༄༅། །བཀའ་གདམས་གསར་རྙིང་གི་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན་ལས་ཐམས་ཅད་མཁྱེན་པ་རྗེ་དགེ་འདུན་གྲུབ་ཀྱི་རྣམ་ཐར་བཞུགས་སོ།།
༼ པཎ་ཆེན་བསོད་ནམས་གྲགས་པས་ (1478-1554) མཛད།༽
༄༅། །ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ནི་ཤབ་སྟོད་དུ་ལྕགས་ལུག་ལ་སྐུ་འཁྲུངས། སྣར་ཐང་དུ་མཁན་པོ་གྲུབ་པ་ཤེས་རབ་ལ་མཁན་པོ་ཞུས་ཏེ་རིམ་པས་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་མཛད། དགུང་ལོ་ཉེར་ལྔ་པ་ལ་དབུས་སུ་ཕེབས་ཏེ་བཀྲ་ཤིས་དོ་ཁར་རྗེ་རིན་པོ་ཆེ་དང་མཇལ་བ་ནས་བཟུང་སྟེ་གསུང་ཆོས་མང་པོ་གསན། གཞན་ཡང་སེམས་དཔའ་ཆེན་པོ་ཀུན་བཟང་པ་དང༌། རྗེ་བཙུན་ཤེས་རབ་སེང་གེ་དང༌། རྒྱལ་ཚབ་རིན་པོ་ཆེ་རྣམས་ལ་དཀའ་ཆེན་གྱི་བཤད་པ་ཞུས་ཤིང༌། དམར་སྟོན་པ་ཁུ་དབོན་ལ། མདོ་རྩ་འགྲེལ་གསན་པ་སོགས་ལས་མཁས་པ་ཆེན་པོར་གྱུར།
སྔ་སོར་གསང་ཕུ་འཆད་ཉན་ཞིག་མཛད་འདུག་ཀྱང་བཞེད་པ་བཞིན་མ་བྱུང་བས་གཙང་ལ་ཐེགས་ཏེ་བྱ་བྲལ་འཆད་ཉན་འཕེལ་པོ་མཛད་ཅིང༌། མཁས་གྲུབ་ཐམས་ཅད་མཁྱེན་པ་ལའང་གསུང་ཆོས་གསན།
ཞེ་བརྒྱད་པ་ས་རྟ་ལ་དབུས་སུ་ཕེབས་ནས་ཧོར་སྟོན་པ། ལྷ་བསོད་ནམས་ལྷུན་གྲུབ། སྤྱན་སྔ་རིན་ཆེན་འཕེལ། འཇམ་དབྱངས་རིན་རྒྱལ་བ་རྣམས་ལ་མདོ་སྔགས་ཀྱི་ཆོས་མང་པོ་གསན། དེའི་ཚེ་རྗེ་ཤེས་རབ་སེང་གེ་དགེ་ལྡན་དུ་བཞུགས་པར་ངེས་ནའང༌། དཔོན་སློབ་མཇལ་འཛོམ་འདི་བྱུང་གི་གསལ་ཁ་མ་ཐོས། སླར་ཡང་ལྕགས་སྤྲེལ་ལ་གཙང་ལ་བྱོན་ཏེ། དང་པོར་སྣར་ཐང་བྱང་ཆེན་དུ་སྐུ་མཚམས་ཡུན་རིང་དུ་བཅད། དབུས་ལ་ཕེབས་པ་ནས་དེའི་བར་དུ་གྲྭ་ཚང་འདུལ་འཛིན་བྱང་ཆུབ་སེམས་དཔས་བསྐྱངས། སྐུ་མཚམས་གྲོལ་ནས་འདུལ་འཛིན་བྱ་བྲལ་ལ་ཐེགས་པའི་ཤལ་དུ་ཆོས་རྗེ་ཉིད་ཀྱི་བྱ་བྲལ་འཆད་ཉན་འཕེལ་པོ་མཛད།
བཀྲ་ཤིས་ལྷུན་པོ་ཆགས་བཏབ་ཚུལ།
དགུང་ལོ་ང་བདུན་བཞེས་པ་རབ་བྱུང་ཞེས་པ་མེ་མོ་ཡོས་ཀྱི་ལོ་ལ། བཀྲ་ཤིས་ལྷུན་པོ་དཔལ་གྱི་བདེ་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་བཏབ་སྟེ་གཙང་ཕྱོགས་གྱི་སྡེ་སྣོད་འཛིན་པ་ཕལ་ཆེར་སྤྱན་སྔར་བསྡུས་པ་ལ། རྗེ་ཡབ་སྲས་གསུམ་གྱི་ཊཱིཀ་ཆེན་ཐང་མར་བརྡལ་ཏེ་བཤད་པའི་སྒོ་ནས་བསྟན་པ་རིན་པོ་ཆེ་ཉིན་མོ་ལྟར་གསལ་བར་མཛད། གནས་འདི་ལ་ཆོས་རྗེ་ཀུན་བཟང་བའི་དྲུང་གིས་ཕྲག་དོག་པའི་རྣམ་འགྱུར་བསྟན་པ་དགོངས་ཡུལ་དུ་རྒྱུན་ཆགས་པར་བཞུགས་པས་ཉེར་ལེན་དང༌། སྐབས་ཤིག་རི་བོ་དགུ་འདུས་ཀྱི་རྩེར་བྱོན་པའི་ཚེ། ཤར་ཕྱོགས་སུ་སྤྲིན་དཀར་པོ་ཞིག་ལྡིང་བ་གཟིགས་པ་ན། རྒྱལ་བ་ཙོང་ཁ་པ་ཆེན་པོའི་དཀའ་དྲིན་དྲན་པས་ལྷན་ཅིག་བྱེད་རྐྱེན་བྱས་ཏེ་ཐུགས་ཅུང་ཟད་སྐྱོ་བ་དང་ལྷན་དུ། རྗེ་ཡབ་སྲས་ཀྱི་བསྟན་པ་འཛིན་དགོས་དགོངས་པའི་སྙིང་སྟོབས་ཆེན་པོ་འཁྲུངས་པ་མགུར་དུ་གསུངས་པ་ནི། ཤར་གངས་རི་དཀར་པོའི་རྩེ་མོ་ན། །སྤྲིན་དཀར་པོ་གནམ་ལ་བསྙེག་འདྲ་བ། །དེ་མཐོང་བའི་མོད་ལ་བླ་མ་དྲན། །དྲིན་བསམས་ཤིང་བསམས་ཤིང་དད་པ་སྐྱེས། །སྤྲིན་དཀར་པོ་ལྡིང་བའི་ཤར་ཕྱོགས་ན། །འབྲོག་དགེ་ལྡན་རྣམ་པར་རྒྱལ་བ་དེར། །མཚན་བརྗོད་པར་དཀའ་བའི་དྲིན་པོ་ཆེ། །ཕ་བློ་བཟང་གྲགས་པ་ཡབ་སྲས་བཞུགས། །ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་སོགས༌། ཆོས་ཟབ་ཅིང་ཤིན་ཏུ་རྒྱས་པ་གསུངས། །སྤྱིར་ཁ་བ་ཅན་གྱི་སྐལ་ལྡན་ལ། །མགོན་ཁྱོད་ཀྱི་བཀའ་དྲིན་བསམ་མི་ཁྱབ། །སྒོས་སྙོམ་ལས་འཛིན་པའི་དགེ་འདུན་གྲུབ། །བློ་ཅུང་ཟད་ཆོས་ལ་ཕྱོགས་པ་འདི། །རྗེ་ཡབ་སྲས་རྣམས་ཀྱི་བཀའ་དྲིན་ལགས། །དྲིན་ཆེ་བར་ངེས་སོ་ཡབ་སྲས་རྣམས། །དུས་ད་ནས་བྱང་ཆུབ་མ་ཐོབ་བར། །རྗེ་ཡབ་སྲས་ཁྱེད་རྣམས་མ་གཏོགས་པ། །སྐྱབས་རེ་ས་གཞན་ན་མི་འཚོལ་བས། །ཐུགས་བརྩེ་བའི་ལྕགས་ཀྱུས་དྲང་དུ་གསོལ། །དྲིན་ཇི་བཞིན་འཁོར་བར་མ་ནུས་ཀྱང༌། །སེམས་ཆགས་སྡང་དབང་དུ་མ་སོང་བར། །མགོན་ཁྱོད་ཀྱི་བསྟན་པ་འཛིན་པ་ལ། །དུས་ནམ་ཡང་བརྩོན་པ་བགྱིད་པར་སྨོན། །ལར་ད་ལྟར་གངས་རིའི་ཁྲོད་འདི་ན། །རང་བསྟན་པ་འཛིན་པར་ཁས་བླངས་ནས། །གཞན་བསྟན་འཛིན་དགྲ་བོའི་དྭངས་མར་བྱེད། །ཚུལ་འདི་ལ་སྐྱོ་བ་གཏིང་ནས་སྐྱེས། །ཞེས་སོགས་སོ།།
ཆོས་རྗེ་འདིའི་ཆེ་བའི་ཡོན་ཏན་གྱི་དབང་དུ་བྱས་ན། སྐུའི་སྤྱོད་ལམ་ལྷུག་པར་བཞག་ཀྱང༌། ཉེས་ལྟུང་གི་དྲི་མི་མངའ་བ། ལོང་མེད་ཐུགས་ལ་ཤར་ཡང་མཆི་མ་ཚིམ་ཚིམ་མི་མཛད་པ། འཕྲུལ་འགྲོགས་བདེ་ཞིང་ཕུགས་ནོན་ཆེ་བ། ཕྱག་རྫས་ཐམས་ཅད་དཀོན་མཆོག་དང་དགེ་འདུན་ཕྱོགས་སུ་གཏོང་བ། བླ་མ་དང་ལྷ་དང་ཆོས་སྐྱོང་རྣམས་ཀྱིས་དངོས་སམ་རྨི་ལམ་ཅི་རིགས་པར་སྐུ་གསུང་ཐུགས་ཀྱི་སྣང་བ་སྟོན་པ། སླར་ཡང་གཞན་དོན་དུ་མཁས་པ་པཎྜི་ཏར་སྐྱེ་བ་བཞེས་པ། ངེས་པར་ན་སྟོན་པ་རིན་པོ་ཆེར་ཞལ་གྱིས་འཆེས་པ་སྟེ། རང་ཅག་རྣམས་ཀྱི་བློའི་ཡུལ་ལས་འདས་སོ། །
གཞན་ཡང་སྐུ་གསུང་ཐུགས་ཀྱི་རྟེན་མང་པོ་བཞེངས་པ་དང༌། རྣམ་འགྲེལ་གྱི་ཊཱིཀ་ཆུང༌། སྤྱི་དོན་རིགས་རྒྱན། འདུལ་ཊཱིཀ་ཆེན་མོ། གླེང་འབུམ་ཆེན་པོ་སོགས་རྩོམ་པ་མང་པོ་གནང་བའི་སྒོ་ནས་བསྟན་པའི་བྱ་བ་རྒྱ་ཆེར་མཛད་དེ། དགུང་ལོ་གྱ་བཞི་བཞེས་པ་ཤིང་ཕོ་རྟའི་ཟླ་བ་བཅུ་གཉིས་པའི་ཚེས་བརྒྱད་ལ་ངོ་མཚར་བའི་ལྟས་དང་བཅས་ཏེ་སྐུ་གཤེགས། དེ་ནས་ལོ་ལྔ་བཅུ་རྩ་དྲུག་འདས། དེ་ལ་སྲས་སྐུ་ཚེའི་སྟོད་ལ་འཁྲུངས་པའི་སྔ་ཚར་ནི། རིན་པོ་ཆེ་སྨོན་ལམ་དཔལ་བ། འདུལ་འཛིན་བྱང་ཆུབ་སེམས་དཔའ། འདུལ་ནག་པ་དཔལ་ལྡན་བཟང་པོ། བྱ་བཏང་སེམས་དཔའ་ཆེན་པོ། ཆོས་རྗེ་བཟང་བཀྲས་པ། མཁས་པ་དྲི་མེད་བཤེས་གཉེན། དྲུང་དཔལ་ཚུལ་བ། མཁན་ཆེན་བཟོད་པ་དཔལ། ཆོས་རྗེ་བཟང་པོ་རྒྱལ་མཚན། རབ་འབྱམས་པ་བཀྲ་ཤིས་བཟང་པོ། མཁས་པ་དཔལ་ལྡན་ཆོས་སྐྱོང༌། རྒྱུད་སྡེ་འཛིན་པ་སྦྱིན་པ་དཔལ། རྒྱུད་སྡེ་འཛིན་པ་གྲགས་བཟང་པ། རྒྱུད་སྡེ་འཛིན་པ་ཀུན་དགའ་དོན་གྲུབ། འཕགས་པ་འཆར་ཁ། དཀའ་བཅུ་བ་སྨྲ་སེང༌། མངའ་རིས་པ་རྒྱལ་མཆོག །པཎ་ཆེན་ཀུན་རིན། མདར་སྟོན་བྱང་ཆུབ་དཔལ། དྲང་ཤཱ་རིའི་བུ། བླ་མ་བྱང་གླིང་པ་ཆོས་དཔལ་ལོ།
བར་ཚར་ནི། མཁན་ཆེན་ཤེས་རབ་རྒྱལ་མཚན། ཆོས་རྗེ་ལུང་རིགས་པ། ཆོས་རྗེ་གྲགས་བསམ་པ། མཁས་པ་སྟོབས་ལྡན་འོད་ཟེར། མཁས་པ་ཆོས་འབྱོར་དཔལ་བཟང༌། ཐོག་སངས་རྒྱས་དཔལ་རིན། དཀའ་བཞི་བ་དགེ་འདུན་བསམ་གྲུབ། བཀའ་བཞི་པ་དོན་ཆོས། དཀའ་བཅུ་བ་རིན་རྒྱལ། ཆོས་རྗེ་འཇམ་དཔལ་གྲགས་པ། གནས་རྙིང་པ་འོད་ཟེར། བྱམས་ཆོས་པ་གྲགས་ཡོན། དཀའ་བཅུ་བ་དབང་ཕྱུག་དཔལ། དཀའ་བཅུ་བ་དཔལ་ལྡན་བཟང་པོ། རམ་འབྱམས་པ་སངས་དབང༌། དཀའ་བཅུ་བ་ཀུན་དགའ་དཔལ་རིན། གནས་བརྟན་ལྷོ་པ་དོན་གྲུབ་དཔལ། བྱང་པ་བློ་གྲོས་མགོན་ནོ། །
ཕྱི་ཚར་ནི། གནས་སྙིང་རིན་པོ་ཆེ་ཀུན་དགའ་བདེ་ལེགས་རིན་ཆེན་རྒྱལ་མཚན་དཔལ་བཟང་པོ། རིན་པོ་ཆེ་རྗེ་དབོན་པ། རིན་པོ་ཆེ་ཤེས་རབ་དར། མཁན་ཆེན་གྲགས་པ་ཤེས་རབ། ཆོས་རྗེ་རྟ་ནག་ཆོས་མཛད། ཆོས་རྗེ་ཡེ་ཤེས་རྩེ་མོ། འབྲོང་རྩེ་ཆོས་རྗེ་ཆོས་བློ་བ། དཀའ་བཅུ་བ་ཡེ་ཤེས་བཟང་པོ། དཀའ་བཅུ་བ་ཤེས་རབ་དཔལ་ལྡན། དཀའ་བཅུ་བ་སྨོན་ལམ། མཁན་ཆེན་བྲག་པ། ས་སྐྱ་པ་སློབ་དཔོན་སངས་བྱང༌། གངས་ཅན་པ་རྒྱལ་བ་བསམ་གྲུབ། ཨུ་རི་དཀའ་བཅུ་བ་ཤེས་རབ་དཔལ། དཀའ་བཅུ་བ་ཚུལ་ཁྲིམས་བཟང་པོ། ཆོས་རྗེ་འཇམ་དབྱངས་བློ་གྲོས། བླ་མ་རྣམ་རྒྱལ་གྲགས་པ། རབ་འབྱམས་པ་འཇམ་དཔལ་བཟང་པོ་ལ་སོགས་པ་དང༌། བླ་མ་ལྷུན་རྩེ་བ། བླ་མ་མན་ལུང་པ། བླ་མ་ཡོན་ཏན་དཔལ་འབྱུང་བ། ལྷ་བཙུན་བསྟན་པ་རྒྱལ་མཚན་པ་ལ་སོགས་པ་སྒོམ་ཆེན་གྱི་བུ་སློབ་ཀྱང་མང་དུ་བྱོན།།[1] །།
[1] པཎ་ཆེན་བསོད་ནམས་གྲགས་པའི་གསུང་འབུམ། ༼༡༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༠༡ ལོ། ཤོག་གྲངས་ ༡༤༧ ནས་ ༡༥༡ བར་བཞུགས་པ་ལས་བཏུས་པའོ།།