མི་དབང་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་རྣམ་ཐར་སྙིང་བསྡུས།

མི་དབང་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་རྣམ་ཐར་སྙིང་བསྡུས།

མི་དབང་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་རྣམ་ཐར་སྙིང་བསྡུས།

 

དེ་ཡང་། ཐམས་ཅད་མཁྱེན་པ་དྲུག་པ་བློ་བཟང་རིན་ཆེན་ཚངས་དབྱངས་རྒྱ་མཚོའི་ཐུན་མོང་ཕྱིའི་རྣམ་པར་ཐར་པ་དུ་ཀཱུ་ལའི་འཕྲོ་འཐུད་རབ་གསལ་གསེར་གྱི་སྙེ་མ་ཞེས་བྱ་བའི་རྩོམ་པ་པོ་ནི། ༸རྒྱལ་དབང་སྐུ་ཕྲེང་ལྔ་པ་དང་དྲུག་པ་གཉིས་ཀྱི་བཀའི་འཕྲིན་ལས་པ་བོད་ཀྱི་ལོ་རྒྱུས་ཐོག་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཞེས་སྙན་པའི་དཔལ་འབར་བ། རིག་པའི་གནས་མཐའ་དག་ལ་མཁས་པའི་རྩེ་མོར་སོན་ཅིང་། ཆོས་སྲིད་ལུགས་གཉིས་ཀྱི་བྱ་གཞག་ལ་མཁས་མཛངས་ལྡན་པ་མིའི་དབང་པོ་དེ་ཉིད་ཡིན་ཞིང་། ཁོང་ནི་མར་པ་ལོ་ཙཱ་བའི་བུ་ཆེན་བཞིའི་ནང་གི་མཚུར་སྟོན་དབང་གི་རྡོ་རྗེའི་རིགས་ལས་བྱུང་བ་ཡབ་ཨ་སུག་དང་། ཡུམ་བུ་ཁྲིད་རྒྱལ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ཆུ་སྦྲུལ་སྤྱི་ལོ་ ༡༦༥༣ ལོའི་ཟླ་བ་ ༧ པའི་ནང་ཁ་བའི་ལྗོངས་འདིའི་ཆོས་སྲིད་ལུགས་གཉིས་ཀྱི་ལྟེ་གནས་ཡུལ་གྱི་དགེ་བཅུ་ཚང་བ་དབུས་ཀྱི་ཉི་མ་ལྷ་ས་ཞེས་པའི་ནང་ཚན་སྐྱིད་ཤོད་སེ་ར་ཐེག་ཆེན་གླིང་གི་ཉེ་འདབས་ནུབ་ངོས་ཉང་བྲན་གྲོང་སྨད་ཅེས་བྱ་བའི་ཁྱིམ་དུ་སྐུ་བལྟམས་ཤིང་། ཐོག་མར་ལ་མོ་ཚངས་པ་དུང་ཐོད་ཅན་མིའི་ཁོག་བརླམས་ཀྱིས་གསོལ་བའི་མཚན་ལ་དཀོན་མཆོག་དོན་གྲུབ་དང་། དེ་རྗེས་༸རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས་སངས་རྒྱས་རྒྱ་མཚོ་ཞེས་བྱ་བའི་མཚན་གྱིས་གཟེངས་བསྟོད།

 

ྋརྒྱལ་དབང་ལྔ་པ་ཆེན་པོའི་སྐུ་རིང་ལ་སྡེ་སྲིད་རིམ་པ་ལྔ་བྱོན་པའི་མཐའ་མ་དང༌། ྋརྒྱལ་དབང་དྲུག་པའི་སྐབས་སུ་བྱོན་པའི་བོད་ཀྱི་ཆོས་སྲིད་གཉིས་ཀྱི་མངའ་བདག་ཀྱང་ཡིན། དེ་ཡང་ྋརྒྱལ་མཆོག་ལྔ་པ་ཆེན་པོའི་སྐུ་དུས་སུ་སྡེ་སྲིད་ཀྱི་ལམ་སྲོལ་ཐོག་མར་སྲོལ་བཟང་བཏོད་དེ་སྡེ་སྲིད་ཀྱི་དང་པོ་ཕྱག་མཛོད་བསོད་ནམས་རབ་བརྟན་དང༌། གཉིས་པ་ཁོང་གི་སྐུ་ཞང་གྲོང་སྨད་པ་འཕྲིན་ལས་རྒྱ་མཚོ་དང༌། གསུམ་པ་མཆོད་དཔོན་བློ་བཟང་མཐུ་སྟོབས། བཞི་པ་རྣམ་གྲྭ་གཉེར་པ་བློ་བཟང་སྦྱིན་པ། སྡེ་སྲིད་ལྔ་པ་གྲོང་སྨད་པ་སངས་རྒྱས་རྒྱ་མཚོ། དྲུག་པ་སྲས་ངག་དབང་རིན་ཆེན་བཅས་ཀྱི་ཁྲོད་ནས་ཁྱིམ་ཚང་འདི་ནས་སྡེ་སྲིད་མི་ཐོག་གསུམ་བྱུང་བ་ཚང་མས་བོད་གཞུང་དགའ་ལྡན་ཕོ་བྲང་པའི་གཞུང་འཛིན་དང་བཅས་པའི་མཛད་རྗེས་གཟེངས་སུ་ཐོན་པ་བྱུང༌ཡོད།

དེ་དག་ལས་ྋམི་དབང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོག་ནི། ྋརྒྱལ་དབང་ལྔ་པ་ཆེན་པོས་སྐུ་ན་ཕྲ་དུས་ནས་ཐུགས་བརྩེས་བསྐྱངས་ཤིང༌། ཆོས་སྲིད་ལུགས་གཉིས་ཀྱི་སྒོ་ནས་གསོ་སྐྱོང་དང་སྐྱེད་སྲིང་ལེགས་པར་གནང་ཐོག ཅི་བྱེད་མཐའ་དག་ྋརྒྱལ་དབང་རང་ཉིད་ནས་མཛད་པ་ལྟར་གྱི་བཀའ་ཁྱབ་སྩལ་ཡོད་པའི་སྡེ་སྲིད་གཅིག་ཀྱང་ཡིན་སྟབས། ཁོང་གིས་ྋརྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་གི་རླབས་ཆེན་གྱི་དགོངས་བཞེད་ཀྱི་མཛད་འཕྲིན་ཐམས་ཅད་ལུགས་བཞིན་བསྐྱངས་པར་མ་ཟད། ྋརྒྱལ་དབང་ལྔ་པ་ཆེན་པོ་སྐུ་གཤེགས་ནས་ཡུན་རིང་གསང་རྒྱ་གནང་བ་དང༌། ཡང་སྲིད་དྲུག་པ་ཆེན་པོ་ངོས་འཛིན་མཛད་པ་སོགས་འཕྲིན་ལས་རྒྱ་ཆེར་སྤེལ་ཏེ་བོད་ཁམས་ཀྱི་བདེ་སྡུག་ཐམས་ཅད་ཀྱི་ཁུར་ཆེན་རང་ཉིད་གཅིག་པུའི་ཕྲག་ཏུ་བཞེས་ཐོག བོད་སོག་མཆོད་ཡོན་དབར་གྱི་འགལ་རྩོད་སོགས་སྤྱི་ཚོགས་ཀྱི་རྙོག་འཛིང་ཁྲོད་བོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་བྱ་བ་མཐའ་དག་ལེགས་པར་སྐྱོང་གནང་མཛད་པའི་སྡེ་སྲིད་གཞན་ལས་ལྷག་པ་ཞིག་ཡིན་སྟབས། བོད་ཀྱི་ལོ་རྒྱུས་སྟེང་གྲགས་སྙན་འབར་བའི་སྐྱེས་བུ་དམ་པ་ཞིག་ཏུ་བགྲང་བར་མ་ཟད། རྒྱ་བོད་སོག་གསུམ་གྱི་ལོ་རྒྱུས་ནང་དུའང་ཤུགས་རྐྱེན་ཆེ་བའི་གྲགས་ཅན་མི་སྣ་ཞིག་ཀྱང་ཡིན།

སྡེ་སྲིད་སངས་རྒྱས་རྒྱ་མཚོ་དགུང་ལོ་བརྒྱད་པར་ྋརྒྱལ་དབང་ལྔ་པ་ཆེན་པོ་མཆོག་དང་མཇལ་ཞིང༌། དེ་ནས་བཟུང་ྋརྒྱལ་དབང་མཆོག་དང་། རང་གི་ཁུ་བོ་སྡེ་སྲིད་འཕྲིན་ལས་རྒྱ་མཚོ། མཁས་དབང་དཔལ་ལྡན་ཕུན་ཚོགས། འདར་ལོ་ངག་དབང་ཕུན་ཚོགས་སོགས་མཁས་གྲུབ་མང་པོ་བསྟེན་ནས་རིག་པའི་གནས་ཀུན་ལ་གསན་བསམ་དཔྱིས་ཕྱིན་པར་མཛད་དེ་མཁས་པའི་ཡང་རྩེར་སོན། ལྷག་པར་ྋརྒྱལ་དབང་མཆོག་གིས་མདོ་སྔགས་ཟབ་ཆོས་ཀྱི་རིམ་པ་དང༌། ཆབ་སྲིད་སྐྱོང་ལུགས་ལ་སོགས་པའི་སློབ་སྟོན་མང་པོ་དགྱེས་བཞིན་དུ་སྩལ་བ་རྣམས་ཐུགས་ཀྱི་བུམ་བཟང་དུ་བསྐྱིལ་ངོས། ཡི་དམ་གྱི་བཟླས་བསྙེན་སོགས་ཐར་པ་དོན་དུ་གཉེར་བའི་ཉམས་བཞེས་ཀྱི་རིམ་པ་མང་པོ་ཕྱག་ལེན་དུ་བསྟར་ཐོག སྤྱན་འབྲས་བཞིན་བསྐྱངས་པར་མཛད་པའི་བཀའ་དྲིན་ལས་ཆོས་སྲིད་གང་ཐད་ཀྱི་མཁྱེན་ཡོན་ཕུལ་དུ་བྱུང་བར་གྱུར། ཕྱོགས་གཞན་ཞིག་ནས་འཇིག་རྟེན་མཐུན་འཇུག་གི་ཆོ་ག་ཡང་འཆི་མེད་དགའ་ཚལ་དང་། དཔལ་རབ་ཁང་གསར་བ་ནས་བདག་མོ་གཉིས་བཞེས་པར་རིགས་ཀྱི་མྱུ་གུ་ངག་དབང་རིན་ཆེན་དང་། དམག་ཟོར་ཚེ་རིང། ངག་དབང་བརྩོན་འགྲུས། སྲས་མོ་གཅིག་བཅས་བྱུང་།

       གཞན་དུ་ན། ལུང་གིས་ཟིན་པའི་སྐྱེས་བུ་དམ་པར་གྲགས་པ་དང་། ༸རྒྱལ་མཆོག་ལྔ་པ་ཆེན་པོ་ཉིད་ཀྱི་ཉམས་སྣང་རྒྱ་ཅན་ནང་། “མུ་ནེའི་སྤྲུལ་པ་དཀོན་མཆོག་མིང་འཛིན་པ། །དབུ་རུའི་སྨད་འབྱུང་བདུད་འདུལ་དབང་མ་གྱུར་ན། །སྤུར་རྒྱལ་བོད་འདི་སྤྲིན་དབར་ཉིན་བཞིན་བདེ། །„ ཞེས་ལྷ་སྲས་མུ་ནེ་བཙན་པོའི་སྐྱེ་སྲིད་དུ་ཞལ་བཞེས་གནང་བ་དང་བཅས་བཀའི་འཕྲིན་ལས་ཀྱི་བྱེད་པོར་བསྐུར་བའི་ཆ་རྐྱེན་ཚང་བ་མ་ཟད། ཕྱི་ལོ་ ༡༦༥༧ ལོར་སྡེ་སྲིད་བསོད་ནམས་རབ་བརྟན་སྐུ་གཤེགས་རྗེས་ཕྱི་ལོ་ ༡༦༦༠ ལོར་ཇའི་སང་སྡེ་པ་འཕྲིན་ལས་རྒྱ་མཚོས་སྡེ་སྲིད་ཀྱི་ཐུགས་འགན་ལོ་བརྒྱད་བཞེས་ནས་འདས། ཁོང་དགུང་ལོ་ཉེར་བདུན་པ་ས་ལུག་ཕྱི་ལོ་ ༡༦༧༩ ལོར་ཇའི་སང་སྡེ་པ་འཕྲིན་ལས་རྒྱ་མཚོའི་ཚ་བོ་སངས་རྒྱས་རྒྱ་མཚོས་སྡེ་སྲིད་ཀྱི་ཁྲིར་འཁོད། གོང་གསལ་སྡེ་སྲིད་རྣམ་གཉིས་ཀྱི་གཟིམ་ཁང་དང་ྋརྒྱལ་མཆོག་སྐུ་ཕྲེང་ལྔ་པ་མཆོག་ཐུགས་འདྲིས་ཆེ་སྟབས་ྋརྒྱལ་དབང་ལྔ་པ་ཆེན་པོ་མཆོག་གྲོང་སྨད་དུ་ཡང་ཡང་ཕེབས་པའི་ལོ་རྒྱུས་ཡོད་ལ། སྤྱི་ལོ་ ༡༦༧༩ ལོར་སྡེ་སྲིད་ཀྱི་ཁྲི་ལ་དབང་བསྐུར་བ་ནས་བཟུང་ྋརྒྱལ་མཆོག་ལྔ་པ་ཆེན་པོ་མཆོག་སྐུ་མ་འདས་བར་ལོ་ངོ་ལྔ་དང༌། དེ་ནས་དགུང་ལོ་ཞེ་དགུར་ཕེབས་པ་ཕྱི་ལོ་ ༡༧༠༢ ལོ་བར་ཉི་ཤུ་རྩ་དྲུག་རིང་སྲིད་དབང་བཟུང་སྟེ་མཛད་རྗེས་རླབས་ཆེན་འཇོག་གནང་མཛད།

དེ་ཡང་ཤིང་ཡོས་ཕྱི་ལོ་ ༡༦༧༥ ལོར་དགུང་གྲངས་ཉེར་གསུམ་སྟེང་ྋརྒྱལ་དབང་མཆོག་གི་བཀའི་འཕྲིན་ལས་ཀྱི་བྱེད་པོར་དབང་སྐུར་བའི་ཆ་རྐྱེན་ཡོངས་སུ་ཚང་བར་བརྟེན། སྡེ་སྲིད་གསར་བསྐོའི་སྐབས་དང་བསྟུན་ཆབ་སྲིད་ཀྱི་འཁུར་བཞེས་དགོས་པའི་བཀའ་ཕེབས་པར་རེ་ཞིག་དགོངས་ཞུ་བཀའ་འཁྲོལ་བྱུང་ཡང༌། ས་ལུག་ཕྱི་ལོ་ ༡༦༧༩ ལོར་དགུང་གྲངས་ཉེར་བདུན་པར་སྡེ་སྲིད་ཀྱི་ཁྲིར་བསྐོ་གཞག་མཛད། ྋརྒྱལ་དབང་མཆོག་གིས་སྡེ་སྲིད་སྔོན་མ་རྣམས་ལྟར་སྲིད་དོན་ཁོ་ན་སྐྱོང་བ་མ་ཡིན་པར་ཆོས་སྲིད་ཀྱི་བྱ་བ་གང་བྱས་ྋརྒྱལ་དབང་རང་ཉིད་ནས་མཛད་པ་དང་ཁྱད་མེད་པས་ཀུན་གྱིས་ཅི་གསུང་དང་ལེན་དགོས་པའི་བསླབ་སྟོན་ཁྲོམ་བསྒྲགས་མཛད་པར་གནང༌། དེ་ལྟར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་བོད་ཀྱི་སྲིད་སྐྱོང་གི་ཐུགས་འགན་བཞེས་ནས་ལོ་ངོ་གསུམ་ཙམ་ན་ྋརྒྱལ་དབང་ལྔ་པ་ཆེན་པོ་སྐུ་གཤེགས་པར་གྱུར་ལ། དེ་ནས་སྡེ་སྲིད་ཀྱིས་ལོ་ངོ་བཅོ་ལྔའི་རིང་གསང་རྒྱ་དམ་པོ་གནང་ཐོག ཆོས་སྲིད་ཀྱི་བྱ་བ་མཐའ་དག་རང་ཉིད་ནས་ཐུགས་འགན་གཙང་མར་བཞེས་ཤིང༌། དེའི་རིང་ཡང་སྲིད་རིན་པོ་ཆེ་ངོས་འཛིན་གྱིས་གདན་སར་བཀོད་པ་མ་ཟད། ཡང་སྲིད་གདན་སར་བཀོད་ནས་ཀྱང་ལོ་ངོ་བརྒྱད་ཙམ་རིང་ཆོས་སྲིད་ཀྱི་གདུང་འདེགས་གཙོ་བོ་གནང་སྟེ་ཡོངས་སུ་མི་ལོ་ཉེར་དྲུག་རིང་བོད་གཞུང་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་ལེགས་པར་བསྐྱངས། དེའི་རིང་གི་མཛད་རྗེས་གཙོ་བོ་ཡོངས་གྲགས་འགའ་ཞིག་ཁག་ལྔ་ལ་དབྱེ་ནས་ཞུ་བ་ལ།

 

 

 

དང་པོ། ༸རྒྱལ་བའི་དགོངས་རྫོགས་བསྒྲུབས་ཤིང་། གསང་རྒྱ་མཛད་པའི་སྐོར།

 

སྡེ་སྲིད་འདི་ཉིད་ཀྱིས་སྲིད་འགན་བཞེས་པའི་ལོ་གསུམ་པ་ཆུ་ཁྱི་སྤྱི་ལོ་ ༡༦༨༢ ལོར་༸རྒྱལ་མཆོག་ལྔ་པ་ཆེན་པོ་ཞི་བར་གཤེགས། དེ་ཡང་༸རྒྱལ་མཆོག་ལྔ་པ་ཆེན་པོ་སྙུན་བཞེས་སྐུ་ཚེ་འདིའི་མཛད་པ་མཐའ་མར་ཉེ་བའི་ཚེ་སྡེ་སྲིད་མཆོག་ལ་ལུགས་ཟུང་གི་བསླབ་བྱ་ཁྱད་པར་བ་དུ་མ་དང་། རྒྱ་ཧོར་བོད་གསུམ་གྱི་ལར་རྒྱ་སྐྱོང་ལུགས། རེ་ཞིག་གསང་ཆའི་ངོས་བྱ་བ་ཆེ་ཕྲ་བློས་མ་ཆོད་པ་མཐའ་དག་ལྷ་མོར་བརྟག་བསྒྲིལ་གྱིས་ཞེས་ཞལ་ཆེམས་གནང་བ་སོགས་སྐྱོ་བ་ཚད་མེད་པ་དགོངས་གཞི་བསྒྲུབས་པའི་སྟོབས་ཤུགས་སུ་འགྱུར་ནས་སྐུ་གཤེགས་པའི་མཚན་མོ་དེ་རང་ལ་དགེ་སློང་འཇམ་དབྱངས་གྲགས་པ་སོགས་སྐུ་བཅར་དེར་ཡོད་ཚང་མས་གསང་རྒྱ་དུས་ཇི་ཙམ་དགོས་པའི་སྐོར་ལྷ་མོར་བརྟག་བསྒྲིལ་ཞུས་པར་སྤྲུལ་སྐུ་ཕེབས་ནས་གདན་འདྲེན་བར་གསང་དགོས་ཕེབས་དོན་བཞིན་སྡེ་སྲིད་སྐུ་ངོ་མས་དབུས་སྐུ་བཅར་དང་། བླ་སྤྲུལ་གལ་ཆེ། ཞབས་འབྲིང་གསང་ཁོག་ཏུ་ཡོད་པ་ཚང་མས་གསང་སྒྲོག་མི་བྱེད་པའི་མནའ་གན་མཐུ་མོ་ཆེ་འཇོག་གནང་མཛད།

དེ་ཡང་ྋརྒྱལ་དབང་ལྔ་པ་ཆེན་པོ་མཆོག་ནི་བོད་ཁམས་ཙམ་མིན་པར། རྒྱ་དཀར་ནག་དང༌། སོག་པོ་ཕྱི་ནང་ཀུན་ཏུ་མཚན་སྙན་དང་བཀུར་གཟོས་ཤིན་ཏུ་ཆེ་བ་ལ། ཁྱད་པར་སོག་པོའི་དཔོན་ཁག་ཐམས་ཅད་དད་སྦྱིན་གྱི་གཙོ་བོ་ཡིན་སྟབས། ཚང་མ་རྡོག་རྩ་ཆིག་སྒྲིལ་གྱིས་ྋརྒྱལ་བའི་དགོངས་དོན་དང༌། བོད་གཞུང་དགའ་ལྡན་ཕོ་བྲང་གི་སྲིད་དབང་བཙུགས་ནས་རྨང་གཞི་བརྟན་པ་ཙམ་ལས། ཕྱི་ནང་གི་འགལ་རྐྱེན་དུ་མ་ཞིག་གཙང་སེལ་མ་ཐུབ་ཁར། ཡུལ་མཐའི་འཁྲུག་ལོང་ཡང་འཇགས་མེད་པ་མ་ཟད། སྡེ་སྲིད་རང་ཉིད་ཀྱང་དགུང་ན་ཕྲ་བས་བོད་ཀྱི་ཆོས་སྲིད་ལས་དོན་སྐོར་གྱི་ཉམས་མྱོང་དང༌། ཕྱིའི་མཚན་སྙན་བཅས་ཆགས་མེད་སྟབས། གལ་སྲིད་ྋརྒྱལ་དབང་མཆོག་སྐུ་ཞི་བར་གཤེགས་པའི་གནས་ཚུལ་གསལ་བསྒྲགས་བྱས་ཚེ་དུས་འགྱུར་རམ་གནས་ཚུལ་གང་བྱུང་ཆ་མི་འཚལ་བའི་ཕྱིར་ྋརྒྱལ་དབང་མཆོག་གི་ཞལ་ཆེམས་དང༌། ལྷ་བླའི་ལུང་བསྟན་ལ་བརྟེན་ནས་མི་ལོ་བཅོ་ལྔའི་རིང་གསང་རྒྱ་དམ་པོར་བསྡམས་པར་མཛད་དེ་༸རྒྱལ་མཆོག་ལྔ་པ་ཆེན་པོའི་སྐུའི་རིམ་གྲོ་དང་། བསྟན་སྲིད་བདེ་རིམ་ལ་ཁ་གཡར་ཏེ་དགོངས་རྫོགས་རྒྱ་ཆེན་བསྒྲུབས་པ། དུས་མཆོད་ཚོགས་མཆོད་བཙུགས་པ། གསེར་སྡོང་འཛམ་གླིང་རྒྱན་གཅིག་བསྐྲུན་པ། སྐུའི་བཅད་རྒྱར་བཞུགས་པའི་ཚུལ་བཅོས་ནས་སྔར་རྒྱུན་ལྟར་གསོལ་ཆས་གཟིམ་ཆུང་དུ་འབུལ་བ་དང་། བཀའ་བསྒྱུར་དང་བཀའ་ཤོག་སོགས་རྒྱུན་གཏན་བཞིན་མགྲོན་བརྒྱུད་ཀྱིས་གནང་བ། མཛད་སྒོ་ཁག་ལ་ན་བཟའ་གདན་འདྲེན་ཞུ་བ། སྡེ་སྲིད་ཀྱིས་གཙོས་རྒྱུས་ཅན་རྣམས་བཅད་འོག་ཏུ་ཡོད་པ་ལྟར་བྱས་ནས་ནང་བཅར་ཕྱིར་ཐོན་བྱེད་པ་མ་ཟད། ཐ་ན་མཚམས་རེ་མཇལ་ཁ་མ་གནང་ཐབས་མེད་རིགས་ལ་༸རྒྱལ་མཆོག་ལྔ་པ་ཆེན་པོའི་ཞལ་དབྱིབས་དང་འདྲ་བ་རྩེ་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་སྡེ་པ་བཀྲས་རབ་པས་སྐུ་བརྫུས་ཏེ་མཇལ་ཁ་གཏོང་བ། ཆབ་ཤོག་སོགས་བཀའ་རྩོམ་དགོས་རིགས་སྡེ་སྲིད་རང་གིས་འགན་གནང་བ། གསང་རྒྱའི་སྐབས་སུ་ད་དུང་ཡང་སྲིད་རྩད་གཅོད་དགོས་པ་སོགས་ཐབས་རྣམ་དུ་མས་ཕྱག་ལེན་བསྟར་བ་ནི། ཇི་སྐད་དུ། ཐབས་ལ་མཁས་པའི་སྤྱོད་པ་ལ། །གཡོ་སྒྱུར་ཐུབ་པས་གསུངས་པ་མེད། །ཅེས་གསུངས་པ་ལྟར། གཙོ་བོར་༸རྒྱལ་མཆོག་ལྔ་པ་ཆེན་པོའི་དགོངས་གཞི་དགོས་པ་དང་། ཡང་སྒོས་སྐབས་དེའི་བསྟན་སྲིད་དགོས་མཁོར་དགོངས་པའི་ཐབས་འཕྲུལ་གྱིས་སྐྱེ་བོ་མཐའ་དག་༸རྒྱལ་མཆོག་ལྔ་པ་ཆེན་པོ་འཚོ་གཞེས་ཡོད་སྙམ་པའི་མུར་མི་ལོ་ཆེན་པོ་བཅོ་ལྔ་གསང་རྒྱ་གནང་ཐུབ་པ་ནི་དངོས་འབྲེལ་ཧང་སངས་དགོས་པ་ཞིག་རེད།

འོན་ཀྱང་གདན་དོན་དེ་ཚོའི་ཐད་སྡེ་སྲིད་མཆོག་ལ་གནང་མ་བདེ་བ་དང་། གསང་བ་ཕྱི་གྱར་ཡོང་གཞིའི་སྐུ་ངལ་མང་པོ་འཕྲད་ཡོད། དཔེར་ན། སྐུ་རྫུས་བྱེད་མཁན་སྡེ་པ་བཀྲས་རབ་པས་སྐབས་རེ་ང་བཙོན་ལ་སྡོད་དགོས་པའི་བྱ་བ་གང་ཡང་མ་བྱས། ང་ཕྱི་ལ་ཐོན་གྱི་ཡིན་ཞེས་ཤོར་བ་དང་། རྫིག་གཏམ་གཏོང་བ་སོགས་ལ་འཕྲལ་ཡུན་དང་སྤྱི་སྒེར་གྱི་གནས་ལུགས་བབས་གསེས་འཇམ་མཁས་ཀྱིས་བློ་འགུགས་ཐབས་གནང་དགོས་པ་དང་། གསང་རྒྱ་ཡུན་རིང་བས་གཞུང་ཞབས་ནང་དོགས་པ་ཡོང་བར་གང་ལ་དེ་འཚམ་གྱིས་གང་སྒོ་མི་འཆོལ་བའི་ཐབས་ཤེས་མཛད་དགོས་པ། ལྷག་པར་གསང་རྒྱ་མ་ཤོར་བ་མཛད་ཐོག་དགོངས་རྫོགས་ལེགས་པར་བསྒྲུབས་ཏེ། རིན་ཐང་གཞལ་དུ་མེད་པའི་རིན་ཆེན་དང་པོས་གཙོས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གདུང་རྟེན་སྲིད་ན་འགྲན་ཟླ་བྲལ་བ་ངེས་པ་དོན་གྱི་གསེར་སྡོང་འཛམ་གླིང་རྒྱན་གཅིག་ཅེས་པ་གསར་བཞེངས་ལེགས་པར་མཛད་པ་མ་ཟད། མངོན་ཆུང་བརྟག་དཔྱད་གང་ལེགས་མཛད་པའི་མཐར་ཡང་སྲིད་དྲུག་པ་རིན་པོ་ཆེ་ཡང་གསང་སྟབས་ཀྱིས་སྐུ་ན་ཆུང་དུས་ནས་ངོས་འཛིན་ཞུས་ཏེ་དགུང་ལོ་བཅོ་ལྔའི་སྟེང་གསལ་བསྒྲགས་དང་ལྷན་གདན་སར་བཀོད་པ་སོགས་ྋརྒྱལ་དབང་མཆོག་གི་ཐུགས་བཞེད་དང་ཞལ་ཆེམས་ཆུད་ཟོས་སུ་མ་སོང་བར་ལས་དོན་ཆེ་ཕྲ་ལེགས་གྲུབ་བྱུང་བ་དང༌། བསམ་ཡུལ་ལས་འདས་པའི་མཛད་རྗེས་མིག་མཐོང་ལག་ཟིན་དུ་བསྒྲུབས་པ་གནང་ཡོད།

 

གཉིས་པ། ༸རྒྱལ་བའི་ཡང་སྤྲུལ་ངོས་འཛིན་གྱི་ལས་དོན་སྒྲུབ་པ་དང་། ཁྲི་འདོན་མཛད་པའི་སྐོར།

 

༸རྒྱལ་མཆོག་ལྔ་པ་ཆེན་པོ་གཤེགས་པའི་ལོ་གསུམ་པ་ཤིང་གླང་སྤྱི་ལོ་ ༡༦༨༥ ལོར་ཡང་སྲིད་རྩད་གཅོད་ཞུ་བར་ཁོང་སྐུ་ངོ་མ་ཕེབས་རྒྱུ་གོ་སའི་བབས་ཀྱིས་སྐབས་སུ་མ་ཆེ་བས་ཆོས་རྗེ་མཁའ་རེག་པ་ཟིལ་གནོན་རྡོ་རྗེ་དང་། རྡོ་པ་བསོད་ནམས་རྒྱལ་མཚན་གཉིས་ལ་ནང་དོན་མཆོག་སྤྲུལ་ངོས་འཛིན་གྱི་ཕྱག་ཕྲེང་སོགས་སྐུའི་ཉེར་དཔྱད་དང་འབྲེལ་བ། ཕྱི་རྒྱ་གནས་ཆེན་རྣམས་སུ་བོད་ཁམས་བདེ་ཐབས་ཀྱི་སྒྲུབ་པ་བྱེད་དུ་འགྲོ་བར་དྲིལ་བསྒྲགས་ངོས། མཆོག་སྤྲུལ་གྱི་དོགས་གནས་ཡོད་པ་བྱུང་ན་སྡིངས་པོ་ཆེ་ངག་དབང་སྙན་གྲགས་དང་། ཤར་ཁང་ནོ་མོན་ཁང་གི་སྐུ་སྐྱེ་རྩད་གཅོད་ཡིན་ཁུལ་གྱི་བཀའ་ཤོག་དང་འབྲེལ་བར་མངགས་རྫོང་གནང་། དེའི་དུས་མཚོ་སྣ་རྫོང་སྡོད་ཤུན་རྒྱ་ཡགས་པ་དང་། འཕྱོངས་རྒྱས་པ་པུ་ཤུད་གཉིས་ཀྱིས་སྙན་ཞུ་ཕུལ་བར། འདི་ཁུལ་ལ་འོག་ཡུལ་གསུམ་ཨོ་རྒྱན་གླིང་ན་གཏེར་སྟོན་པདྨ་གླིང་པའི་གདུང་ཡིན་པ་བླ་མ་བཀྲ་ཤིས་བསྟན་འཛིན་གྱི་བུ་ཆུ་ཕག་ལོ་སྐྱེས་པ་ཞིག་གིས་དབུས་གཙང་ཐམས་ཅད་ངའི་ཡིན། པོ་ཏ་ལར་འགྲོ། ང་ལ་སྡེ་པ་ཡོད་སོགས་ཟེར་གྱི་ཡོད་ལུགས་འཁོད་པ་འབྱོར་ལན་༸རྒྱལ་མཆོག་ལྔ་པ་ཆེན་པོར་དགོངས་སྐོར་ཕེབས་གསལ་ཡིན་པའི་ཟོལ་གྱིས། “ངེད་རང་ལ་ཚེ་འཕྲད་བར་ཆད་ཡོད་པར་ཤི་སྒྲ་བཀྱེ་བ་ལྟ་བུའི་རིམ་གྲོར་འགྲོ་ཤས་ཁ་ཞིང་། དེ་གོང་ཞྭ་ལུ་མཁན་ཆེན་བསོད་ནམས་མཆོག་གྲུབ་རྒྱ་གར་རྩྭ་མཆོག་གྲོང་དང་ཉེ་བར་སྐུ་སྐྱེ་ཡོད་ཚུལ་བྱུང་བས། ལུང་པའི་བབས་དང་དོགས་པ་འདུག་པས་དམ་རྫས་འདི་རྣམས་བྱིན་ཞེས་བཀའ་དྲིན་བསྐྱངས་བྱུང་།„ ཞེས་འཁོད་པའི་ཐོག་སྡེ་སྲིད་རང་གི་བཀའ་ལན་དུ། དེ་ལྟའི་སྒྲ་སྦིར་ཆེ་བར་བརྟེན་འབྲུག་པས་གསང་དམག་འདྲ་མི་བྱེད་པའི་ངེས་པ་མེད་པས་ཕྱི་ལྷོད་ནང་འགྲིམས་དགོས་པ། གོང་ཞབས་རིན་པོ་ཆེ་སྐུ་ཚེའི་ཕྲེང་ལ་བརྟེན་པའི་བཅད་རྒྱ་མཛད་པ་ལས་འཚོ་གཞེས་ཡོད་མུས་ལ་ཕ་མ་ཉེ་རིགས་ཀྱིས་གཏམ་འཆལ་བཟོ་ལུགས་ལ་གཞིགས་ན་ཁྲིམས་གཅོད་དགོས་ཚུལ་བདེན་ཤས་ཁ་ཡང་། པད་གླིང་དབོན་རྒྱུད་ལ་སྤྱན་བསྐྱངས་ཆེ་ཞིང་ཞྭ་ལུ་མཁན་པོ་དབུ་བླར་སོང་བ་བཅས་ད་ལམ་བརྗོད་མེད་ངོས། སླར་སྒྲ་སྦིར་གང་ཆུང་དགོས་པའི་བཀོད་འདོམས་ཁྲིམས་གཏམ་ལྟ་བུ་མ་ཡིན་པར་འཇམ་གང་ཆགས་དགོས་པ་སོགས་ཕྱི་གསང་སྒོའི་བབས་ལ་མི་གནོད་ཙམ་ལས་ནང་དོན་ཡབ་ཡུམ་སྲས་བཅས་ལ་བཀུར་བཟོས་ཡོང་རེ་གནང་མོད། རྫོང་སྡོད་གཉིས་པོ་རྒྱུ་བརྔན་གྱི་དབང་དུ་སོང་བ་དང་། བཀའ་རྒྱར་གོ་བ་ལོག་བསྒྲུབས་ཀྱིས་ཨོ་རྒྱན་གླིང་ནས་མཚོ་སྣར་གདན་ཞུས་ཡབ་ཡུམ་སྲས་བཅས་བཟང་བཙོན་ལྟ་བུ་དམ་བསྒྲགས་གང་ཆེ་དང་། སྐུའི་འཚོ་ཆས་ཤིན་ཏུ་དམན་པར་བཞུགས་དགོས་པ་བྱུང་། དེ་རྗེས་ཞྭ་ལུ་མཁན་པོའི་སྐུ་སྐྱེར་ཁ་གཡར་ཏེ་རྩེ་ཤོད་ཀྱི་མཚན་ཐོག་ནས་འཚམས་ཞུ་དང་། ཕྱག་གཡོག་ཏུ་ཆོས་རྡོར་གཉིས་རྒྱུན་འཇོག་ཐོག་གསོལ་ཆས་དང་། ན་བཟའ་སོགས་རྩེ་ནས་འབུལ་མི་མངགས། དེ་རྗེས་སྐུ་ཡོན་འབུལ་བར་དྲུང་འཚོ་ནམ་མཁའ་ཆོས་ལྡན་དང་། གྲུབ་རྒྱལ་གླིང་བློ་བཟང་དངོས་གྲུབ་སྔ་རྗེས་སུ་གཏོང་གནང་མཛད། ཡང་སྲིད་དགུང་ལོ་བཅུ་གསུམ་ལ་ཕེབས་པའི་ལོ་ཐོག་མར་ཡབ་ཡུམ་གཉིས་ལ་གསང་བརྡོལ་བ་དེ་ནས་རིམ་བཞིན་གསང་བརྡོལ་ཐོག་མེ་གླང་སྤྱི་ལོ་ ༡༦༩༧ ལོའི་ཟླ་བ་ ༤ ཚེས་ ༡༥ ཉིན་མཚོ་སྣ་ནས་སྣ་དཀར་རྫར་གདན་དྲངས། ལོ་དེའི་ཟླ་བ་ ༩ པའི་ནང་བཀྲ་ཤིས་ལྷུན་པོ་ནས་པཎ་ཆེན་བློ་བཟང་ཡེ་ཤེས་སྣ་དཀར་རྩེར་སྤྱན་དྲངས་ཏེ་རབ་བྱུང་གི་སྡོམ་པ་འབུལ་བཞེས་ཐོག་མཚན་ལ་བློ་བཟང་རིན་ཆེན་ཚངས་དབྱངས་རྒྱ་མཚོ་ཞེས་གསོལ། གནམ་ལོ་དེའི་ཟླ་བ་ ༡༠ ཚེས་ ༢༥ ཉིན་ཕོ་བྲང་པོ་ཏ་ལར་གསེར་ཁྲི་མངའ་གསོལ་མཛད། དེ་ལྟར་རིམ་བཞིན་སྐུ་ཕྲེང་ལྔ་པ་དྲུག་པར་འཕོས་པའི་གཏམ་རྣ་བའི་བཅུད་ལེན་རྒྱས་འབྲིང་བསྡུས་གསུམ་གསར་རྩོམ་གནང་བ་དྲིལ་བསྒྲགས་ཏེ་གསང་བརྡོལ་བར་ལྷ་སའི་རྒན་པ་ཁ་ཅིག་ནས། སྐུ་དྲིན་ཆེ། ལོ་དེ་ཙམ་གྱི་བར་༸རྒྱལ་དབང་ཐམས་ཅད་མཁྱེན་པ་མ་བཞུགས་པའི་ས་སྟེང་མིའི་སྡུག་བསྔལ་དང་། ཆོས་འཇིག་རྟེན་གྱི་མཛད་འགན་ཐམས་ཅད་སྡེ་སྲིད་སྐུ་ཞབས་གཅིག་པུས་བཞེས། ངེད་ཚོས་ས་རུབ་པ་མ་ཤེས་པར་ཉི་མ་ཤར་བ་མཐོང་བྱུང་ཞེས་མང་ཚོགས་ཀྱི་བསམ་བླ་ངོ་མ་དེ་མཚོན་ཐུབ་པ་བྱུང་བ་ཡིན་ནོ།།

 

གསུམ་པ། ༸རྒྱལ་བའི་མཛད་འཕྲིན་དང་བོད་ཀྱི་ཆོས་སྲིད་ཀྱི་ལས་དོན་འཛིན་སྐྱོང་སྤེལ་གསུམ་གྱི་སྒོ་ནས་རྒྱ་ཆེར་སྤེལ་བའི་སྐོར།

 

དེ་ཡང་ྋམི་དབང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་བོད་ཀྱི་ཆབ་སྲིད་སྐྱོང་བའི་དུས་ནི་ྋརྒྱལ་དབང་མཆོག་གིས་གསར་དུ་འཛུགས་གནང་མཛད་པའི་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གྱི་སྲིད་དབང་བཙུགས་ནས་དུས་ཡུན་རིང་པོར་མ་སོང་བས། ད་དུང་སྲིད་འཛིན་གྱི་སྒྲིག་གཞི་དང་སྒྲིག་སྲོལ་སོགས་ཁྱོན་ཡོངས་ནས་ལེགས་བཅོས་དང་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས་པའི་དུས་རིམ་ལ་གནས་པས། གཙོ་བོར་ཁོང་གིས་ྋརྒྱལ་དབང་མཆོག་གི་སློབ་སྟོན་དང༌། སྡེ་སྲིད་སྔ་མ་རྣམས་ཀྱི་མཛད་རྗེས་མིག་ལྟོས་སུ་བཟུང་སྟེ། མི་དམངས་ཀྱི་འཚོ་བ་དང༌། བསམ་ཚུལ་བལྟ་བར་རང་ཉིད་སྐུ་དངོས་དཀྱུས་མའི་ཟོལ་དུ་དབུས་གཙང་དྭགས་ཀོང་སོགས་སྟོད་སྨད་ལྷོ་བྱང་དང་བཅས་པའི་ཡུལ་གྲུ་རྒྱ་ཆེ་བ་མ་ཟད། ལྷ་ལྡན་གྱི་ལས་ཁུངས་དང༌། མི་སེར་ལ་སོགས་པའི་སར་གཟིགས་སྐོར་དུ་ཕེབས་ཏེ་བོད་ཀྱི་སྤྱི་ཚོགས་དངོས་ལ་བརྟག་དཔྱད་ཞིབ་འཇུག་མང་དུ་གནང་ཐོག བོད་མི་དམངས་ཀྱི་འཚོ་བ་དང་འབྲེལ་བའི་སྲིད་བྱུས་ལག་བསྟར་མཛད་དེ་ཆབ་སྲིད་ལུགས་མཐུན་དུ་བསྐྱངས་པ་མ་ཟད། སྔར་གྱི་ཁྲིམས་ཡིག་རྣམས་ཡུལ་དུས་གནས་ཚུལ་ལ་གཞིགས་ཏེ་འདོར་ལེན་དག་ཐེར་གྱིས་འོས་འཚམ་གྱི་ཞལ་ལྕེ་བཅུ་གསུམ་ཟུར་རྒྱན་དང་བཅས་པ་གཏན་ལ་ཕབ་པ་དང་། སྲིད་འཛིན་གྱི་ལས་ཁུངས་ཁག་མང་བཙུགས་ཏེ་དེ་དག་གི་ཁྲིམས་སྲོལ་ལམ་སྲོལ་ཡིག་བླང་དོར་གསལ་བར་བྱེད་པ་དྭངས་ཤེལ་མེ་ལོང་ཞེས་བྱ་བ་སྤྱི་ལོ་ ༡༦༨༡ ལོར་གསར་རྩོམ་མཛད་ཐོག རྒྱ་ཁྱབ་མི་སེར་གྱི་ཐེམ་ཐོ་ཞིབ་བཤེར་དང་། རྫོང་གཞིས་ཀྱི་རིམ་པ། ཁྲལ་རིགས་འབབ་སོ། ས་གནས་གལ་ཆེའི་སར་ཆོས་རྫོང་ཟུང་སྦྲེལ་གྱི་ལམ་ལུགས་འཛུགས་པ་སོགས་ཁྲིམས་དང་། སྒྲིག་སྲོལ་ལ་གཏོགས་པ་མང་པོ་གཏན་ལ་ཕབ་ཐོག་དེ་དག་ལ་བཏང་འཛིན་རྗེས་སྣོན་རྒྱུན་མར་གནང་བ། ལ་དྭགས་རྒྱལ་པོ་སེངྒེ་རྣམ་རྒྱལ་གྱི་རྒོལ་བ་ངན་པ་ཚར་གཅོད་པའི་སླད་དུ་༸རྒྱལ་མཆོག་ལྔ་པ་ཆེན་པོས་དགའ་ལྡན་ཚེ་དབང་དཔུང་དང་བཅས་མངགས་པའི་རྗེས་སྣོན་དཔུང་རོགས་སུ་ངམ་རུ་བ་སོགས་ཀྱིས་སྣེ་ཁྲིད་དཔུང་དམག་མངགས་རྫོངས་ཀྱིས་ལ་དྭགས་རྒྱལ་པོའི་དཔུང་དང་། དེས་སྦྲན་པའི་དཔུང་གྲོགས་བཅས་ཕྱེ་མར་བརླགས་ཏེ་བཙན་པོའི་གདུང་རྒྱུད་གུ་གེ་རྒྱལ་པོའི་མངའ་ཐང་སླར་གསོས། མངའ་རིས་སྐོར་གསུམ་དབང་དུ་བསྡུས་པ་སོགས་རང་སྐྱིད་མི་སྨོན་གྱི་གནས་སུ་གྱུར་པར་སྐྱེ་བོ་ཀུན་གྱིས་བསྔགས་བརྗོད་ཀྱི་ཡུལ་དུ་གྱུར་པ་སོགས་མདོར་ན་བོད་ཀྱི་ཆབ་སྲིད་འཛིན་སྐྱོང་སྤེལ་གསུམ་གྱི་སྒོ་ནས་ལུགས་དང་མཐུན་པར་བསྐྱངས་པ་ལགས་སོ།།

 

བཞི་པ། ཕོ་བྲང་དམར་པོ་དང་། གསེར་གདུང་འཛམ་གླིང་རྒྱན་གཅིག་སོགས་དགོན་གནས་རྟེན་བཅས་གསར་བཞེངས་དང་། མཆོད་རྒྱུན་བཙུགས་པའི་སྐོར།

 

ཡུལ་གྲུ་དུ་མར་དགོན་སྡེ་གསར་འདེབས་སོགས་ཀྱི་འཕྲིན་ལས་རླབས་པོ་ཆེ་སྤེལ་བ་དང༌། ལྷག་པར་ྋརྒྱལ་དབང་ལྔ་པ་ཆེན་པོའི་གསེར་སྡོང་འཛམ་གླིང་རྒྱན་གཅིག་དང༌། དེ་ཉིད་བཞུགས་ཡུལ་ཕོ་བྲང་དམར་པོ་རྒྱས་བཞེངས་གནང་སྟེ་དེ་གཉིས་ཀུན་གསལ་བུ་མོའི་བཞིན་རས་རྣམ་པར་མཛེས་པའི་འོག་འཛམ་གླིང་གི་རྩེ་མོར་དཔལ་དང་གཟི་བརྗིད་ལྡན་པར་གནས་པ་ད་ལྟའི་བར་དུའང་སྐྱེ་བོ་ཀུན་གྱི་འདྲེན་བྱེད་ཀྱི་ཡུལ་དུ་ལྷམ་མེར་ཡོད་པ་འདི་ཉིད་འཛམ་གླིང་སྤྱི་དང་བྱེ་བྲག་རང་རེ་གངས་ཅན་པ་རྣམས་ཀྱི་ཁྱད་ནོར་རིན་ཐང་བྲལ་བ་ཞིག་འཛམ་གླིང་ཡོངས་ལ་ངོམ་པར་བྱེད་པ་དང༌། མི་རིགས་ཀྱི་བློ་སྤོབས་ཆེར་བསྐྱེད་ཆོག་པ་དེ་དག་ཀྱང་སྡེ་སྲིད་ཀྱི་མཛད་རྗེས་ཡིན།

དེ་ཡང་༸རྒྱལ་མཆོག་ལྔ་པ་ཆེན་པོའི་སྐབས་པོ་ཏ་ལའི་སྔར་ཡོད་ཕོ་བྲང་དམར་པོ་རྙིང་པ་བཟོ་བཀོད་རང་འཇགས་ཐོག་དེའི་ལྡེབས་འབྱར་དུ་ཤར་ཕྱོགས་ནས་རྒྱ་བསྐྱེད་པའི་ཕོ་བྲང་དཀར་པོ་གསར་སྐྲུན་གྱི་འཕྲོ་སྐྱོང་དང་། ལྷག་པར་སྡེ་སྲིད་རང་ནས་བསྐྲུན་པ་དབུས་ཀྱི་ཕོ་བྲང་དམར་པོ་ནི་༸རྒྱལ་མཆོག་ལྔ་པ་ཆེན་པོ་མྱ་ངན་ལས་འདས་ནས་ལོ་བརྒྱད་སོང་བའི་ལྕགས་རྟ་སྤྱི་ལོ་ ༡༦༩༠ ལོ་ནས་ལོ་བཞི་ལྷག་ཙམ་རིང་ལ་ཕོ་བྲང་དམར་པོར་གྲགས་པ་ལེ་ལག་དང་བཅས་པ་ཐོག་བརྩེགས་བཅུ་གསུམ་རྡོ་རྗེ་འཛིན་པའི་གྲངས་ལྡན་དེང་འཛམ་གླིང་ཆེན་པོའི་རྒྱན་དུ་གྱུར་པའི་ཕོ་བྲང་ཆེན་པོ་པོ་ཏ་ལ་ཞེས་སྙན་གྲགས་ས་གསུམ་དུ་ཁྱབ་པ་དེ་བླ་རི་རྣམ་གསུམ་ལས་ཁྱད་དུ་འཕགས་པ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་བླ་རི་དམར་པོ་རིའི་རྩེ་མོར་གྲུ་འཛིན་གཉིས་པའི་ཕོ་བྲང་གསར་བཞེངས་རྒྱས་སྐྲུན་མཛད་པ་ཡོངས་སུ་གྲུབ། ལར་ནས་མི་ལོ་སུམ་བརྒྱའི་སྔོན་དུ་ཚན་རིག་གི་ལག་རྩལ་མ་ཟད་འབྱོར་པའང་དེ་ཙམ་རྒྱས་མེད་པའི་དུས་སུ་འདི་ལྟ་བུའི་བོད་ཀྱི་ལོ་རྒྱུས་སྟེང་གཟི་འོད་འབར་བའི་བཟོ་སྐྲུན་གྱི་བཀོད་པ་མཛེས་ཤིང༌། རྒྱུ་སྤུས་ལེགས་པ། རྒྱ་ཆེ་ཞིང་བརྗིད་རྔམས་ལྡན་པ། མི་ཕལ་པའི་བློ་ཡུལ་ལས་འདས་པ་ཞིག་ཡིན་པ་སྨོས་མ་དགོས་ཏེ། དེང་སྐབས་ཞིག་གསོའི་ལས་ཀ་ཙམ་ཡང་འདི་ལྟ་བུའི་ཚགས་ཆེ་བར་བསམས་ན་འདི་གཅིག་པུས་ཀྱང་སྡེ་སྲིད་མཆོག་གི་མཛད་རྗེས་ལ་གདེང་འཇོག་གང་འདྲ་དགོས་པ་ཤེས་སླ་ལ། འགྲོ་གྲོན་དང་བཟོ་བཀོད་སོགས་གང་ཅིའི་ཐད་ནས་འགྲན་དུ་མེད་པ་བརྗིད་ཆགས་ལྟ་ན་སྡུག་པའི་ཕོ་བྲང་དང་། རིན་ཐང་བྲལ་བའི་གསེར་སྡོང་ངོ་མཚར་ཅན་འདི་འདྲ་བ་ནི་འཛམ་བུའི་གླིང་འདིའི་ཁྲོད་དུ་མཐོང་དཀོན་པའི་འཛུགས་སྐྲུན་དང་། སྒྱུ་རྩལ་གྱི་རྣམ་པ་མཐོ་ལ་རིན་ཐང་གཞལ་བར་དཀའ་བའི་རླབས་པོ་ཆེའི་འཛུགས་སྐྲུན་དེ་དག་ནི་ལས་ལ་བརྩོན་ཞིང་། དཔའ་ངར་ཆེ་བའི་བོད་རིགས་མི་དམངས་ཀྱི་བློ་གྲོས་དང་། འཇོན་ཐང་མཚོན་པའི་རྟགས་མཚན་ཞིག་ཡིན་ལ། སྡེ་སྲིད་དེ་ཉིད་ཀྱི་རླབས་ཆེ་བའི་མཛད་རྗེས་བསུབ་ཏུ་མེད་པ་ཞིག་ཀྱང་ཡིན།

ལྷག་པར་ལྷ་ལྡན་གཙུག་ལག་ཁང་གི་བར་ཁང་དང༌། རྩེ་ཐོག་གི་ལྷ་ཁང་ཕལ་མོ་ཆེ་དང་སྐོར་ལམ་གྱི་བྱང་ཤར་འཆི་མེད་ལྷ་ཁང་དང་། བདེ་ཐབས་ལྷ་ཁང་སོགས་གསར་སྐྲུན་གནང་བ། ༸རྒྱལ་མཆོག་ལྔ་པ་ཆེན་པོའི་སྐུ་དུས་སུ་བཏབ་པའི་དགོན་སྡེ་ཁག་ཕུད། སྡེ་སྲིད་རང་ཉིད་ཀྱི་སྐུ་དུས་སུ་ཕྱག་བཏབ་པའི་དབུས་གཙང་མདོ་ཁམས་བཅས་སུ་དགོན་གནས་དུ་མ་གསར་བཞེངས་གནང་བ་ཡིན་ཏེ། དེ་ཡང་ལྷོ་མོན་ཡུལ་དུ་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དང༌། བར་ཁམས་ཟུར་མང་ངེས་ལེགས་གླིང། རྒྱལ་ཐང་དགའ་ལྡན་སུམ་རྩེན་གླིང༌། ཤར་དར་རྩེ་མདོར་དགའ་ལྡན་འགྲོ་ཕན་གླིང་དང༌། གོ་འཇོར་དགའ་ལྡན་གསང་སྔགས་འགྲོ་འདྲེན་གླིང་། སྒོམ་སྡེའམ་ནང་ཆེན་ཁུལ་ཀ་མདའ་དགའ་ལྡན་ཐེག་མཆོག་གླིང་མ་ལག་གསུམ། ཁྱུང་པོ་གསེར་ཚ་ཁོག་བོན་དགོན་སེར་ཁྱིམ་པ་དགེ་ལུགས་སུ་བསྒྱུར་གྲས་འབྲོང་རྫོང་དང་། དགའ་ལྡན་བཀྲ་ཤིས་གླིང་སོགས་མ་ལག་བཞི། གནས་ཆུང་ལྕོག་སྒྲ་དབྱངས་གླིང་། ལྕགས་པོ་རི་སྨན་གྲྭ་ངོ་མཚར་ལྟ་ན་རིག་བྱེད་གླིང་བཅས་ཕྱག་བཏབ་པ་སོགས་ཀྱིས་མཚོན་ཡུལ་མཐའ་དབུས་བཅས་སུ་དགོན་སྡེ་དུ་མ་གསར་འཛུགས་མཛད་པ་མ་ཟད། དེ་དག་ལ་མཆོད་རྒྱུན་དང་ཇ་ཚུན་གྱི་གཏོང་ཐེབས་ཀྱང་མཆོད་གཞིས་སྦྱོར་འཇགས་གནང་བ་སོགས་ཐབས་མཁས་དེ་དག་ལ་བརྟེན་ནས་ཆབ་འབངས་སྐྱ་སེར་ཆབ་འོག་ཏུ་བསྡུ་བ་དང༌། སྔར་ཡོད་དགོན་སྡེ་མང་པོར་ཡང་མཆོད་གཞིས་རྒྱ་ཆེར་སྦྱོར་འཇགས་གནང་བ་བཅས་ཀྱིས་བོད་ཁམས་ཆོས་བཞིན་བསྐྱངས་པ། ༸རྒྱལ་མཆོག་ལྔ་པ་ཆེན་པོའི་དགོངས་རྫོགས་སུ་དམིགས་ཏེ་ལོ་ལྟར་ཟླ་བ་ ༢ ནང་ལྷ་ས་སྨོན་ལམ་ཆེན་མོའི་ལམ་སྲོལ་ལྟར་དགེ་འདུན་འདུས་པའི་ཚོགས་ལ་ཉིན་བཅུའི་རིང་ཚོགས་མཆོད་གསར་འཛུགས་དང་། ཚོགས་མཆོད་སེར་སྦྲེང་གི་མཆོད་རྫས་རིན་ཐང་ཅན་སྟོང་ཕྲག་བརྒལ་བ་བཤམས་སྦྱོར་གནང་བ་བཅས་དུས་མཆོད་གསར་འཛུགས་དང་འབྲེལ་ཚོགས་མཆོད་ཀྱི་བཅའ་ཁྲིམས་བྱང་ཆེན་ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་མཛད་པ་སོགས་སོ།།

 

ལྔ་པ། བཟོ་གསོ་སྐར་རྩིས་རིག་པས་མཚོན་བཀའ་རྩོམ་གྱི་ཐོག་ནས་བོད་ཀྱི་རིག་གནས་རྒྱ་ཆེར་སྤེལ་བའི་སྐོར།

 

དེ་ཡང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོག་ནི། བོད་གངས་ཅན་ལྗོངས་ཀྱི་རྒྱལ་རབས་ལོ་རྒྱུས་ཐོག་སྙན་གྲགས་ཅན་གྱི་ཆབ་སྲིད་ཀྱི་མི་སྣ་ཞིག་དང༌། སྐབས་དེའི་བོད་གཞུང་དགའ་ལྡན་ཕོ་བྲང་གི་གཙོ་སྐྱོང་ཆེན་པོ་ཆོས་སྲིད་ཀྱི་མཛད་པ་རབ་ཏུ་རྒྱས་པ་ཞིག་ཡིན་པ་མ་ཟད། བོད་ཀྱི་རིག་གནས་སྤྱི་དང༌། ཁྱད་པར་བོད་མི་དམངས་ཀྱི་འཚོ་བ་དངོས་དང་འབྲལ་ཐབས་མེད་པའི་བཟོ་གསོ་རིག་པ་དང༌། སྐར་རྩིས་རིག་པ་བཅས་ལ་ཐུན་མོང་མ་ཡིན་པའི་མཛད་རྗེས་འཇོག་གནང་མཛད་ཡོད། སྤྱིར་སྡེ་སྲིད་མཆོག་གི་སྐུ་ཚེ་ཧྲིལ་པོར་ཆབ་སྲིད་སྐྱོང་ཞོར་ལ་གསུང་རྩོམ་པོད་གྲངས་ཉི་ཤུ་ལྷག་བརྩམས་པར་མཛད་དེ་ད་ལྟའི་དུས་སུའང་ཤེས་ལྡན་ཀུན་གྱིས་གཅེས་ནོར་དང༌། ཚད་མར་འཛིན་པའི་གཞུང་ལུགས་རྒྱ་མཚོ་ལྟ་བུར་གྱུར་པ་ལགས་ཤིང༌། དེ་དག་ལས་ཚད་ལྡན་གྲགས་ཆེ་བ་ནི། བོད་ཀྱི་གསོ་བ་རིག་པའི་གཞུང་ཕྱི་མོ་རྒྱུད་བཞིའི་འགྲེལ་པ་གསོ་བ་རིག་པའི་བསྟན་བཅོས་སྨན་བླའི་དགོངས་རྒྱན་རྒྱུད་བཞིའི་གསལ་བྱེད་བཻཌཱུརྱ་སྔོན་པོའི་མ་ལི་ཀ་དང་། དེའི་ལྷན་ཐབས་དུས་མིན་འཆིང་ཞག་གཅོད་པའི་རལ་གྲི། བོད་ཀྱི་གསོ་རིག་སྐོར་གྱི་ལོ་རྒྱུས་ཁོག་འབུབ་དྲང་སྲོང་དགྱེས་པའི་དགའ་སྟོན། བོད་ཀྱི་སྐར་རྩིས་རིག་པའི་ལེགས་བཤད་ཀུན་བཏུས་སྔོན་མེད་ཀྱི་བསྟན་བཅོས་བཻཌཱུརྱ་དཀར་པོའི་ཕྲེང་བ་དཔྱོད་ལྡན་སྙིང་ནོར་དང་། དེའི་བུ་དཔེ། ལུ་འགོ་བླ་མཁྱེན་ངག་དབང་གི་དྲིས་ལན། གཡའ་སེལ་སོགས་སྨན་རྩིས་ཀྱི་བསྟན་བཅོས་དང༌། ད་དུང་དགའ་ལྡན་ཆོས་འབྱུང་བཻ་སེར་དང་རྣམ་ཐར་ཁ་སྐོང་སོགས་དང༌། ྋརྒྱལ་མཆོག་ལྔ་པ་ཆེན་པོ་སྐུ་གཤེགས་རྗེས་སྐུ་གདུང་བཞུགས་ཡུལ་ཕོ་བྲང་དམར་པོ་དང༌། གསེར་སྡོང་འཛམ་གླིང་རྒྱན་གཅིག་རྒྱ་བསྐྱེད་གསར་སྐྲུན་དང་བཅས་པའི་སྐོར་ཁ་གསལ་ཞིབ་རྒྱས་སུ་བཀོད་པ་གསེར་སྡོང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག་ཐར་གླིང་རྒྱ་མཚོར་བགྲོད་པའི་གྲུ་གཟིངས། གཟོ་རིག་གི་བསྟན་བཅོས་དཔྱོད་ལྡན་ཡིད་གསོས་དང༌། གར་གྱི་བསྟན་བཅོས་མིག་ཡིད་རྣ་བའི་དགའ་སྟོན། ༸རྒྱལ་མཆོག་ལྔ་པ་ཆེན་པོའི་རྣམ་ཐར་དུ་ཀཱུ་ལའི་གོས་བཟང་འཕྲོད་འཐུད་གསུང་པོད་གསུམ་ ༼དེབ་ ༢༥ ནས་༢༧ བར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་དུ་ཀཱུ་ལའི་གོས་བཟང་གི་འཕྲོས་པོད་གསུམ་སྟེ་པོད་རྟགས་ལ་ ༼ཇ༢༽ ༼ཇ༣༽ ༼ཇ༤༽ བཅས་སཡ་པར་སྐྲུན་ཞུས་ཡོད།༽  དང་། མེ་བྱི་སྤྱི་ལོ་ ༡༦༩༦ ལོར་བརྩམ་འགོ་ཚུགས་པའི་༸རྒྱལ་བ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་རྣམ་ཐར་དུ་ཀཱུའི་གོས་བཟང་འཕྲོད་འཕྲོ་འཐུད་རབ་གསལ་གསེར་གྱི་སྙེ་མ་ ༼དེབ་ཨང་ ༤༧ པ་ཐོག་བསྒྲིགས་པ་གཞུང་འདི་ཉིད་ཡིན།༽ སོགས་བརྩམས་པས་མཚོན་གཞུང་ལུགས་ཐད་ཀྱི་རིག་གནས་དར་རྒྱས་གོང་འཕེལ་འགྲོ་བར་མཛད་རྗེས་ཆེན་པོ་འཇོག་གནང་མཛད་པ་མ་ཟད། དེ་དག་གི་ཕྱག་ལེན་དར་ཞིང་རྒྱས་ལ་ཡུན་དུ་གནས་པའི་ཕྱིར་མི་བྱི་སྤྱི་ལོ་ ༡༦༩༦ ལོར་ལྕགས་རི་བཻཌཱུརྱ་འགྲོ་ཕན་ལྟ་ན་ངོ་མཚར་རིག་བྱེད་གླིང་བཏབ་པ་དང་། སྨན་ཐང་གཞན་ལས་ཁྱད་པར་དུ་འཕགས་པ་བརྒྱད་ཅུའི་གྲངས་ལྡན་གསར་བཞེངས། ཁོང་སྐུ་ངོ་མས་སྲིད་ཀྱི་འདུ་འགོད་སྣེ་མང་གི་བར་སེང་ངམ་དགོས་ངེས་རིགས་ལ་སྨན་རྩིས་ཀྱི་ཕྱག་ལེན་ཡང་དངོས་སུ་གནང་བ་བཅས་སྨན་རྩིས་གཉིས་ཀྱི་ཐད་ལ་མཛད་རྗེས་གཟེངས་སུ་ཐོན་པ་འཇོག་གནང་བ་སོགས་ཁོ་ནས་ཀྱང་མཁས་པའི་ཡང་རྩེར་བགྲང་འོས་ཤིང༌། ལྷག་པར་ྋམི་དབང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོག་མདའ་རིང་ཐུང་འཕེན་པ་དང༌། སྒྲ་སྙན་པི་ཝང་ཐེབས་འཁྲོལ་དང༌། གླུ་གཞས་ཀྱི་འགྱུར་ཁུག་སོགས་སྒྱུ་རྩལ་དང་རིག་རྩལ་གྱི་གནས་ལ་ཤིན་ཏུ་མཁས་པ་མ་ཟད། ཐ་ན་ཤོ་དང་མིག་མངས་རྡེལ་རྩེད་བཅས་ལའང་གཟིགས་པ་ཙམ་གྱིས་མཁྱེན་པ་སོགས་རྣམ་རིག་གཞན་གྱིས་འགྲན་ཟླ་བྲལ་བ་ཞིག་ཡིན་འདུག

དེ་ལྟར་༸མི་དབང་སྡེ་སྲིད་སངས་རྒྱས་མཚོའི་གསུང་རྩོམ་ལ་མཐའ་གཅིག་ཏུ་གྲངས་འབོར་འདི་དང་འདི་ཞེས་ཞུ་སྤོབས་བྲལ་བ་སྟེ། དེ་ཡང་སྐུ་ཚེའི་མཇུག་བར་ཆད་བཟློག་ཏུ་མེད་པས་གསུང་རྩོམ་ཆ་ཚང་པར་ལ་བརྐོ་རྒྱུ་ལྟ་ཅི། ཐ་ན་ཕྱོགས་སྒྲིག་ཆ་ཚང་བ་ཞིག་ཀྱང་བྱུང་ཚོད་མི་སྣང། དཔེར་ན། སྐབས་འདིར་དཔེ་སྐྲུན་ཞུས་པའི་སྐུ་ཕྲེང་དྲུག་པའི་རྣམ་ཐར་འདི་ཉིད་དགུང་ལོ་བཅོ་བརྒྱད་ཕན་གྱི་མཛད་པའི་རྣམ་ཐར་ཡིན་ལ། དེ་ཡང་སྟོད་ཀྱི་ཆ་རེ་ཞིག་དེ་ཙམ་མོ་ཞེས་མཇུག་ཏུ་གསལ་པོར་འཁོད་པ་དང་། ཞར་བྱུང་དུ་གླེགས་བམ་དང་པོ་ཞེས་བྱ་བར་གཞིགས་ན་གླེགས་བམ་དང་པོ་དང་། གཉིས་པ། གསུམ་པ་ལྟ་བུ་ཡོད་འདྲ་བར་མངོན་ཡང་རྩོམ་པ་པོ་དང་། བརྩམ་ཡུལ་གཉིས་ཀའི་མཛད་པ་ལམ་དུ་ལྷོངས་མིན་གྱིས་གང་ལྟར་རྣམ་ཐར་པར་བརྐོ་ཐུབ་པ་པོད་འདི་ཁོ་ནར་ངེས་པས་རིགས་འགྲེ་ཞིང་། སྐུ་ཕྲེང་དྲུག་པ་ཁྲི་འདོན་མཛད་སྒོའི་སྐབས་སྡེ་སྲིད་རང་གི་བརྩམས་ཆོས་ཕུལ་བར་རིག་པའི་གནས་ཆེན་ལྔའི་གསུང་རྩོམ་པོད་ཉི་ཤུར་ཉེ་བ་ཡོད་ཅེས་ཞལ་གསལ་འཁོད་འདུག་པ་དེ་ལྟ་ན། སྐུ་ཚེའི་འཕེན་པ་མ་བཏང་གོང་ད་དུང་ལོ་བརྒྱད་ཙམ་གྱི་དུས་ཚོད་ཡོད་པ་དེའི་རིང་བཀའ་རྩོམ་མུ་མཐུད་གནང་བ་ནི་ཁོང་གི་དགོངས་གཞི་མང་པོའི་ནང་ནས་མཚོན་ཐུབ་པས་སྐབས་འདི་དང་བསྟུན་ནས་ཚང་མར་སྙན་སྐུལ་ཞུ་འོས་པ་ཞིག་ནི་མིའི་དབང་པོ་འདི་ཉིད་ཀྱི་བཀའ་རྩོམ་ད་ཕན་པར་ལ་མ་འཁོད་པ་ཇི་སྙེད་མཆིས་པ་མྱུར་སྐྱོབ་གནང་ཐུབ་ན། བོད་ཀྱི་ཆོས་རིག་ལ་ཞིབ་འཇུག་བྱེད་པའི་དཔྱད་གཞི་དང་། བོད་མི་རིགས་ཀྱི་རིག་གནས་གོང་དུ་སྤེལ་བར་ཕན་ཐོགས་ཅི་ཆེ་ཡོང་བ་ཞུ་ཅི་ལ་དགོས། ལྷག་པར་ང་ཚོས་གསལ་པོར་མཐོང་ཐུབ་པ་ནི་སྡེ་སྲིད་འདི་ཉིད་ཀྱིས་སྲིད་སྐྱོང་གནང་རིང་ཆོས་སྲིད་གཉིས་ཀའི་འཁུར་བཞེས་མཛད་བྲེལ་ཆེ་ལ། སྐུ་ཚེ་ཡང་དེ་ཙམ་རིང་པོ་མིན་པ་ཞིག་ནས་བཀའ་རྩོམ་མང་པོ་གནང་ཐུབ་པ་ནི་སྨྲ་བསམ་བརྗོད་པའི་ཡུལ་ལས་འདས།

དེ་ལྟར་མིའི་དབང་པོ་འདི་ཉིད་ཀྱིས་ཆོས་སྲིད་ལུགས་ཟུང་གི་མཛད་པ་བསྐྱངས་དང་སྐྱོང་བཞིན་པའི་མུར་ལྷ་བཟང་ཁང་དང་ཐུགས་སྣང་མི་མཐུན་པ་འགལ་བའི་ཁྲོད་དུ་ལྷ་བཟང་གི་བཙུན་མོ་ཚེ་དབང་རྒྱལ་མོས་སྣེ་ཁྲིད་པའི་དམག་དཔུང་གིས་དགུང་ལོ་ང་གསུམ་པ་ཤིང་བྱ་སྤྱི་ལོ་ ༡༧༠༥ ལོར་སྟོད་ལུང་སྣང་རྩེར་མགུལ་བཅད་དེ་བཀྲོངས་པའི་གནས་ཚུལ་བསམ་ཡུལ་ལས་འདས་པ་ཡིད་སྐྱོ་དགོས་པ་ཞིག་བྱུང་བ་ཡིན། མདོར་ན་ྋམི་དབང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དགུང་ལོ་ ༢༧ ཐོག་སྡེ་སྲིད་ཀྱི་ཐུགས་འགན་བཞེས་ཤིང༌། དེ་ནས་བཟུང་མི་ལོ་ ༢༦ རིང་དགའ་ལྡན་ཕོ་བྲང་པའི་ཆབ་སྲིད་ལེགས་པར་བསྐྱངས་ཐོག གསུང་རྩོམ་པོད་ཆེན་ ༢༦ བརྩམས་ཏེ་ཆོས་སྲིད་རིག་གནས་དང་བཅས་པར་རླབས་ཆེན་གྱི་མཛད་རྗེས་འཇོག་གནང་མཛད་པ་བཅས་སོ།།

ཐམས་ཅད་མཁྱེན་པ་དྲུག་པ་བློ་བཟང་རིན་ཆེན་ཚངས་དབྱངས་རྒྱ་མཚོའི་ཐུན་མོང་ཕྱིའི་རྣམ་པར་ཐར་པ་དུ་ཀཱུ་ལའི་འཕྲོ་འཐུད་རབ་གསལ་གསེར་གྱི་སྙེ་མ་ཞེས་པའི་རྣམ་ཐར་འདིའི་ནང་བསྟན་པར་བྱ་བ་ནི། ༸རྒྱལ་བ་སྐུ་ཕྲེང་དྲུག་པ་རབ་བྱུང་བཅུ་གཅིག་པའི་ཆུ་ཕག་སྤྱི་ལོ་ ༡༦༨༣ ལོར་སྐུ་བལྟམས་པ་ནས་དགུང་ལོ་བཅོ་བརྒྱད་པ་རབ་བྱུང་བཅུ་གཉིས་པའི་ལྕགས་སྦྲུལ་སྤྱི་ལོ་ ༡༧༠༡ ལོའི་ཟླ་བ་ ༡༠ ཚེས་ ༡ བར་གྱི་མཛད་པ་གཙོ་ཆེ་བ་རྣམས་ཡིན། སྐབས་འདིར་༸རྒྱལ་བ་སྐུ་ཕྲེང་དྲུག་པ་རིན་ཆེན་ཚངས་དབྱངས་རྒྱ་མཚོའི་མཛད་པ་ལས་འཕྲོས་ཏེ་སྐུ་ཕྲེང་ལྔ་པ་དགོངས་པ་གཞན་དོན་ལ་གཏད་ཁའི་གལ་ཆེའི་ཞལ་ཆེམས་དང་། སྐུ་ཕྲེང་ལྔ་པ་དང་དྲུག་པ་གཉིས་ཀྱི་བཀའི་འཕྲིན་ལས་པ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་སྲིད་སྐྱོང་གནང་སྐབས་གལ་ཆེའི་གནད་དོན་མང་པོ་གང་ལ་དེ་འཚམ་གྱི་ཐག་གཅོད་གནང་བ་ཡང་ཞོར་ལ་འཕྲོས་པ་བཅས་སྤྱི་ལོའི་དུས་རབས་བཅུ་བདུན་པའི་དུས་མཇུག་ནས་དུས་རབས་བཅོ་བརྒྱད་པར་འཕོས་མ་ཐག་པའི་དུས་སྐབས་དེའི་རིང་གི་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་ལ་མེད་ཐབས་མེད་པའི་དཔྱད་གཞི་རིན་ཐང་ཆེས་ཆེར་ལྡན་པ་མ་ཟད། སྤྲུལ་པའི་སྐུ་ཐོག་མར་ངོས་འཛིན་ཞུ་བའི་བརྒྱུད་རིམ་ལ་སོགས་པའི་བོད་ཀྱི་ལོ་རྒྱུས་སྤྱི་བྱེའི་ཤེས་བྱ་དུ་མ་དང་། ད་དུང་བཀའ་དང་བསྟན་བཅོས་ནས་བྱུང་བའི་ཤེས་བྱའི་རྣམ་གྲངས་མང་དུ་འཁོད་པའི་རྣམ་ཐར་ངོ་མཚར་ཅན་འདི་དག་ད་ལམ་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་ནས་པར་དུ་སྐྲུན་སྐབས་གཞུང་འདི་མཛད་པ་པོའི་རྣམ་ཐར་གྱི་ས་བོན་ཙམ་ཞིག་བྲིས་པ་དགེའོ།།   །།­

བརྒྱུད་སྐུལ།

མཆན་སྤེལ།