་བ་འདི་དགེ་རྒན་གྱི་བཀའ་དྲིན་ཡིན་པས། མོས་པ་དང་གུས་པ་ཆེར་བྱེད་དགོས་གསུངས།

མཆན་འགྲེལ། ༡༽ དཔེ་ཆོས་རིན་ཆེན་སྤུངས་པ་ཞེས་པའི་རྩོམ་པ་པོ་ཇོ་འབྲོམ་ཡབ་སྲས་ལས་བརྒྱུད་པའི་བཀའ་གདམས་པའི་ཆོས་རྒྱུན་འཛིན་སྤེལ་མཁན་དགེ་བའི་བཤེས་གཉེན་ཆེན་པོ་པོ་ཏོ་བ་རིན་ཆེན་གསལ་ཞུ་བ་དེ་རེད། ཁོང་བྱུང་བའི་དུས་རབས་ནི་རབ་བྱུང་དང་པོའི་མེ་ཡོས་ནས་རབ་བྱུང་གཉིས་པའི་ཤིང་བྱ་ ༼སྤྱི་ལོ་ ༡༠༢༧ ནས་ ༡༡༠༥༽ བར་ཡིན། དཔེ་ཆོས་རིན་ཆེན་སྤུངས་པ་ནི་དཔེ་རེ་བཤད་ནས་དོན་གསལ་བར་སྟོན་པས་གོ་བདེ་ཞིང༌། ནང་དོན་གཏིང་ཟབ་དང་ལྡན་པའི་སྔར་གྱི་རྩོམ་ལེགས་པའི་གྲས་ཤིག་ཡིན་པས་སློབ་དེབ་འདིའི་ནང༌། དགེ་རྒན་ལ་གུས་པར་བྱ་བ་དང༌། བཀའ་དྲིན་རྗེས་སུ་དྲན་པ། སློབ་མ་སྣོད་རུང་དུ་བྱ་བའི་གདམས་ངག་བཅས་སློབ་ཚན་གཉིས་བདམས་བཏོན་བྱས་པ་འདིར་སྙིགས་འདོར་བཅུད་ལེན་ཐོག་མིང་རེ་གཉིས་གསར་དུ་བཅོས་ཡོད་པ་བཅས་སོ།།

ཚིག་འགྲེལ། དུལ་བ། སེམས་རྒྱུད་དང་སྤྱོད་ཚུལ་ཞི་ཞིང་དུལ་བ།

དཔལ། ཁྱད་འཕགས་ཀྱི་ཡོན་ཏན་ནམ་ལེགས་པའི་དོན་ལ་འཇུག

རིམ་གྲོ་བསྐྱེད། བཀུར་སྟིའམ། ཕན་པ་བསྒྲུབ་དགོས་པའི་དོན།

བདུད་རྩི། མཆོག་ཏུ་གྱུར་པའི་བཏུང་བའི་མིང༌།

རྩོག་པུར་འདུག རྩོག་རྩོག་ཏུ་སྡོད་པའམ། ལུས་སྲོང་པོར་སྡོད་ཚུལ།

སྤྱི་གཏོལ། ཚུལ་དང་མི་མཐུན་པའམ། ངོ་ཚ་མེད་པ། ཁུངས་མེད་ཨུ་བཙུགས་བྱེད་པ་སོགས་ལ་འཇུག།          བརྟོལ་འདི་འབྲི་བ་མང༌།

ཡེ་མི་བྱ། གཏན་ནས་མི་བྱ་བའམ། རྩ་བ་ནས་མི་བྱ་བ།

ཅི་ཚོད་འདུག་བལྟ། གང་འདྲ་ཡོད་མེད་ཚོད་བལྟ་བ།

ཤེས་པ་བརྒྱང་ངེ་ཅོག་གེ ཁེངས་སེམས་ཀྱིས་དོ་གལ་ཆེན་པོར་མི་འཛིན་པ་ཤེས་པ་རྒྱ་ཡན་དུ་བཏང་བའི་          དོན་དུ་གོ་དགོས།

མཉན། རྣ་བས་ལེགས་པར་མཉན་པར་བྱའོ་ཞེས་འདིར་མ་འོངས་པ་ལ་འཇུག

དང་པོ་ཙ་ན། འདིར་དང་པོ་དང་ཐོག་མའི་དུས་དང་སྐབས་ལ་གོ་དགོས། གཞན་ཡང་རྒྱུ་མཚན་སྟོན་པའི་         ཕྲད་དམ། སྔ་ཕྱི་འབྲེལ་བྱེད་ཙམ་སྟོན་པ་ནི། སེར་སྣ་མེད་ཙ་ན་གཏོང་ཕོད་ཆེ་ལྟ་བུ་ལའང་འཇུག

ཕུད་དུ་ཁུར། གོང་ཕུད་དུ་བཀུར་བ་ལ་བྱའོ།།

 

སྦྱང་གཞི།

༡ དགེ་རྒན་ལ་ཡིད་ཀྱི་གུས་པར་བྱ་བའི་སྐོར་ཇི་ལྟར་གདམས་པ་རྣམས་ངག་ཐོག་ནས་གསལ་བཤད་བྱེད་དགོས།               ༢ ཕུ་ཆུ་རྫིང་དང་ས་རླན་དང༌། །མི་མཉམ་མཉམ། ཞེས་པའི་དཔེ་དེ་གཉིས་ལས་ནང་དོན་གང་བསྟན་ཡོད་དམ།                  ༣ ཁྱོད་ཀྱིས་རྣམ་ཀུན་དགེ་རྒན་ལ་གུས་བཀུར་གང་འདྲ་ཞུ་གི་ཡོད་དམ།

བརྒྱུད་སྐུལ།

མཆན་སྤེལ།