བོད་ལྗོངས་ནོར་འཛིན་འཛམ་གླིང་སྤྱི་བོའི་རྒྱན།

བོད་ལྗོངས་ནོར་འཛིན་འཛམ་གླིང་སྤྱི་བོའི་རྒྱན།

བོད་ལྗོངས་ནོར་འཛིན་འཛམ་གླིང་སྤྱི་བོའི་རྒྱན།

དུང་དཀར་བློ་བཟང་འཕྲིན་ལས།

ཕྱོགས་མཚམས་གངས་ཀྱི་ས་འཛིན་ཕྲེང་བས་བསྐོར།།

དུས་བཞིར་དྲོད་སྐྱིད་ལྡན་པའི་ཉི་འོད་གསལ།།

རྣམ་མང་རིན་ཆེན་གཏེར་བརྒྱས་ཡོངས་ཕྱུག་པའི།།

བོད་ལྗོངས་ནོར་འཛིན་འཛམ་གླིང་སྤྱི་བོའི་རྒྱན།།

 

ཏི་སེ་ཞེས་གྲགས་གསལ་འཚེར་གངས་ཀྱི་རི།།

ཤེལ་དཀར་ཞུན་མའི་མཚོ་ལས་འཁྲུངས་པ་བཞིན།།

ལྷུང་ལྷུང་དལ་འབབ་ཆུ་བོ་ཆེན་པོ་བཞི།།

གྲངས་མེད་ཆུ་མཛོད་དག་ལས་ཕྱུང་བ་བཞིན།།

 

བཟང་པོའི་དྲི་བསུང་འཐུལ་བས་ཙན་དན་ལྟར།།

ཙན་དན་ལྗོན་ཤིང་འཁྲིགས་པས་ནགས་ཚལ་ཏེ།།

ནགས་ཆལ་དེས་ཀྱང་ས་ཆེན་ཁྱོན་རྣམས་བཞིན།

ཁོར་ཡུག་གངས་རིའི་ར་བས་བོད་ལྗོངས་མཛེས།།

 

པ་ཏྲའི་རི་མོ་སྣོན་འདྲའི་གཞུང་ལམ་ངོས།།

ཉི་ཟེར་རྡུལ་མཚུངས་འཁོར་ལོའི་འགྲོ་འོང་གིས།།

རང་རང་གང་འདོད་གནས་སུ་བགྲོད་པ་འདི།།

མཁའ་ལ་ཁྲུག་པའི་གློག་གི་རོལ་རྩེད་བཞིན།།

 

ཉིན་མོར་བྱེད་པ་པད་མོའི་མཚོ་ལ་བཞིན།།

རྒྱ་བོད་མི་རིགས་མཛའ་ཞིང་མཐུན་པ་སྟེ།།

ཡུལ་གྱིས་བསྐལ་ཡང་མཛའ་བས་མི་གཏོང་ལྟར།།

སྲིད་པའི་སྒྲོན་མེ་པད་མའི་ཚལ་དུ་རྩེན།།

 

སྲ་བརྟན་ལྷུན་སྟུག་བྲག་རི་བརྩེགས་པའི་སྤོར།།

བརྗིད་ཆགས་པོ་ཏ་ལ་ཡི་ཞལ་ཡས་ཁང་།།

སྟོབས་ལྡན་གཉིས་འཐུང་དབང་པོས་འགྱིང་ཐབས་ཀྱིས།།

ཡིད་འཕྲོག་བྱུ་རུའི་ཁང་བཟང་འདེགས་བཞིན་མཛེས།།

 

རབ་མཛེས་ཆུ་གཏེར་རྣམ་བཞིའི་སྐ་རགས་ཀྱིས།།

ཟླུམ་གཟུགས་ནོར་འཛིན་ལྟོ་བ་ཡངས་པོའི་སྣོད།།

འཆིང་བྱེད་མཐོན་མཐིང་གངས་ཀྱི་ཅོད་པན་ཅན།།

འདི་ནི་རིན་ཆེན་གཏེར་གྱི་བང་མཛོད་ཉིད།།

 

མཐོ་བརྗིད་མཐོན་ཐིང་གངས་ཀྱི་རྒྱལ་མོ་ཡང་།།

མྱུར་མགྱོགས་རྐང་པའི་གོམ་སྟབས་བསྐྱོད་པ་ཡིས།།

གནོན་ཕྱིར་རི་འཛེགས་དཔའ་བོའི་ཁྱུ་ཚོགས་རྣམས།།

མཁ་ལྡིང་རྒྱལ་པོར་བརྗོད་པར་ག་ལ་རིགས།།

 

བོད་ལྗོངས་སྐྱེས་ཚལ་མཛེས་པའི་དོ་ར་ན།།

དྲོ་སྐྱིད་ཉི་མོའི་སྣང་བ་རྟག་འཆར་བས།།

མི་མཐུན་མུན་པའི་ཚོགས་ལ་མུན་པའི་དཔལ།།

སྦྱིན་འདི་བླང་དོར་བློ་མིག་ལྡོངས་པའི་སྐྱོན།།

 

མཐོ་བརྩེགས་བཀོད་ལེགས་ཕོ་བྲང་པོ་ཏ་ལ།།

བྱུ་རུའི་ཁང་བཟང་ཉིད་དུ་ཡོངས་འཁྲུལ་ནས།།

རབ་གསལ་ཉི་ཟླས་ཉིན་མཚན་རེས་མོས་སུ།།

བསྐོར་བའི་ཟོལ་གྱིས་མཁའ་ལ་ལྷགས་པར་རྟོག།

 

ས་སྟེང་དགེ་མཚན་མ་ལུས་འདིར་ཚང་ཞེས།།

ཕྱོགས་མཚམས་རི་ཐང་བཀྲ་ཤིས་རྟག་བརྒྱད་ཀྱི།།

དབྱིབས་གཟུགས་རང་བྱུང་ཁམས་ཀྱི་བཟོ་བོ་ཡིས།།

ཆེད་དུ་བཀོད་པ་མིན་ནམ་ལྷ་སའི་ལྗོངས།།

བརྒྱུད་སྐུལ།

མཆན་སྤེལ།