ལེའུ་ལྔ་པ། བྱང་རིགས་སྡེ་བཞིའི་ལོ་རྒྱུས།
ས་བཅད་དང་པོ། བྱང་རིགས་སྤྱི་བཤད།
ལེ་ཚན་དང་པོ། བྱང་རིགས་ཀྱི་མིང་དང་ས་བབ་ཆགས་ཚུལ།
དང་པོ། བོད་བྱང་ཐང་ཞེས་པའི་མིང་གི་ཐོགས་ཚུལ།
བྱང་རིགས་སྡེ་བཞིའི་ཡུལ་གྲུ་དེར་བོད་བྱང་ཐང་ཞེས་ཀྱང་འབོད་ལམ་ཡོད་ཅིང་། བོད་བྱང་ཐང་ཞེས་པ་ནི་གངས་ཏི་སི་དང་གཉན་ཆེན་ཐང་ལྷའི་རི་བོ་དབྱེ་མཚམས་སུ་བྱས་ནས་བར་དབུས་གཙང་གི་ཡུལ་གྲུ་དེ་བཞིན་བོད་ལྷོ་ཕྱོགས་རི་སྒང་མཚེའུ་གཤོང་དང་། བོད་བྱང་ཕྱོགས་མཐོ་སྒང་མཚེའུ་གཤོང་ཁུལ་གཉིས་སུ་ཕྱེ་ཡོད་ཅིང་། བོད་བྱང་ཕྱོགས་མཐོ་སྒང་མཚེའུ་གཤོང་ཁུལ་གྱི་བསྡུས་མིང་ལ་བོད་བྱང་ཕྱོགས་མཐོ་སྒང་ཞེས་འབོད། དེ་ནི་ནམ་རྒྱུན་འབོད་པའི་བྱང་ཐང་ཞེས་པའི་ཁུལ་དེ་རེད། ཁུལ་དེར་འཚོ་ཞིང་གནས་པའི་མི་རྣམས་ལ་བྱང་འབྲོག་ཅེས་འབོད།
སྐབས་དོན་འདིར་བཤད་པའི་བྱང་ཐང་ངམ་བྱང་འབྲོག་ནི་བཙན་པོ་སྐུ་ཕྲེང་བཞི་པ་བསྟན་འཛིན་འཕྲིན་ལས་ཀྱིས་མཛད་པའི་《འཛམ་གླིང་རྒྱས་བཤད།》ནང་བཤད་པའི་བྱང་རིགས་སྡེ་བཞི།[1] ཞེས་འཁོད་པའི་ཁྱབ་ཁོངས་ས་ཡུལ་རྣམས་ལ་གོ་དགོས་པ་ཡིན། དེ་ཡང་བྱང་རིགས་སྡེ་བཞི་ཞེས་པ་ནི་བོད་སིལ་བུའི་སྨད་ཙམ་ནས་ཁུལ་དེའི་འབྲོག་སྡེ་རྣམས་ལ་བྱང་རིགས་སྡེ་བཞི། ཞེས་འབོད་རྒྱུན་དུ་གྲགས་ཤིང་། བྱང་རིགས་སྡེ་བཞི་ནི་ནག་ཚང་དང་། གནམ་རུ། ནག་ཆུ། ཡངས་པ་ཅན།[2] ཞེས་འཁོད་འདུག་ལ། དུས་རབས་བཅུ་གསུམ་པའི་ནང་དཔལ་ལྡན་ས་སྐྱ་པས་བོད་ལ་དབང་ལུང་སྒྱུར་སྐབས་སུ་ཡང་། བྱང་རེ་ཐག་ཕྱིར་འཐེན།[3] ཞེས་བྱུང་བ་བཞིན། ལྷ་རྒོད་གདུང་རྩེ་ཡན། དང་ར་གཡུ་མཚོ་མན་འདི། བྱང་རེ་ཐག་འཐེན་པའི་ཁྲི་སྐོར་དུ་བྱས་ནས་བྱང་པ་ཁྲི་སྐོར།[4] ཞེས་འབོད་རྒྱུན་དུ་བྱུང་། གནས་ཚུལ་དེ་ལས་ཀྱང་བྱང་ཞེས་པའི་ཐ་སྙད་འདི་མ་མཐའ་ཡང་བོད་སིལ་བུའི་དུས་སྐབས་ནས་བྱུང་བ་ར་འཕྲོད་བྱུང་ཡོད།
གཉིས་པ། བྱང་རིགས་སྡེ་བཞིའི་ས་བབ་ཆགས་ཚུལ།
བྱང་རིགས་སྡེ་བཞི་ནི་གངས་ཏི་སི་རི་བོ་དང་། ཁུ་ལུན་རི་བོ། གདང་ལ་རི་བོ། གཉན་ཆེན་ཐང་ལྷ་བཅས་ཀྱི་བར། གོ་ལའི་བྱང་གི་འཕྲེད་ཐིག་ ༢༩༚ ༩’ 〜 ༣༦༚ ༥’ དང་། ཤར་གྱི་གཞུང་ཐིག་ ༨༣༚ ༩’ 〜 ༩༥༚ ༠’ བཅས་ཀྱི་བར་དུ་གནས་ཡོད་པའི་ཡུལ་གྲུ་དེ་ནི་མི་རྣམས་ཀྱིས་ཤོད་རྒྱུན་དུ་གྲགས་པའི་བོད་བྱང་ཐང་ཞེས་པ་དེ་ཡིན་ཅིང་། ཁུལ་དེའི་ཤར་ཕྱོགས་སུ་མདོ་ཁམས་དང་། ལྷོ་ཕྱོགས་སུ་དབུས་གཙང་མཐིལ་(དབུས་དང་གཙང་ཁོ་ནར་གོ་དགོས།)ནུབ་ཕྱོགས་སུ་སྟོད་མངའ་རིས། བྱང་སྟོད་དུ་ཤིང་ཅང་དང་བྱང་སྨད་དུ་ཨ་མདོ་བཅས་དང་ས་འབྲེལ་ཡིན་ཅིང་། ནུབ་ངོས་མཐོ་ཞིང་ཤར་ངོས་དམའ་བའི་ས་བབ་དེ་ནི་ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་མི་ཊལ་ ༤༥༠༠ ཡན་ཡོད་སྟབས། ལོ་རེའི་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ ༡.༩༚C ཡིན་ཅིང་། ཟླ་དང་པོའི་ཆ་སྙོམས་དྲོད་ཚད་ ༡༣.༨༚C དང་ཟླ་བདུན་པའི་ཆ་སྙོམས་དྲོད་ཚད་ ༨.༨༚C ཡིན་ལ་འབྲོག་ལས་གཙོ་བོའི་ས་ཁུལ་ཞིག་རེད།
བྱང་རིགས་སྡེ་བཞིའི་ས་ཁུལ་དེ་བཞིན་བོད་ཁྱོན་ཡོངས་ནས་གྲང་ངར་ཆེ་བའི་ཡུལ་གྲུ་ཞིག་ཡིན་པས། ལྷག་པར་དགུན་ཁ་གྲང་ངར་ཆེ་ལ་མཁའ་རླུང་ཉུང་ཞིང་གནམ་གཤིས་སྐམ་ཤས་ཆེ་བ། རླུང་བུ་ཆེ་ལ་ལོ་རེའི་ལྟོས་བཅས་ཀྱི་བཞའ་ཚན་བརྒྱ་ཆ་ ༤༨-༥༡ དང་ལོ་རེའི་ཆར་པ་བབས་ཚད་མི་ལི་མི་ཊལ་ ༣༨༠ ལོ་རེར་ཉི་འོད་ཕོག་ཚད་ཆུ་ཚོད་ ༢༨༥༢. ༦-༢༨༨༡.༧ བར་དང་ལོ་ཧྲིལ་པོའི་ནང་སད་རྒྱག་པའི་དུས་ཤས་ཆེ་བ་ཡིན། ལོ་ལྟར་ཕྱི་ཟླ་ ༡༡ པ་ནས་དུས་སང་གི་ཟླ་ ༣ བར་ཐན་པ་ཆེ་ཞིང་རླུང་བུ་རྒྱག་པའི་དུས་ཁོ་ན་ཡིན་པ་དང་། དེའི་རིང་གནམ་གཤིས་སྐམ་ཤས་ཆེ་བ་དང་། དྲོད་ཚད་དམའ་བ། མཁའ་རླུང་མི་འདང་བ། བྱེ་རླུང་དྲག་པོ་རྒྱག་གི་ཡོད། ཕྱི་ཟླ་ ༥ ནས་ ༩ བར་ལྟོས་བཅས་ནས་བཤད་ན་ཅུང་དྲོ་བ་དང་རྩྭ་ཐང་སྟེང་གི་དུས་ཚོད་ཡག་ཤོས་ཡིན། ལོ་རེའི་ཆར་པ་བབས་ཚད་ལོ་ཧྲིལ་པོའི་བརྒྱ་ཆ་ ༨ ཟིན་གྱི་ཡོད་པས་ལྗང་པ་སྐྱེས་པའི་དུས་ཚོད་ལོ་ཧྲིལ་པོར་ཉིན་བརྒྱ་ཡས་མས་ལས་མེད།
གསུམ་པ། བྱང་རིགས་སྡེ་བཞིའི་སྲིད་འཛིན་འཕོ་འགྱུར།
དེ་ཡང་མཚེ་རྡོ་ཚྭ་ཁ་དང་། ཡག་ཆུ་ཡ་ཐོད། སེར་གླིང་མཚོ་སོགས་ཀྱི་ཉེ་འགྲམ་ལས་བཙལ་རྙེད་བྱུང་བའི་གནའ་རྫས་ལྟར་ན། བོད་བྱང་ཐང་གི་ཁུལ་ནས་རྡོ་ཆས་རྙིང་མའི་དུས་དཀྱིལ་དང་དུས་མཇུག་གི་རིག་གནས་ཤུལ་བཞག་གསར་རྙེད་བྱུང་བ་དག་ལ་གཞིགས་ན་ད་བར་ལོ་ངོ་ཆིག་ཁྲི་ནས་ལྔ་ཁྲིའི་བར་སོང་ཡོད་པར་བཤད།[5] གནའ་དུས་ཁུལ་དེའི་ས་ཆ་འགའ་ནི་ཞང་ཞུང་སྒོ་ཕུག་བར་གསུམ་དུ་དབྱེ་བའི་བར་མ་དྭང་ར་འོམ་བུའི་མངའ་ཁོངས་དང་། ཕྱི་མ་གསུམ་གླང་གྱིམས་ཤོད་(སྟེང་ཆེན་རྫོང་།)བར་གྱི་ས་ཡུལ་ཡུག་གཅིག་ལ་ཆགས་ཡོད་སྟབས་ཞང་ཞུང་སྒོ་པའི་ཁོངས་སུ་གཏོགས་པར་སྣང་། དྭང་ར་ཁྱུང་རྫོང་ནི་དེང་གི་ནག་ཆུ་ས་ཁུལ་གྱི་ལྷོ་ནུབ་ཏུ་ཡོད་པའི་དྭང་ར་གཡུ་མཚོའི་ཉེ་འགྲམ་དུ་ཡོད་པ་དེར་ངོས་འཛིན་པ་དང་། ཞང་ཞུང་སྟོང་རྒྱུད་མཐུ་ཆེན་བཞུགས་ཡུལ་སྒྲུབ་གནས་གནམ་མཚོའི་དོ་གླིང་ལ་ཡིན་པར་གྲགས། མདོར་ན་སྔ་རབས་ཁུལ་དེ་ནི་ཞང་ཞུང་གིས་དབང་ལུང་བསྒྱུར་བའི་འབྲོག་སྡེ་ཉུང་ངུ་ཆགས་པའི་འབྲོག་ཡུལ་ཞིག་ཡིན་ཚོད་འདུག་གོ།[6]
དུས་རབས་བདུན་པའི་ནང་ཞང་ཞུང་གི་སྟོབས་ཤུགས་ཉམ་ཞན་དུ་ཕྱིན་པ་དང་སྦྲགས། བོད་བྱང་ཐང་གི་ཤར་རྒྱུད་རྣམས་སུམ་པའི་ཚོ་པས་དུས་ཐུང་དབང་བསྒྱུར་བྱས་ཤིང་། སྤུར་རྒྱལ་བཙན་པོ་སྲོང་བཙན་སྒམ་པོས་བོད་ཁམས་གཅིག་གྱུར་བཟོས་རྗེས་བྱང་འབྲོག་ཤར་རྒྱུད་ཀྱི་ས་སྡེ་འགའ་སུམ་པའི་རྒྱལ་ཕྲན་གྱི་ཁོངས་སུ་གཏོགས་པ་ནི། རུ་བཞི་དང་སུམ་པའི་རུ་སྟོང་སྡེ་རེ་གཅིག་ཏུ་ཕྱེ་བ་ལས། སུམ་པའི་ཚོ་པ་གནས་ཡུལ་ལ་སུམ་པའི་རུ་དང་སྟོང་སྡེ་བཅུ་གཅིག་བཙུགས་པ་ལས་ནག་ཆུ་ཡང་རུ་དེའི་ཁོངས་སུ་གཏོགས།[7] བོད་སིལ་བུའི་སྐབས་སྐྱིད་ལྡེ་ཉི་མ་མགོན་ལ་སྲས་དྲུག་བྱུང་བའི་ལྔ་བྱང་དུ་གཤེགས།[8] ཞེས་དང་། དྲང་སྲོང་ལྡེ་དང་འཁོར་ལོ་ལྡེ་གཉིས་ཀྱི་གདུང་རྒྱུད་རྣམས་བྱང་དུ་གྱར་ཏེ་བྱང་ཕྱོགས་ཁུལ་ཁག་ཅིག་བཙན་པོ་འོད་སྲུང་གི་རྒྱུད་པས་དབང་ལུང་བསྒྱུར་ཡོད་པར་སྙམ་ལ། གཞན་ཡང་ཤོད་སྲོལ་འགའ་རེར་སིལ་བུའི་སྐབས་སུ་བྱང་རྒྱུད་ཀྱི་ཁུལ་དག་ནི། གླིང་གེ་སར་རྒྱལ་པོའི་དམག་དཔུང་ནང་ཧོར་བདུད་གཉིས་ཞེས་གྲགས་པ་ལས། ཤན་པ་རྨེ་རུ་རྩེའི་གདུང་རྒྱུད་དང་། ཧོར་སྡེ་དམར་ནག་བཅུ་གཉིས་ལས་ས་འདིར་མཆེད་པ་ཕྱིས་ཀྱི་ཧོར་ཚོ་སོ་དགུ་དང་། ཨ་སྟག་ཀླུ་མོ་གཙོས་པའི་བདུད་སྡེ་ཁྲི་སྐོར་བཅུ་གསུམ་ནི་བྱང་རིགས་དང་། གནམ་རུ། ནག་ཚང་།[9]བཅས་ཡིན་པར་བཤད་ཀྱང་ལོ་རྒྱུས་དངོས་དང་འཚམ་དཀའ།
དུས་རབས་བཅུ་གསུམ་པའི་ནང་དཔལ་ལྡན་ས་སྐྱ་པས་བོད་ལ་དབང་ལུང་བསྒྱུར་སྐབས། བོད་བྱང་ཐང་གི་ཁུལ་ཕལ་མོ་ཆེ་བྱང་འབྲོག་ཁྲི་སྐོར་གྱི་ཁོངས་སུ་གཏོགས་ཤིང་། ཕྱིས་དབུས་ཁུལ་དུ་རྟ་ཟམ་བདུན་བཙུགས་པ་ལས་ནག་ཆུ་དང་། ཡངས་པ་ཅན་སོགས་རྟ་ཟམ་གྱི་བརྒྱུད་ལམ་ཁེལ་བ་དང་སོག་དམག་ཕོན་ཆེ་བཅའ་སྡོད་བྱ་ཡུལ་གྱི་ཁུལ་ཞིག་ཡིན་ལ། ཁུལ་དེར་རིམ་པས་ཧོར་གྱི་རུས་རྒྱུད་ཀྱིས་དབང་ལུང་བསྒྱུར་བའི་ཡུལ་སྡེ་ཤིག་ཆགས་པས་ཨ་ཕོ་ཧོར་ཞེས་འབོད་རྒྱུན་དུ་བྱུང་བར་སྣང་། གང་ལྟར་ཡང་གཞུང་ས་དགའ་ལྡན་ཕོ་བྲང་པའི་ཡར་སྔོན་དུ་བོད་བྱང་ཐང་ཤར་རྒྱུད་ཀྱི་སྤྱིའི་འགོ་པ་ནི་བར་ཐའི་ཇིང་གིར་དཔོན་ཆེན་ཞེས་པ་དེ་ཡིན་འདུག་ཅིང་། དེ་ཡང་ཧོར་ཇིང་གིར་རྒྱལ་པོའི་མི་རྒྱུད་དང་བྱང་པགས་ཞྭ་ཅན་གྱི་རྒྱལ་པོའམ་བྱང་སྡེ་རེ་སྒོ་ཅན་[10]གྱི་རྒྱལ་པོ་ཞེས་དམངས་ཁྲོད་དུ་འབོད་སྲོལ་ཡོད་འདུག ཕྱིས་བྱང་རིགས་ཁུལ་གྱི་ཡུལ་སྡེ་ཁག་གཞུང་ས་དགའ་ལྡན་ཕོ་བྲང་གི་གཞུང་སྡེ་ངོ་མར་གྱུར་རྗེས། བོད་བྱང་ཐང་གི་སྟོད་རྒྱུད་དུ་ནག་ཚང་ཨ་ཇོ་ཞེས་པ་དང་། སྨད་དུ་ནག་ཆུ་མཁན་ནང་ཞེས་པའི་སྲིད་འཛིན་འགོ་བ་བཀོད་མངགས་གནང་བའི་ལུགས་སུ་བྱུང་འདུག་ལ།
ཕྱི་ལོ་ ༡༩༤༢ ལོར་སྤྱི་ཁྱབ་རིམ་པའི་སྲིད་འཛིན་སྒྲིག་གཞི་བཙུགས་ནས་བྱང་རྒྱུད་སྤྱི་ཁྱབ་ཅེས་པར་བསྒྱུར་ཅིང་། བྱང་སྤྱི་སེར་སྐྱ་སྦྲེལ་པོ་རེ་བསྐོ་འཛུགས་གནང་སྲོལ་བྱུང་འདུག བྱང་སྤྱི་ནི་སྟོད་ནག་ཚང་ནས་སྨད་ཁྱུང་པོ་སྟེང་ཆེན་བར་གྱི་རྫོང་གཞིས་བཅོ་བརྒྱད་ཙམ་གྱི་སྤྱི་ཁྱབ་འགོ་འཛིན་རེ་འདུག་ལ། སྐབས་དེར་བྱང་རིགས་སུ་སྲིད་འཛིན་ཤོག་ཁག་ལྔ་བཅུ་ང་གསུམ་ཡོད་འདུག་པ་ནི་ནག་ཚང་ཤན་རྩ་རྫོང་དང་། གནམ་རུ་སོགས་བྱང་རིགས་སྡེ་བཞི་དང་། རུ་དྲུག་དཔོན་འགོ། ཧོར་ཚོ་པ་སོ་དགུའི་ཁོངས་རྫོང་ཁག་དྲུག་བཅས་བྱང་རིགས་ཁུལ་གྱི་སྤྱི་འདོམས་བྱང་སྤྱི་ནག་ཆུ་མཁན་རིམ་གཉིས་དང་། ལས་བྱ་སེར་སྐྱ་གཉིས་བཅས་བསྐོ་གཞག་གིས་ལས་དོན་གལ་ཆེའི་རིགས་མ་གཏོགས། དེ་མིན་ཞི་དྲག་གི་སྤྱི་འདོམས་བྱང་སྤྱི་མཁན་རིམ་གཉིས་ནས་ཐག་གཅོད་བྱེད་དགོས་ཀྱི་ཡོད་འདུག[11]
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1]. བཙན་པོ་བསྟན་འཛིན་འཕྲིན་ལས། འཛམ་གླིང་རྒྱས་བཤད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༣། ཤོག ༡༨༦།
[2]. 格勒 刘一民.等 藏北牧民.西藏那曲地区社会历史调查.中国藏学出版社.1993.Pg 36.
[3]. སྟག་ཚང་དཔལ་འབྱོར་བཟང་པོ། རྒྱ་བོད་ཡིག་ཚང་ཆེན་མོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༥། ཤོག ༤༠༥།
[4]. སྟག་ཚང་དཔལ་འབྱོར་བཟང་པོ། རྒྱ་བོད་ཡིག་ཚང་ཆེན་མོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༥། ཤོག ༤༠༥ ནས་ ༤༠༨།
[5]. ནག་ཆུའི་བྱང་རིགས་ཚོ་བའི་རྒྱུ་ཆ་དཔྱད་གཞི་ཕྲ་རགས་བགྲེས་པོའི་ཚེ་སྒྲ། ནག་ཆུ་ས་གནས་སྲིད་གྲོས་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་རྩོམ་སྒྲིག་ཁང་ནས་སྐྲུན། དེབ་གསུམ་པ། ཕྱི་ལོ་མི་གསལ། ཤོག ༧།
[6]. ནག་ཆུའི་བྱང་རིགས་ཚོ་བའི་རྒྱུ་ཆ་དཔྱད་གཞི་ཕྲ་རགས་བགྲེས་པོའི་ཚེ་སྒྲ། ནག་ཆུ་ས་གནས་སྲིད་གྲོས་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་རྩོམ་སྒྲིག་ཁང་ནས་སྐྲུན། དེབ་གསུམ་པ། ཕྱི་ལོ་མི་གསལ། ཤོག ༦-༧།
[7]. ཀྲུང་གོའི་བོད་ལྗོངས་ནག་ཆུ། གླིང་བརྡ་སྦྱོར་དཔེ་སྐྲུན་ཁང་། ཕྱི་ལོ། ༢༠༠༡། ཤོག ༨།
[8]. ནོར་བྲང་ཨོ་རྒྱན། བོད་སིལ་བུའི་བྱུང་བ་བརྗོད་པ་ཤེལ་དཀར་ཕྲེང་བ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ། ༡༩༩༡། ཤོག ༢༡༨།
[9]. ཁྱད་དུ་འཕགས་པའི་བྱང་ཐང་། ངོ་མཚར་བའི་ཐོན་ཁུངས། བོད་ལྗོངས་ནག་ཆུ་ས་ཁུལ་སྲིད་གྲོས་རིག་གནས་ལོ་རྒྱུས་དཔྱད་ཡིག བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ། ༡༩༩༥། ཤོག ༢༥༥།
[10]. ལྷོ་ཤིང་སྒོ་དང་བྱང་རེ་སྒོ་ཅན་ཞེས་འབོད་སྲོལ་ཡོད་འདུག
[11]. བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། སྤྱིའི་འདོན་ཐེངས། ༡༣། བོད་རང་སྐྱོང་ལྗོངས་སྲིད་གྲོས་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་རྩོམ་སྒྲིག་ཁང་། མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ། ༡༩༩༡། ཤོག ༩༡།
དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།