སྔོན་གླེང་།
གུས་མོས་ད་ལན་སླར་ཡང་སྒྲོན་དཔེ་ཚོགས་ལྔ་ཅན་ཞིག་བྲིས་ཡོད། བྱིས་སྒྲུང་དེ་དག་ལ་རྒྱ་ཆེའི་བོད་ཕྲུག་ཚོས་སྤྲོ་སྣང་དང་བཅས་ལོངས་སུ་སྤྱོད་རྒྱུར་རེ་སྨོན་ཞུ། སྤྱིེར་ད་ལྟའི་དུས་འདིར་བོད་ཕྱི་ནང་གཉིས་སུ་བོད་ཀྱི་རིག་གཞུང་དང་འབྲེལ་བའི་ཁྱད་ཆོས་སྣ་མང་ཅན་གྱི་བྱིས་སྒྲུང་འབྲི་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་ནི་ཡི་རང་དང་དགའ་བསུ་ཞུ་འོས་པའི་གཏམ་བཟང་རང་རེད།
གུས་མོས་འདིར་བྷེལ་ཇམ་གྱི་སློབ་མ་ཚོས་སློབ་སྦྱོང་བྱེད་སྟངས་ཀྱི་བརྒྱུད་རིམ་ལ་རྒྱུས་ལོན་བྱུང་བར་མ་ཟད། རང་རེ་བོད་ཕྲུག་ཚོར་ལོ་ངོ་མང་པོའི་རིང་དགེ་རྒན་བྱས་པའི་ཉམས་མྱོང་སོགས་ལ་གཞིགས་ནས་བསྐྱར་དུ་སྒྲོན་བྱིས་པའི་དཔེ་ཚོགས་ལྔ་ཅན་ཞིག་བྲིས་ཡོད། དེ་སྔོན་ ༢༠༢༢ ལོར་གུས་མོས་སྒྲོན་ཞེས་པའི་བྱིས་སྒྲུང་དཔེ་ཚོགས་བཅུ་ཅན་ཞིག་དཔར་འགྲེམས་ཞུས་པས་གང་ས་ནས་དགའ་མོས་བྱེད་མཁན་དང་བསྔགས་བརྗོད་གནང་མཁན་ཡང་མང་པོ་བྱུང་། ལྷག་པར་རང་གཞུང་ཤེས་རིག་ལས་ཁུངས་ནས་གུས་མོའི་བྱིས་སྒྲུང་དག་ལ་ཆེ་མཐོང་ཆེན་པོ་གནང་བྱུང་བས་དགའ་སྤོབས་དང་། དཀའ་ལས་བརྒྱབ་པའི་འབྲས་བཟང་ལ་བློ་ཡིད་ཁེངས་པོ་བྱུང་།
སྤྱིར་ངས་བྱིས་སྒྲུང་བྲིས་པའི་དགོས་དམིགས་ནི་ས་ཕྱོགས་གང་སར་གནས་པའི་རང་རེ་བོད་ཀྱི་སོན་རྩ་རྣམས་ལ་ཅུང་ཟད་ཕན་ན་བསམ་པའི་ཀུན་སློང་རྣམ་དག་ཅིག་བཅངས་ནས་བྲིས་ཤིང་། ད་ལན་ ༼ཤེས་བྱ་གསར་རྟོགས་དང་། དོམ་ཁྲས་ཨ་ཁུ་གཡག་ལ་དངུལ་གཡར་བ། གྲོང་གསེབ་ཀྱི་འཚོ་བ་དང་མ་བུའི་བརྩེ་སེམས། དཀར་ཟས་ཀྱི་དགེ་མཚན། བུ་བྱམས་པ་འཛམ་གླིང་བསྐོར་བ།༽ བཅས་སྒྲུང་དེབ་ལྔ་པོ་འདི་དག་བསླབ་བྱ་དང་འབྲེལ། བོད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཡོད། བྱིས་སྒྲུང་དེ་དག་གི་མཐའ་མའི་བསླབ་བྱ་དང་། བར་བཅུག་རིག་རྩལ་གྱི་རི་མོ། མིང་ཚིག་གསར་པ། ཚིག་གྲོགས་བཟོ་སྟངས། མིང་ཚིག །བྱ་ཚིག །ཁྱད་ཚིག །སྒྲུང་ནང་གི་ཕྲད་ངོས་འཛིན་བྱེད་རྒྱུ་བྲིས་དགོས་དོན་ནི་ལོ་ཆུང་སློབ་མ་ཚོར་ཕན་འབྲས་ངེས་ཅན་ཐོབ་པའི་དགེ་མཚན་མང་པོར་བསམས་ཏེ་བྲིས་པ་ཡིན། སྒྲུང་ཆ་ཚང་བཀླགས་ཟིན་རྗེས་གཤམ་གྱི་དེ་དག་ལ་ཁྱེད་ཀྱིས་དོ་སྣང་བྱས་ན་མི་ཤེས་པའི་མུན་པའི་ཞིང་ས་གཤིན་པོར་ཤེས་རབ་ཀྱི་མེ་སྟག་རྟ་རྔ་ཙམ་འཕྲོ་བྱུང་ན། འདི་ནི་ངའི་དགོས་དམིགས་དེ་ཡིན། ཚང་མ་ཞལ་བྲོ། བཀྲ་ཤིས། ཕུན་ཚོགས་དབྱངས་ཅན་གྱིས་ཕྱི་ལོ་ ༢༠༢༥ ཟླ་བ་ ༦ ཚེས་ ༢༠ ལ་བྲིས།
