དབུས་གཙང་གི་གནའ་ཤུལ།

དབུས་གཙང་གི་གནའ་ཤུལ།

དབུས་གཙང་གི་གནའ་ཤུལ།

ལོ་རྒྱུས་རིག་པའི་ཞིབ་འཇུག་ལ་མཚོན་ན། ལོ་རྒྱུས་ཡིག་ཆ་ལས་གཞན་པའི་དཔྱད་གཞིའི་རྒྱུ་ཆ་གལ་ཆེན་ཞིག་ནི་གནའ་ཤུལ་དང་་གནའ་རྫས་ཡིན་ཞིང་། དབུས་གཙང་གནའ་ཤུལ་ལ་གདོད་མའི་དུས་ཕྱིས་ཀྱི་དུས་སྐབས་བར་ཡོད་ཅིང་། ནང་དོན་ཡང་བོད་ཀྱི་རྡོ་ཆས་རྙིང་པ་དང་། རྡོ་ཆས་ཞིབ་མོ། རྡོ་ཆས་གསར་མ། རྡོ་ཆེན་རིག་གནས། གནའ་རབས་ཀྱི་བྲག་བརྐོས་དང་། བང་སོ། བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ། སྒྲུབ་ཕུག་གྲགས་ཅན། བྲག་ངོས་ཀྱི་སྐུ་འདྲ། གནའ་མཁར་སོགས་ཡོད། ས་གཤིས་རིག་པ་དང་གནའ་རྫས་རྟོག་ཞིབ་རིག་པ་ཚོས་རྟོག་ཞིབ་བྱས་འབྲས་སུ། བོད་དབུས་གཙང་གི་ཁུལ་ནས་རྡོ་ཆས་གསར་རྙིང་དུས་སྐབས་གཉིས་ཀྱི་རྡོ་ཆས་དང་གནའ་ཤུལ་སྐོར་ཞིག་རྙེད་ཡོད།

དཔེར་ན། སྐྱིད་གྲོང་དང་། ལྷ་ས་ཆུ་གོང་སོགས་སུ་ལོ་ངོ་ཁྲི་གཅིག་གོང་གི་མིའི་རིགས་ཀྱི་སྡོད་ཤུལ་རྙེད་ཡོད།[1] ཕྱི་ལོ་ ༡༩༨༥ ལོར་ལྷོ་ཁ་ས་ཁུལ་འཕྱོངས་རྒྱས་རྫོང་ཤ་གསོས་ཤང་ཁོངས་ནས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་ ༣༩༠༠ ཁྲོད་རྡོ་ཆས་གསར་པའི་དུས་ཀྱི་སྤང་དཀར་གནའ་ཤུལ་བརྙེད་ཅིང་། གནའ་ཤུལ་དེ་ནི་ས་ཕྱེད་ཕུག་ཕྱེད་ཀྱི་སྡོད་ཁང་འཛུག་སྐྲུན་གྱི་ཤུལ་བཞག་ཅིག་ཡིན་པ་ཤེས།[2] ཕྱི་ལོ་ ༢༠༠༣ ལོར་འདམ་གཞུང་རྫོང་ཡངས་པ་ཅན་བཟང་ས་ཤང་གི་མཐོང་ཡངས་སྒར་ས་སོགས་རྙེད་ཡོད།[3] གོང་གསལ་དག་ལས་ང་ཚོས་ཤེས་ཐུབ་པ་ནི། ངོ་ལོ་ཁྲི་གཅིག་གི་གོང་རོལ་གྱི་རྡོ་ཆས་རྙིང་མའི་དུས་དང་གསར་མའི་དུས་ནས་སྤྱིར་བོད་གངས་ཅན་ལྗོངས་དང་། ཡང་སྒོས་བོད་དབུས་གཙང་གི་ལྗོངས་འདིར་མིའི་རིགས་གནས་ཡོད་པ་མ་ཟད། མིའི་རིགས་ཀྱི་འཚོ་བའི་ཆུ་ཚད་མཐོན་པོར་སླེབས་ཡོད་ཡང་གསལ་བཤད་གང་ལེགས་བྱུང་ཡོད།

ལེ་ཚན་དང་པོ། དིང་རིའི་རྡོ་ཆས།

འདི་ནི་གཞིས་རྩེ་དིང་རི་རྫོང་ནས་སྤྱི་ལོ་ ༡༠ ཙམ་ཡོད་པའི་སུབ་རུ་ཞེས་པའི་ས་ཆར་རྙེད་པ་དང་། རྡོ་ཆས་གྲངས་ ༤༠ ཡོད་པ་དེའི་ནང་དུ་གཞོག་རྡོ། འབིགས་རྡོ། རྡོ་གཡམ་བཅས་ཡོད། ལོ་རྒྱུས་རིག་པ་བས་དཔྱད་ན་རྡོ་ཆས་རྙིང་མའི་དུས་མཇུག་ཏུ་མིའི་རིགས་ཀྱི་ཡོ་བྱད་དང་ལག་ཆ་ལ་རྡོ་གཡམ་སྤྱོད་པ་མང་ལ། དིང་རི་ནས་ཐོན་པའི་རྡོ་ཆས་ལས་རྡོ་གཡམ་གྱིས་གྲངས་མང་ཤོས་ཟིན་པར་དཔགས་ན། རྡོ་ཆས་དེ་དག་གི་བདག་པོ་ཚོ་འཚོ་བའི་དུས་སྐབས་ནི་རྡོ་ཆས་རྙིང་མའི་དུས་མཇུག་ཏུ་ཡིན་པར་བདེན་ཤ་ཆོད་པ་གསུངས།

ལེ་ཚན་གཉིས་པ། སྣེ་གདོང་གི་གནའ་ཤུལ།

ཕྱི་ལོ་ ༡༩༨༤ ལོར་ལྷོ་ཁ་སྣེ་གདོང་ནས་རྙེད་པའི་གནའ་ཤུལ་ནས། རྡོ་གཞོག་དང་། གཡུ་ཆས། རྡོའི་གྲི། གཡུའི་གཞོག བསྲེགས་རུས། རྫ་ཆས་ཆག་རོ་སོགས་ཐོན་ཡོད། སྣེ་གདོང་གི་གནའ་ཤུལ་ལས་ཐོན་པའི་གཡུའི་ཡོ་བྱད་ནི་བོད་ཀྱི་གནའ་རྫས་རྟོབ་ཞིབ་ལོ་རྒྱུས་ཐོག་གི་ཐོག་མ་ཡིན་ལ། དེ་ལས་སྣེ་གདོང་གི་གནའ་མི་ཚོས་དུས་དེ་ཤེད་ནས་གཡུ་ལྟ་བུའི་རང་བྱུང་གི་གཏེར་རྡོ་བསྔོག་ཐབས་ཤེས་ཡོད་པ་རྟོགས།

ལེ་ཚན་གསུམ་པ། ཆུ་གོང་(ཆོས་གོང་)གནའ་ཤུལ།

ཆུ་གོང་གནའ་ཤུལ་ནི་ལྷ་ས་གྲོང་ཁྱེར་གྱི་བྱང་ཕྱོགས་ཀྱི་གྲོང་མཐའ་ཆུ་གོང་དུ་ཡོད། ཕྱི་ལོ་ ༡༩༨༤ ལོར་བསྔོགས་འདོན་བྱས་པ་ནི་ཧ་ལམ་སྤྱི་ལེ་གྲུ་བཞི་མ་ལྔ་བརྒྱ་ཙམ་གྱི་ས་མཚམས་རེད། གནའ་ཤུལ་དེའི་ནུབ་ཕྱོགས་སུ་སྤྱི་ཁྲུ་སུམ་བརྒྱ་ཙམ་གྱི་ས་ས་མཚམས་ན་དུར་ཁྲོད་ཅིག་གསར་དུ་རྙེད་པ་ལས་བམ་རོ་སུམ་ཅུ་ལྷག་ཙམ་ཞིག་བསྔོགས་ནས་ཐོན། གཞན་ཡང་གནའ་ཤུལ་དེར་ས་དོང་ཆེན་པོ་བཅུ་ལྷག་ཞིག་རྙེད་ཡོད་པ་དེ་དག་ཕལ་ཆེར་དབྱིབས་ཟླུམ་གཟུགས་སུ་གཅིག་གྱུར་ཏུ་སྣང་ལ། དོང་གི་ནང་དུ་རྫ་ཆས་དང་། སེམས་གྱི་རུས་པ། རྡོ་ཆས་དང་རྡོ་དུམ་སོགས་ཡོད། གཞན་ཡང་ས་དོང་ཁ་ཤས་ལ་སའི་ཐེམ་པ་རིམ་གཉིས་རེད་ཡོད་པ་ཕལ་ཆེར་མིའི་སྡོད་གནས་འདྲ་མིན་ནམ་སྙམ། གནའ་ཤུལ་དེ་དག་ནས་ཐོན་པའི་གནའ་རྫས་དེ་དག་ནི་ཕུན་སུམ་ཚོགས་པའི་དཔྱད་གཞི་ཞིག་ཏུ་སྣང་ལ། གཙོ་ཆེ་བའི་གནའ་རྫས་རྡོ་ཆས་དང་། རྫ་ལེབ། རུས་ཆས། གཞན་ཡང་སེམས་ཅན་རིགས་ཀྱི་རུས་པ་རིགས་མི་འདྲབ་ཁ་ཤས་བཅས་བྱུང་ཡོད་པ་མདོར་བསྡུས་ཞིག་ངོ་སྤྲོད་ཞུས་ན། གནའ་རྫས་ཀྱི་གྲངས་ཀ་དེ་ཧ་ལམ་ཚོད་དཔག་བྱས་པ་ལྟར་ན་གྲངས་ཁྲི་ཕྲག་ལ་ཉེ་བ་ཞིག་ཡོད་དེ་དག་ལ། བཟོས་རྡོ་དང་། བརྡར་རྡོའི་རིགས་གཉིས་འདུག་སྟེ། དེའི་ནང་དུ་མང་ཆེ་ཤོས་ནི་བཟོས་རྡོ་རགས་པའི་རིགས་ཡིན་ལ། བརྡར་རྡོའི་རིགས་ཀྱང་ཁ་ཤས་ཤིག་བྱུང་འདུག རྡོ་ཆས་ཆེ་བ་ལ་སྟ་རེ་དང་། ཐོ་བའི་དབྱིབས་ཅན་གཅོད་བྱེད་དང་། གཏོར་བྱེད། བརྡུང་བྱེད་སོགས་ཀྱི་རྡོ་ཆས། ཆུང་རིགས་ལ་གྲི་འབུག་སོགས་གཞོག་བྱེད་དང་། གཏུབ་བྱེད་དང་། འབུག་བྱེད་སོགས་ཀྱི་རིགས་ཡོད།

གཞན་ཡང་སྤྱོད་སྒོ་མི་གསལ་བའི་རིགས་སྣ་ཚོགས་ཞིག་ཡོད་པ་འདི་དག་སྤྱོད་སྒོ་མང་ལ་སྤུས་ཚད་དག་པོར་སྣང་། འདི་དག་གི་ནང་དུ་ཞིང་ལས་ཀྱི་ལག་ཆ་ཡོད་པར་མ་ཟད། ད་དུང་ལག་ཤེས་ཀྱི་སྤྱོད་ཆས་ཡོད་པ་འདིས་སྐབས་དེར་ལག་ཤེས་ཀྱི་ཆུ་ཚད་མཐོན་པོར་སླེབས་ཡོད་པ་ར་སྤྲོད་ཐུབ། རུས་ཆས་ཀྱི་སྐོར་ལ་མང་ཆེ་བ་ནི་སེམས་ཅན་གྱི་རྐང་ལག་གི་རུས་པ་ལས་བཟོས་པའི་ཁབ་དང་། འབུག སོ་མང། སྐྲ་གཟེར། མདའ་རྩེ་སོགས་ཡོད་ལ། དེའི་ནང་ཆེས་ཡ་མཚན་ཅན་ཞིག་ནི་རུས་ཁབ་རྩེ་མོ་ན་ཁབ་མིག་ཡོད་པ་དེང་དུས་ལྕགས་བཟོ་ཁབ་དབྱིབས་དང་ཆེས་མཚུངས་པར་སྣང་། རྫ་ཆས་ཀྱི་རིགས་ལ་ཆེ་ཆུང་མི་འདྲ་བ་ཁ་ཤས་ཞིག་ཡོད་པ་རྫ་མ་ལུང་གཅིག་ཅན་དང་། རྫ་མ་ལུང་གཉིས་ཅན་དང་། ལྷུང་བཟེད། ས་རྫའི་གསར་བུ། རྫ་བུམ་སྐེ་རིང་ཡོད་པདེ་དག་བཟོ་དབྱིབས་མཛེེས་ཤིང་སྤུས་ཚད་དག་པོར་ཡོད་སྐབས་དེའི་རྫ་མ་བཟོ་རྒྱུའི་ལག་རྩལ་ཧ་ཅང་མཐོན་པོར་སླེབས་ཡོད་པ་ཤེས་ཐུབ། རྒྱན་ཆའི་སྐོར་ལ། རུས་པའི་སྐྲ་གཟེར། རྣ་རྒྱན། ས་རྫའི་གདུ་བུ་དང་། རྡོའི་གདུ་བུ་སོགས་ཡོད་དེ་དག་ཕལ་ཆེར་མགོ་རྒྱན་གྱི་གྲས་སུ་ངེས། གཞན་ཡང་རྟ་རུས་དང་། ནོར་རུས། ར་ལུག་གི་རུས་པ། ཉ་རུས་བཅས་ཡོད་ཅེས་འཁོད་འདུག

ཆུ་གོང་གནའ་ཤུལ་དུ་བམ་རོ་སུམ་ཅུ་ཙམ་སྦས་པའི་ཉེ་འགྲམ་ན། ས་དོང་བཅུ་ལྷག་ཙམ་གྱི་ནང་དུ་ལག་ཆ་སྣ་ཚོགས་དང་། རྒྱན་ཆ། སེམས་ཅན་གྱི་རུས་པ་སྣ་ཚོགས་བཅས་རྙེད་པ་འདི་དག་ལ་དཔྱད་ན། གནའ་རྫས་དེ་དག་ནི་མི་ཤི་བའི་རྗེས་སུ་རང་གིས་གོས་རྒྱན། ལག་ཆ། གཅེས་ནོར་སོགས་ལྷན་དུ་སྦས་པའི་རྟགས་ཡིན་པ་སེམས་ཏེ། བོད་དུ་སངས་རྒྱས་ཆོས་ལུགས་མ་དར་བའི་གོང་དུ་བོན་གྱི་རང་ལུགས་ལ་དེ་ལྟའི་སྲོལ་རྒྱུན་ཡུན་རིང་པོར་གནས་ཡོད་ལ། ལྷག་པར་དུ་ཉ་ཡི་རུས་པ་རྙེད་པ་དེ་ལ་བསམས་ན་དུར་རྫས་ཡིན་པ་འདྲ་སྟེ། སྒོ་ཕྱུགས་དུར་ནོར་དུ་རྫོང་བ་ལྟ་ཅི་སྟེ། ཉ་རིགས་ཀྱང་དུར་ནོར་དུ་རྫོང་བའི་སྲོལ་ཡོད་པར་གསལ་ཏེ། བོན་ལུགས་ཀྱི་ཆོ་གར་གྱུར་པའི་དེང་དུས་ཀྱི་《དུར་ཆོག་》དག་ལས། ཉ་ཕག་ར་ཤ་རྒྱུ་མ་འདི།། ཁྱོད་ཀྱི་དུར་རྒྱགས་སྐལ་གྱིས།། གསོན་ཀྱི་ཟས་གཡང་མ་རྐུ་ཞིག།། ཅེས་སོགས་ཉ་རིགས་དུར་ནོར་དུ་རྫོང་བ་ཡིག་ཆ་ཙམ་མ་ཟད། གཤིན་པོའི་དུར་ནོར་ལ་གང་བབས་ཀྱི་སེམས་ཅན་དེའི་གཟུགས་བརྙན་ཟན་གྱི་བཅའ་བའམ། ཡང་ན། གཏོར་མ་ལ་པར་དུ་བཏབ་སྟེ། དུར་རྫས་གཞན་དག་དང་བཅས་མཚུན་གྱི་བེམ་པོ་དང་ལྷན་དུ་དུར་ནང་བསྐྱལ་ཏེ། གོང་གི་ཆོ་ག་འདི་རྣམས་ཀློག་གིན་ཡོད་པ་ནི་བོད་མི་ཀུན་ལ་གསལ་བ་ལྟར་རེད།[4] ཅེས་འཁོད།

ལེ་ཚན་བཞི་པ། སྟག་ལུང་བྲག་གི་གནའ་ཤུལ།

སྟག་ལུང་བྲག་གི་ཤུལ་རྗེས་ནི་སྟོད་ལུང་བདེ་ཆེན་རྫོང་གནས་ཆུང་ཤང་གི་སྟག་ལུང་དགོན་གྱི་རི་ཞབས་སུ་གནས་ཡོད་པ་དང་། ཤུལ་རྗེས་ཀྱི་རྒྱ་ཁྱོན་རྨིད་ངོས་སྙོམས་གྲུ་བ་ཞི་མ་ལྔ་སྟོང་ཙམ་ཡོད་རུང་། ཤྭ་འོད་ཀྱིས་བསྣུབས་པ་དང་མིས་གཏོར་བཤིགས་བཏང་སྟབས་ད་ཆ་ལྷག་ཤུལ་མང་པོ་མེད་པ་རེད། ཕྱི་རུ་མངོན་པའི་རིག་གནས་ཕུངས་གསོ་རིམ་པ་དང་ས་ངོས་ནས་བཙལ་རྙེད་བྱུང་བའི་རྡོ་ཆས་དང་རྫ་ཆས་ལ་སྟ་རེ་དང་། རྡོ་རིལ། རྡོའི་མཆིག རྫ་མ། རྫ་ཕོར། རྫ་གཞོང་ལ་སོགས་པའི་སྣོད་སྤྱད་དབྱིབས་རིགས་ཡོད་པ་དང་། རྫ་ཆས་ནི་ས་བྱེ་བསྲེས་མ་ཕལ་ཆེ་བ་ཡིན་པ་དང་། སྟེང་དུ་མཛེས་རིས་དང་ཞོར་སྣོན་སྤུངས་རིས་བྲིས་ཡོད་པ་རེད།

ལེ་ཚན་ལྔ་པ། འཕྲེང་འགོ་ལུང་རོང་གི་ཤུལ་རྗེས།

འཕྲེང་འགོ་ལུང་རོང་གི་ཤུལ་རྗེས་ནི་ཕྱི་ལོ་ ༡༩༩༡ ལོར་མཐོང་རྙེད་བྱུང་བ་ཞིག་རེད་ལ། ཤུལ་རྗེས་དེ་ནི་གོང་དཀར་རྫོང་གི་ཡར་ཀླུང་གཙང་པོའི་བྱང་འགྲམ་གྱི་འཕྲེང་འགོ་ཤང་དུ་གནས་ཡོད་པ་དང་། ཤུལ་རྗེས་ཀྱི་རྒྱ་ཁྱོན་ནི་ཕལ་ཆེར་རྨིད་ངོས་སྙོམས་གྲུ་བཞི་མ་ཁྲི་ཙམ་མཆིས་པ་དེ་དག་ཆེས་མང་ཆེ་བ་ནི་བྱེ་མའི་དེའུ་འབུར་གྱི་བཀབ་ཡོད་པ་དང་། རིག་དངོས་མི་ཉུང་བ་ཞིག་ཐད་ཀར་ས་ངོས་སུ་དོན་བསྡད་ཡོད། ཤུལ་རྗེས་ཀྱི་ས་ངོས་ནས་འཚོལ་བསྡུ་བྱས་པའི་དམར་དཔེའི་གྲས་སུ་རྡུང་བཟོས་རྡོ་ཆས་དང་། རྡོ་ཆས་ཕྲ་མོ། བརྡར་བཟོས་རྡོ་ཆས་བཅས་དང་། རྫ་ཆས་འབོར་ཆེན་ཞིག་ཡོད། རྫ་ཆས་སུ་རྫ་མ་དང་། རྫ་གཞོང། རྫ་ཕོར། ཞབས་མཐོའི་སྡེར་མ་ལ་སོགས་ཡོད།

ལེ་ཚན་དྲུག་པ། རྒྱལ་གླིང་མཆད་གནས།

རྒྱལ་གླིང་མཆད་གནས་ནི་ལྷོ་ཁ་གྲ་ནང་རྫོང་རྒྱལ་གླིང་གྲོང་ཚོའི་ཡོད་ཅིང་། རྡོ་བརྩེགས་ཀྱི་མཆད་ཁང་ཞིག་ཡིན་པར་ས་ཡི་བཀབ་ཡོད་པ་དང་མཆོད་དོང་དང་། མཆད་ཁང་གི་རྡོ་སྐས། མཆད་སྒོ། གཞུ་དབྱིབས་ལྡན་པའི་མཆད་ཁང་ཐོག་ཀླད། ཟུར་ཁང་སོགས་ལས་གྲུབ་ཡོད། མཆད་ཁང་གི་ནང་དུ་ཆེས་ཟང་ཟིང་དུ་གྱུར་པའི་མི་རུས་དང་ས་རྡོ་སོགས་མཉམ་དུ་འདྲེས་ཡོད་པ་ལས། མཆད་འཇུག་ཡོད་བྱད་མཐོང་རྒྱུ་མེད་ཅིང་དུར་རྫས་སུ་རྫ་ཕོར་གཙིང་བཟོས་གཅིག་དང་རུལ་གྱུར་གྱི་འབྲུ་རིགས་ཉུང་ཤས་ཤིག ལྕགས་གཟེར་ཆུང་ངུ་གཅིག་བཅས་ལས་མཐོང་རྒྱུ་མེད་པ་ནི་རྐུ་སྔོག་ཚབས་ཆེན་བྱས་པའི་ཀོངས་སུ་གཏོགས་པ་ཞིག་ཡིན་པ་དང་། སྤུར་རྒྱལ་དུས་སྐབས་ཀྱི་ཡིན་པར་གཏན་འཁེལ་རགས་ཙམ་བྱས།[5]  ལེ་ཚན་བདུན་པ། སླེབས་རི་གནའ་བོའི་བང་སོ། སླེབས་རི་གནའ་བོའི་བང་སོ་ནི་དྭགས་སྣང་རྫོང་སྐྱེམས་སྟོང་སླེབས་གྲོང་ཚོའི་ཤར་ཕྱོགས་སླེབས་རིའི་ལྷོར་ཡོད། དེ་ཕན་མི་ལོ་ ༡༠༠༠ ལྷག་གི་ལོ་རྒྱུས་ལྡན་ཞིང་། བང་སོ་དེ་ནི་བཙུན་པོའི་གདུང་རྒྱུད་དང་ལོ་ངོ་ ༣༠༠ ལྷག་གི་གཉེན་འབྲེལ་ཡོད་པའི་མཆིམས་གྱི་བང་སོ་ཡིན་པ་གསུངས། ད་དུང་ལྷོ་ཁ་ས་ཁུལ་ལྷུན་རྩེ་རྫོང་གི་རྡོ་སྒྲོམ་བང་སོ།

མདོར་ན། བོད་དབུས་གཙང་ཆོལ་ཁོངས་ནས། རྡོ་ཆས་རྙིང་པའི་དུས་རབས་ཀྱི་གནས་ཤུལ་ ༡༦ དང་དམར་དཔེའི་རྣམ་གྲངས་ཉིས་སྟོང་།  རྡོ་ཆས་ཕྲ་མོའི་གནས་ས་ཁག་ཞེ་དྲུག་དང་དམར་དཔེའི་རྣམ་གྲངས་སྟོང་ཕྲག་འགའ།  རྡོ་ཆས་གསར་མའི་སྐབས་ཀྱི་ཤུལ་གནས་དང་འཚོལ་བསྡུ་བྱེད་ཡུལ་ཁག་བཅུ་ཙམ། རྡོ་ཆེན་རིག་གནས་ཀྱི་ཤུལ་རྗེས་ཁག་བཞི་ཙམ། གནས་རབས་ཀྱི་བྲག་བརྐོས་རི་མོ་སོ་བདུན། གནའ་རབས་ཀྱི་བང་སོ་ཚོག་གསུམ་བརྒྱ་ཞེ་ལྔ།  ནང་བསྟན་གྱི་བྲག་ཕུག་དགོན་ཤུལ་ཁག་ལྔ། གནའ་བོའི་དགོན་སྡེ་དང་ཤུལ་རྗེས་ཁག་ཆིག་སྟོང་དྲུག་བརྒྱ་དོན་གསུམ། མཆོད་རྟེན་ཁག་སོ་བཞི། གོང་གསལ་ཤུལ་རྗེས་དང་ཤུལ་རྫས་སྣ་ཚོགས་བསྡོམས་ན་ཁག་ཉིས་སྟོང་ཙམ་ཡོད་ཅིང་། ལོ་རྒྱུས་དུས་རབས་ཀྱི་དུས་ཡུན་ནི་ཕལ་ཆེར་བོད་ཀྱི་འདོད་མའི་དུས་སྐབས་ནས་ཕྱིས་འབྱུང་ལོ་རྒྱུས་ཀྱི་དུས་རབས་སོ་སོའི་བར་དུ་ཚུད་ཡོད་པ་དང་། ཡུལ་ཁམས་གྲམ་ཁོངས་ཀྱི་ཐད་ནས་བཤད་ནའང་འདྲ། གནས་རྫས་རྟོག་ཞིབ་ཀྱི་དཔྱད་གཞིའི་ནང་དོན་ཐད་ནས་བཤད་ནའང་འདྲ། ཆུ་ཚད་ངེས་ཅན་ཟིག་གི་ཐོས་ནས་དེ་སྔའི་སྟོང་ཆར་ཁ་སྐོང་བྱས་ཡོད་པ་རེད། བོད་ཀྱི་གནའ་བོའི་དུས་རབས་ཀྱི་ལོ་རྒྱུས་ཞིབ་འཇུག་བྱ་རྒྱུའི་ཐད་ལ་དེ་བས་གསར་ཤོས་ཤིགདང་དེ་བས་ཕུན་སུམ་ཚོགས་པའི་དཔྱད་གཞི་ཞིག་མཁོ་འདོན་བྱས་ཡོད་ལ།  ༩ བྲག་བརྐོས་སྐུ་འདྲ་དང་རྡོ་བརྐོས་རི་མོ་ཁག་སུམ་ཅུ་ལྷག་དང་།

ད་དུང་། འཕན་པོ་ལྷུན་གྲུབ་རྫོང་ཁུལ་ནས་བང་སོ། དེ་ནི་ཕྱི་ལོ་ ༡༩༨༢ ལོར་རྙེད་ཅིང་། གཞི་ཁྱོན་ལ་རྨི་གྲུ་བཞི་མ་ཁྲི་ ༨༡།༥ ཡོད་པ་དང་། ཁྱོན་བསྡོམས་བང་སོ་ཆེ་ཆུང་སྣ་ཚོགས་ ༡༨༤ རྙེད་ལ། དེར་རྡོ་རིང་དང་། གཤིན་རྡོ། ཁང་ཁྱིམ་གྱི་བཟོ་བཀོད་སོགས་ཀྱི་རྣམ་པ་མང་དུ་ཡོད། ཕྱིའི་རྣམ་པ་ཙམ་ནས་བལྟས་ན། བང་སོ་འདིའི་སྒྲིག་གཞི་དང་དབྱིབས་གཟུགས་སོགས་ཧ་ཅང་རྙོད་འཛིང་ཆེ་སྟེ། བཙན་པོའི་རྒྱལ་རབས་སྐབས་ཀྱི་སྐུ་དྲག་ཁྱིམ་རྒྱུད་ཅིག་གི་ཡིན་ནམ་སྙམ་པ་སྐྱེའོ། ད་དུང་སྐྱིད་གྲོང་གི་རྡོ་ཆས་རྙིང་མའི་རྟོག་ཞིབ་དང་འཚོལ་བསྡུ། ཡར་ཀླུང་གཙང་པོའི་ཉེ་འགྲམ་ཀྱི་རྡོ་ཆས་ཞིབ་མོ་དང་རྡོ་བཟོའི་ལག་ཆ་གསར་བྱུང་། མངའ་རིས་ཀྱི་རྡོ་སྤུངས་བང་སོ། རྡོ་ཆེན་གྱི་ཤུལ། མཐོ་ལྡིང་དགོན་གྱི་འཚོལ་ཞིབ། མངའ་རིས་དུང་དཀར་དགོན་གནའ་ཤུལ།

 

[1] འདོད་རྩེ་སྐལ་བཟང་ཚེ་རིང་། བོད་ཀྱི་ཡ་ཐོག་དཔལ་འབྱོར་གྱི་རྣམ་པ་བཤད་པ། བོད་ལྗོངས་ཞིབ་འཇུག ཕྱི་ལོ་ ༢༠༠༦།༤ ཤོག ༢༩།

[2] 霍魏. 吐蕃时代考古新发现及其研究.科学出版社.北京。2012. Pg 440.

[3]霍魏. 吐蕃时代考古新发现及其研究.科学出版社.北京。2012. Pg 440.

[4] ཐུབ་བསྟན་ཕུན་ཚོགས། བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༦། ཤོག ༣༠།

[5] བསོད་ནམས་དབང་འདུས། བོད་ལྗོངས་ས་མཐོའི་གནའ་རྫས་བརྟག་དཔྱད་དང་འབྱུང་འགྱུར་གྱི་བདུན་ལམ། བོད་ལྗོངས་ཞིབ་འཇུག ཕྱི་ལོ་ ༡༩༩༥།༣ ཤོག ༡༡༧།

 

བརྒྱུད་སྐུལ།

མཆན་སྤེལ།