༸རྒྱལ་བ་སྐུ་ཕྲེང་དང་པོ། དགེ་འདུན་གྲུབ་པའི་རྣམ་ཐར་སྙིང་བསྡུས།

༸རྒྱལ་བ་སྐུ་ཕྲེང་དང་པོ། དགེ་འདུན་གྲུབ་པའི་རྣམ་ཐར་སྙིང་བསྡུས།

༸རྒྱལ་བ་སྐུ་ཕྲེང་དང་པོ། དགེ་འདུན་གྲུབ་པའི་རྣམ་ཐར་སྙིང་བསྡུས།

 

ཀ༽ གང་དུ་སྐུ་བལྟམས་པ་དང་། གཞོན་ནུའི་དུས་ཀྱི་མཛད་སྤྱོད་སྐོར།

 

དེ་ཡང་འཁྲུངས་རབས་གསོལ་འདེབས་ལས།

གུར་མི་ངར་པའི་ཆོ་རིགས་སྲད་དུ་བལྟམས། །

འཇམ་མགོན་ཙོང་ཁ་པ་ཡི་ཐུགས་སྲས་ཕུལ། །

པཎ་ཆེན་གྲགས་པས་ཐམས་ཅད་མཁྱེན་པར་གསོལ། །

༸རྒྱལ་དབང་དགེ་འདུན་གྲུབ་པར་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར། ༸རྒྱལ་བ་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ་མཆོག་ནི། གཙང་ལྗོངས་རུ་ལག་གི་སའི་ཆ་དཔལ་ལྡན་ས་སྐྱའི་ཉེ་འདབས་སྲད་ཀྱི་ལུང་ལག ཞག་དང་བན་སྙིང་གཉིས་ཀྱི་མཚམས་སུ་གུར་མོ་རུ་བ་ཞེས་པའི་འབྲོག་སྡེ་ཞིག་ཏུ་ཡབ་མགོན་པོ་རྡོ་རྗེ་དང་། ཡུམ་ཇོ་མོ་ནམ་མཁའ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བདུན་པའི་ལྕགས་ལུག་ལོ་སྟེ་ཕྱི་ལོ་ ༡༣༩༡ ལོར་སྐུ་བལྟམས་ཤིང་། ཁོང་སྐུ་ན་ཕྲ་དུས་ཀྱི་མཚན་ལ་པདྨ་རྡོ་རྗེ་ཞེས་གསོལ།

དགུང་ལོ་ལྔ་བཞེས་པ་ཤིང་ཕག་ཕྱི་ལོ་ ༡༣༩༥ ལོར་གྲོང་པ་གཞན་གྱི་ར་རྫི་མཛད་པའི་དུས་སུ་རྡོ་ལ་མ་ཎི་མང་པོ་བྲིས་གནང་བ་མཇལ་རྒྱུ་ཡོད་པར་གྲགས། དགུང་ལོ་བདུན་ལ་ཕེབས་པ་མེ་གླང་ཕྱི་ལོ་ ༡༣༩༧ ལོར་ཚེ་ཡབ་འདས་པ་དང་དེ་མུར་སྣར་ཐང་དུ་ཕེབས། སྐབས་དེར་ཟས་གོས་ཤིན་ཏུ་བཀྲེན་ན་ཡང་སྐུ་ཡོན་སྦྱོང་བ་ལ་ལྷག་པར་སྤྲོ་ཞིང་། ལོ་དེར་སྣར་ཐང་དགོན་དུ་ཕེབས་ཏེ་དཔལ་སྣར་ཐང་པའི་མཁན་རབས་བཅུ་བཞི་པ་ཆོས་རྗེ་གྲུབ་པ་ཤེས་རབ་ཀྱི་དྲུང་ནས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་མཚན་པདྨ་རྡོ་རྗེ་རང་སོར་འཇོག་པ་གནང་། རྒྱ་སྟོན་ཙནྡྲ་དང་། ཤཱཀྱ་དཔལ་རྣམ་གཉིས་ལས་བོད་ཡིག་དང་། ལན་ཝར། ཧོར་ཡིག་སོགས་གསན་སྦྱོང་མཛད་པས་མཁས་པར་མཁྱེན།

 

ཁ༽ དགེ་ཚུལ་སློང་གི་བསླབ་སྡོམ་བཞེས་ཤིང་། རྗེ་ཙོང་ཁ་པ་དང་མཇལ་བ།

 

དགུང་ལོ་བཅོ་ལྔར་ཕེབས་པ་ཤིང་བྱ་ཕྱི་ལོ་ ༡༤༠༥ ལོར་མཁན་ཆེན་གྲུབ་པ་ཤེས་རབ་དང་། ཆེན་པོ་བློ་ལྡན་གཉིས་ཀྱི་དྲུང་ནས་རབ་ཏུ་བྱུང་ཞིང་དགེ་ཚུལ་གྱི་སྡོམ་པ་མནོས་ཏེ་མཚན་ལ་དགེ་འདུན་གྲུབ་པ་དཔལ་དུ་གསོལ་བར་ཕྱིས་རྗེ་རང་ཉིད་ཀྱིས་བཟང་པོ་ཞེས་གསར་སྣོན་མཛད། དེ་རྗེས་སྣར་ཐང་གི་པཎྜི་ཏ་ཆེན་པོ་སངྒྷ་ཤྲཱིའི་དྲུང་ནས་སྙན་ངག་མེ་ལོང་དང༌།  མངོན་བརྗོད་འཆི་མེད་མཛོད།  སྒྲ་མཚམས་སྦྱོར་ལྔ་པ་སོགས་ཐ་སྙད་རིག་གནས་དང༌།  གསང་སྔགས་ལས་གཏུམ་པོ་དཀར་པོའི་རྗེས་གནང་སོགས་ཆོས་བཀའ་མང་དུ་གསན།

དགུང་ལོ་ཉི་ཤུར་ཕེབས་པ་ལྕགས་སྟག་ཕྱི་ལོ་ ༡༤༡༠ ལོར་གྲུབ་པ་ཤེས་རབ་ཀྱིས་མཁན་པོ་དང་། ཆེན་པོ་བློ་ལྡན་པས་ལས་ཆོག་པ། ཆེན་པོ་གྲགས་པ་ཤེས་རབ་པས་གསང་སྟེ་སྟོན་པ་མཛད་དེ་བསྙེན་པར་རྫོགས་པའི་དགེ་སློང་གི་དངོས་པོ་བརྙེས། གཞན་ཡང་མཁན་རིན་པོ་ཆེ་མཆོག་གི་དྲུང་ནས་ཀྱཻ་རྡོར་དང༌། དོན་ཞགས་སོགས་བཀའ་ཆོས་མང་དུ་ཞུས། རྣམ་འགྲེལ་དང་ཊཱིཀྐ་ཐུགས་འཛིན་མཛད། ཤིང་རྟ་ཕྱི་ལོ་ ༡༤༡༤ ལོར་རྗེ་ཙོང་ཁ་པས་འོན་བཀྲ་ཤིས་དོ་ཁར་ཕེབས་ནས་ཆོས་མང་དུ་གསུངས། སྐབས་དེར་༸རྒྱལ་བ་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་ཀྱིས་རྗེ་ཙོང་ཁ་པར་ཆོས་འབྲེལ་ཐོག་མར་ཞུས། ཞེས་དུང་དཀར་ཚིག་མཛོད་དུ་གསལ་ལོ།།

 

ག༽ དབུས་སུ་ཕེབས་ཏེ་གསན་བསམ་རྒྱ་ཆེ་མཛད་ཚུལ།

 

དགུང་ལོ་ཉི་ཤུ་རྩ་ལྔར་ཕེབས་པ་ཤིང་ལུག་ཕྱི་ལོ་ ༡༤༡༥ ལོར་དབུས་ཕྱོགས་སུ་བྱོན་ཏེ་གཙུག་ལག་ཁང་གི་ཐོག་མ་ཁྲ་འབྲུག་ཏུ་སེམས་པ་ཆེན་པོ་ཀུན་བཟང་དང་། དེ་མིན་ཐང་པོ་ཆེར་རོང་སྟོན་ཤཱཀྱ་རྒྱལ་མཚན་གྱི་ཞབས་ལ་གཏུགས་ནས་ལོ་གསུམ་ཙམ་བཞུགས་ཏེ་དབུ་མ་དང་ཕར་ཕྱིན་གསན། ཡོངས་གྲགས་འོན་བཀྲ་ཤིས་དོ་ཁར་རྗེ་རིན་པོ་ཆེ་དང་ཐོག་མར་མཇལ་ཏེ་ཚད་མ་རྣམ་ངེས་དང་།  དྲང་ངེས་རྣམ་འབྱེད། རྩ་ཤེས། བླ་མ་ལྔ་བཅུ་པ། རྩ་ལྟུང་རྣམ་བཤད་སོགས་མདོ་སྔགས་ཀྱི་ཟབ་ཆོས་རྒྱ་ཆེར་གསན་ཏེ་སློབ་མའི་གཙོ་བོར་གྱུར། དེ་མིན་ཐང་པོ་ཆེར་ཉི་མ་རྒྱལ་མཚན་ལས་གསང་འདུས་མི་བསྐྱོད་པ་དང་། འཇིགས་བྱེད་བཅུ་གསུམ་མ།  གཤེད་དམར་བཅུ་གསུམ་མ།   ལྷ་ལྔ་སོགས་གསན་བཞེས་མཛད། གསང་ཕུ་ནེའུ་ཐོག་དང་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཕར་བྱོན་ཚུར་བྱོན་ཕེབས་བཞུགས་མཛད་ནས་ལོ་གསུམ་ཙམ་བཞུགས།

དགུང་ལོ་ཉེར་བདུན་བཞེས་པ་མེ་བྱ་ཕྱི་ལོ་ ༡༤༡༧ ལོ་ནས་དཔལ་ལྡན་འབྲས་དཀར་སྤུངས་པ་དང་། སེ་ར་ཆོས་སྡིངས། འཕན་ཡུལ་གྲོས་ལ་སོགས་པར་བྱོན་ནས་མཁས་བཙུན་བཟང་གསུམ་གྱི་བླ་མ་མང་པོའི་དྲུང་ནས་མདོ་སྔགས་ཀྱི་ཟབ་ཆོས་མང་དུ་ཞུས་ཏེ་ཐུགས་ཀྱི་བུམ་བཟང་ཁེངས་པར་མཛད་པ་དང་ཆབས་གཅིག་འདུས་སྡེ་ཁག་ཏུ་རྒྱལ་བའི་བཀའ་དང་དེའི་དགོངས་འགྲེལ་གྱི་བསྟན་བཅོས་ལས་བརྩམས་ཏེ་བརྒལ་བརྟག་མང་དུ་གནང་བས་མཁས་པའི་གྲགས་པས་ས་གསུམ་འགེངས་པར་མཛད། གཞན་ཡང་དམར་སྟོན་དཔལ་ལྡན་རིན་ཆེན་དང༌།  རྒྱ་མཚོ་རིན་ཆེན་གཉིས་ལས་ལོ་གཉིས་རིང་འདུལ་བ་མདོ་རྩ་བ་དང་། ཆོས་མངོན་པ་ལེགས་པར་གསན་ནོ།།

 

ང༽ གཙང་དུ་ཕེབས་ནས་བསྟན་འགྲོའི་མཛད་པ་བསྐྱངས་ཚུལ།

 

དགུང་ལོ་སོ་ལྔར་ཕེབས་པ་ཤིང་སྦྲུལ་ཕྱི་ལོ་ ༡༤༢༥ ལོར་གསང་ཕུར་འཆད་ཉན་མཛད་པ་བཅས་དེ་ལྟར་དབུས་སུ་ལོ་བཅུ་གཉིས་བཞུགས། དགུང་ལོ་སོ་དྲུག་པ་མེ་རྟ་ཕྱི་ལོ་ ༡༤༢༦ ལོར་རྗེ་ཤེས་རབ་སེངྒེ་དང་ལྷན་དུ་གཙང་ཕྱོགས་སུ་ཕེབས་ཏེ་སྣར་ཐང་དང་། བྱང་ཆེན། རྟ་ནག་རི་ཕུད།  བྲག་དམར། གནས་རྙིང་སོགས་སུ་ཕེབས་བཞུགས་མཛད་དེ་ལོ་ལྔ་དྲུག་རིང་འཆད་ཉན་སྨར་ཞིང་གྲྭ་ཚོགས་ཀྱང་ཤིན་ཏུ་འཕེལ་བར་མཛད།

དགུང་ལོ་བཞི་བཅུར་ཕེབས་པ་ལྕགས་ཁྱི་ཕྱི་ལོ་ ༡༤༣༠ ལོར་འཇུག་ཏཱིཀྐ་ལྗགས་རྩོམ་མཛད་ཅིང་། ལ་སྟོད་ལྷོ་བྱང་རྣམས་སུ་བྱ་བྲལ་དང་འཆད་ཉན་ཡང་མཛད། དགུང་ལོ་ཞེ་གཉིས་ལ་ཕེབས་པ་ཆུ་བྱི་ཕྱི་ལོ་ ༡༤༣༢ ལོར་བོ་དོང་ཕྱོགས་ལས་རྣམ་རྒྱལ་དང་མཇལ་ཏེ་སྒྲོལ་མ་ཉེར་གཅིག་པ་དང༌། བཅུ་བདུན་མ། དཀར་སྔོ་སོགས་ཆོས་བཀའ་དཔག་མེད་གསན། དྲི་བ་དུ་མ་མཛད་པར་ལྗགས་ལན་བདེ་བླག་ཏུ་ཕུལ་བས་ཐུགས་ཤིན་ཏུ་མཉེས་ཏེ་ཐམས་ཅད་མཁྱེན་པ་ཞེས་པའི་མཚན་སྙན་གསོལ། 

དེ་ནས་དཔལ་ལྡན་ས་སྐྱ་དང་། རྒྱང་འབུམ་ཆེར་ཕེབས་སྐབས་རྟེན་འབྱུང་མཐའ་བྲལ་གྱི་དོན་ལ་ངེས་པ་རྙེད་ཅིང་དེ་ཚུན་ཆད་སྙིང་རྗེ་གསུམ་གྱིས་དུས་འདའ་བར་བྱུང༌། ལོ་དེར་ཚད་མ་རྣམ་འགྲེལ་གྱི་ཊཱིཀྐ་བརྩམས། དགུང་ལོ་ཞེ་གསུམ་ལ་ཕེབས་པ་ཆུ་གླང་ཕྱི་ལོ་ ༡༤༣༣ ལོར་དབུ་མ་རྩ་ཤེའི་རྣམ་བཤད་རིན་པོ་ཆེའི་ཕྲེང་བ་ལྗགས་རྩོམ་མཛད་ཅིང་། དགུང་ལོ་ཞེ་དྲུག་ལ་ཕེབས་པ་མེ་འབྲུག་ཕྱི་ལོ་ ༡༤༣༦ ལོར་སྣར་ཐང་བྱང་ཆེན་དུ་ཐེག་ཆེན་ཕོ་བྲང་ཆེན་མོའམ་བྱང་ཆེན་སྒང་གི་རི་ཁྲོད་ཕྱག་བཏབ་པ་དང་། དགུང་ལོ་ཞེ་བདུན་བཞེས་པ་མེ་སྦྲུལ་ཕྱི་ལོ་ ༡༤༣༧ ལོར་ཚད་མ་རིགས་རྒྱན་བརྩམས་གནང་མཛད།

 

ཅ༽ དབུས་གཙང་དུ་འགྲོ་དོན་བསྐྱངས་ཤིང་། བཀྲས་ལྷུན་ཕྱག་འདེབས་མཛད་ཚུལ།

 

དགུང་ལོ་ཞེ་བརྒྱད་ལ་ཕེབས་པ་ས་རྟ་ཕྱི་ལོ་ ༡༤༣༨ ལོར་དབུས་སུ་ཕེབས་ཤིང་། བྱང་རྩེ་ཆོས་རྗེ་ནམ་མཁའ་དཔལ་བ་དང༌། ཟུར་ཁང་བསོད་ནམས་ལྷུན་གྲུབ། སྤྱན་སྔ་རིན་ཆེན་འཕེལ་སོགས་ལས་ཆོས་མང་དུ་ཞུས། དགུང་ལོ་ལྔ་བཅུ་པ་ལྕགས་སྤྲེལ་ཕྱི་ལོ་ ༡༤༤༠ ལོར་ཤེས་རབ་སེངྒེ་དང་ལྷན་དུ་སླར་ཡང་གཙང་དུ་ཕེབས་ཏེ་སྣར་ཐང་དང་བྱང་ཆེན་སོགས་སུ་འདུལ་བའི་འཆད་ཉན་གཙོ་བོར་མཛད། དེ་ནས་རྗེ་ཤེས་རབ་སེངྒེའི་དགོངས་རྫོགས་སུ་ནང་རྟེན་ཐུབ་ཆེན་བཞེངས་ཤིང་། ལོ་དེར་སོ་ཐར་གྱི་མདོའི་འགྲེལ་པ་དང་། འདུལ་བའི་གླེང་འབུམ་ཡང་ལྗགས་རྩོམ་མཛད་དོ།།

དགུང་ལོ་ལྔ་བཅུ་ང་བདུན་བཞེས་པ་རབ་བྱུང་བརྒྱད་པའི་མེ་ཡོས་ཕྱི་ལོ་ ༡༤༤༧ ལོར་འཕྱོངས་རྒྱས་པ་དཔལ་འབྱོར་བཟང་པོས་རོགས་སྐྱོར་དང་མཐུན་རྐྱེན་སྦྱར་བར་བརྟེན་བཀྲ་ཤིས་ལྷུན་པོ་དཔལ་གྱི་ཆོས་སྡེ་ཆེན་པོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་ཕྱག་བཏབ་ཅིང་། དགེ་འདུན་སུམ་སྟོང་ལྷག་འདུས། དགུང་ལོ་དོན་གསུམ་ལ་ཕེབས་པ་ཆུ་ལུག་ཕྱི་ལོ་ ༡༤༦༣ ལོར་བཀྲ་ཤིས་ལྷུན་པོར་བྱམས་ཆེན་སྐུ་གསུང་ཐུགས་རྟེན་བསམ་གྱིས་མི་ཁྱབ་པ་བཞེངས་ཤིང་། དཔལ་གསང་བ་འདུས་པའི་སྒོ་ནས་རབ་གནས་ཀྱང་མཛད། དགོན་པའི་གཞི་རྟེན་དུ་དར་རྒྱས་དཔོན་གྱིས་གཞིས་མཁར་གྱི་ཡོང་སྒོ་འབུལ་ལམ་ཞུས།

 

ཆ༽ རྟེན་གསུམ་བཞེངས་ཤིང་། བསྟན་བཅོས་བརྩམས། པཎ་ཆེན་གྱི་མཚན་སྙན་ཐོབ།

 

དགུང་ལོ་དོན་བཞིར་ཕེབས་པ་ཤིང་སྤྲེལ་ཕྱི་ལོ་ ༡༤༦༤ ལོར་བཀྲ་ཤིས་ལྷུན་པོར་༸རྒྱལ་བའི་བཀའ་འགྱུར་གསར་བཞེངས་གནང་མཛད། དགུང་ལོ་དོན་བརྒྱད་ལ་ཕེབས་པ་ས་བྱི་ཕྱི་ལོ་ ༡༤༦༨ ལོར་བཀྲ་ཤིས་ལྷུན་པོའི་གོས་སྐུ་ཆེན་མོ་བཞེངས་གནང་མཛད། ༼འདིའི་དཔེ་རིས་རྣམས་སྨན་བླ་དོན་གྲུབ་དཔོན་སློབ་གཉིས་ཀྱིས་བྲི་གནང་མཛད་ཚུལ་རྣམ་ཐར་གནང་གསལ།༽ དགུང་ལོ་དོན་དགུར་ཕེབས་པ་ས་གླང་ཕྱི་ལོ་ ༡༤༦༩ ལོར་འདུལ་ཊཱིཀ་རིན་ཆེན་ཕྲེང་བ་མཛད། ཤིང་རྟ་ལོར་ཆོ་འཕྲུལ་སྨོན་ལམ་ཆེན་མོ་གསར་འཛུགས་གནང་། དགོན་པ་བཞེངས་ནས་ལོ་ཉི་ཤུ་རྩ་བརྒྱད་ཀྱི་བར་དུ་བསྟན་པའི་བདག་པོར་མཛད་དེ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེའི་བ་དན་སྲིད་རྩེའི་བར་དུ་བསྒྲེངས་ཤིང་། ལྷག་པར་འཆད་ཉན་ནམ་ཡང་ཆག་པ་མེད་པར་གནང་བས་མཚོན་བསྟན་འགྲོའི་མཛད་བཟང་དཔག་མེད་བསྐྱངས། པཎ་ཆེན་དགེ་འདུན་གྲུབ་པ་ཞེས་མཚན་སྙན་གྱིས་ཡོངས་སུ་ཁྱབ་ཅིང་། དེ་ནས་བཟུང་བཀྲས་ལྷུན་དགོན་གྱི་གདན་ས་པ་སུས་མཛད་ལ་པཎ་ཆེན་ཞེས་པའི་མཚན་སྙན་གྱི་གྲགས་པས་ཁྱབ།

 

ཇ༽ ཞི་བར་གཤེགས་ཤིང་། སློབ་ཚོགས་མང་དུ་བསྐྱངས་ཚུལ།

 

དེ་ལྟར་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོ་མཆོག་གིས་སྔ་ཕྱིར་བླ་མ་དྲུག་ཅུ་ལྷག་ཙམ་དགེ་བའི་བཤེས་གཉེན་དུ་བསྟེན་པའི་ཁྲོད་ནས་བཀའ་དྲིན་མཚུངས་མེད་ཀྱི་བླ་མ་གསུམ་སྟེ། དང་པོར་བཀའ་དྲིན་ཆེ་བ་མཁན་ཆེན་གྲུབ་པ་ཤེས་རབ་དང༌། བར་དུ་བཀའ་དྲིན་ཆེ་བ་རྗེ་བཙུན་ཙོང་ཁ་པ། མཐའ་མར་བཀའ་དྲིན་ཆེ་བ་མཁས་གྲུབ་ཤེས་རབ་སེངྒེ་བཅས་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་དོན་ལ་ཐོས་བསམ་མཐར་ཕྱིན་པ་མཛད་པས་མཁས་པའི་དབང་པོར་གྱུར་ལ། ༸རྒྱལ་བ་བསོད་ནམས་རྒྱ་མཚོའི་རྗེས་ནས་དགེ་འདུན་གྲུབ་པ་༸རྒྱལ་བ་སྐུ་ཕྲེང་དང་པོར་ངོས་འཛིན་མཛད།

འདུལ་བའི་བསླབ་ཁྲིམས་རྣམ་པར་དག་པ་བཞི་རྩར་བཟུང་སྟེ་བསྟན་པའི་བྱ་བ་རྣམས་མཐར་ཕྱིན་ནས་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར། མཐར་དགུང་ལོ་བརྒྱད་ཅུ་གྱ་བཞི་སྟེ་རབ་བྱུང་བརྒྱད་པའི་ཤིང་རྟ་ཕྱི་ལོ་ ༡༤༧༤ ལོའི་བོད་ཟླ་ ༡༢ ཚེས་ ༧ ཉིན་སྲས་ཀྱི་ཐུ་བོ་འདུལ་འཛིན་དཔལ་ལྡན་བཟང་པོ་སོགས་སྐུ་དྲུང་དུ་བཀའ་སྒུག་གནང་ནས་ཞལ་བཀོད་རིམ་པར་མཛད་ཅིང་། མཚན་མོའི་རིང་ཐུགས་དམ་ལ་རྩེ་གཅིག་ཏུ་མཉམ་པར་བཞག ཚེས་ ༨ ཉིན་གྱི་ཐོ་རེངས་ཞབས་རྡོ་རྗེ་སྐྱིལ་ཀྲུང་དང་། ཕྱག་གཉིས་མཉམ་བཞག་མཛད་དེ་གཞིའི་འཆི་རིམ་ལམ་གྱི་འོད་གསལ་དང་བསྲེས་ནས་ཐམས་ཅད་སྟོང་པ་འོད་གསལ་ལ་ཟླ་བ་དེའི་ཚེས་ཉེར་གཉིས་བར་བཞུགས། སྐུ་གདུང་བཀྲ་ཤིས་ལྷུན་པོར་དངུལ་སྡོང་མཐོང་བ་དོན་ལྡན་ནང་བཞུགས་སུ་གསོལ་ཡོད།

རྗེ་དགེ་འདུན་གྲུབ་པས་སྤྱིར་དགུང་ལོ་སོ་ལྔ་ནས་གྱ་བཞིའི་བར་དམ་པའི་ཆོས་ཀྱི་འཆད་ཉན་རྒྱ་ཆེར་མཛད་པས་སྐལ་བ་དང་ལྡན་པའི་གདུལ་བྱ་མཁས་པ་དང་། བཙུན་པ། བཟང་པོ། རྣལ་འབྱོར་ལ་བརྩོན་པའི་སློབ་མས་གངས་རིའི་ཁྲོད་དུ་མ་ཁྱབ་པ་མི་སྣང་ལ། སློབ་མའི་གཙོ་བོ་ནི་འདུལ་འཛིན་དཔལ་ལྡན་བཟང་པོ་དང་། རྡོ་རྗེ་སློབ་དཔོན་བཟང་པོ་བཀྲ་ཤིས། འཇམ་པའི་དབྱངས་ཀུན་དགའ་བདེ་ལེགས་རིན་ཆེན་རྒྱལ་མཚན་དཔལ་བཟང་པོ། རབ་འབྱམས་པ་བསྟན་པའི་ཉི་མ། སྨོན་ལམ་དཔལ་ལེགས་པའི་བློ་གྲོས། མཁན་ཆེན་བཟོད་པ་དཔལ་གྲུབ། མཁན་ཆེན་ཤེས་རབ་རྒྱལ་མཚན་སོགས་རྗེ་འདི་ཉིད་ཀྱི་གསུང་ལས་སྐྱེས་པའི་སློབ་མ་མཁས་གྲུབ་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་མང་དུ་བྱུང་ངོ་།།

 

ཉ༽ ༸རྒྱལ་དབང་དགེ་འདུན་རྒྱ་མཚོའི་གསུང་འབུམ་སྐོར།

 

རྗེ་འདི་ཉིད་ཀྱིས་རང་ཅག་ཕྱི་རབས་པའི་གདུལ་བྱ་རྣམས་ཀྱིས་ཆེད་དུ་མཛད་པའི་བསྟན་བཅོས་ནི། འདུལ་བའི་གླེང་འབུམ་ཆེན་མོ་དང་། འདུལ་ཊཱིཀ་རིན་ཆེན་ཕྲེང་བ། མཛོད་འགྲེལ་ཐར་ལམ་གསལ་བྱེད། དབུ་མའི་བསྟན་བཅོས་འཇུག་འགྲེལ་གསལ་བའི་མེ་ལོང༌། ཐེག་པ་ཆེན་པོ་བློ་སྦྱོང་དོན་བདུན་མའི་ཁྲིད་ཡིག རྣམ་འགྲེལ་གྱི་འགྲེལ་པ་ཚད་མ་རིགས་རྒྱན། མདོ་ཊཱིཀ་སོགས་གསུང་འབུམ་པོད་ལྔ་བཞུགས་པ་ལ་ཆོས་ཚན་ཆོས་ཚན་གྲངས་ ༢༤ དང་། དཔེ་རིང་ཤོག་གྲངས་ ༢༡༥༦ བཅས་ཡོད།

གསུང་པོད་གྲགས་ཆེ་བ་ལ་མཚོན་ན། ཚད་མ་རིགས་པའི་ཕྱོགས་ནས་ཚད་མ་རིགས་རྒྱན་དང་། ཚད་མ་རྣམ་འགྲེལ་གྱི་ཊཱིཀ་གཉིས་གྲགས་ཆེ་ཞིང་། འདུལ་བའི་ཕྱོགས་ནས་གྲགས་ཆེ་བ་ནི། འདུལ་བའི་གླེགས་འབུམ་དང་། དམ་པའི་ཆོས་འདུལ་བ་མཐའ་དག་གི་སྙིང་པོའི་དོན་ལེགས་པར་བཤད་པ་རིན་པོ་ཆེའི་ཕྲེང་བ་གཉིས་དང་། གཞན་ཡང་མཛོད་ཊཱིཀ་ཐར་ལམ་གསལ་བྱེད་བཅས་གྲགས་ཆེ་ལ། གསུང་འབུམ་པོད་ལྔ་པོ་རྣམས་དེབ་ཕྲེང་དགུ་ལ་ཆ་བགོས་ཀྱིས་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་ནས་ཕྱོགས་སྒྲིག་པར་སྐྲུན་ཞུས་ཡོད་ལ། ༸རྒྱལ་བ་དགེ་འདུན་རྒྱ་མཚོའི་ཞིབ་ཕྲའི་རྣམ་ཐར་མཁྱེན་པར་འདོད་ན། པཎ་ཆེན་ཡེ་ཤེས་རྩེ་མོས་མཛད་པའི་རྗེ་ཐམས་ཅད་མཁྱེན་པའི་ངོ་མཚར་རྨད་བྱུང་ནོར་བུའི་ཕྲེང་བ་དང་། ལས་ཆེན་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་བླ་མ་ཐམས་ཅད་མཁྱེན་པའི་རྣམ་ཐར་ངོ་མཚར་མཛད་པ་བཅུ་གཉིས་སོགས་ལས་མཁྱེན་པར་འཚལ་ལོ།། །།

བརྒྱུད་སྐུལ།

མཆན་སྤེལ།