མཛད་རྗེས་གསེར་འོད་འཕྲོ་བའི་བོད་ཀྱི་མཁས་པ་ཞིག་གླེང་བ། 

མཛད་རྗེས་གསེར་འོད་འཕྲོ་བའི་བོད་ཀྱི་མཁས་པ་ཞིག་གླེང་བ། 

མཛད་རྗེས་གསེར་འོད་འཕྲོ་བའི་བོད་ཀྱི་མཁས་པ་ཞིག་གླེང་བ།
རྩོམ་པ་པོ། དེད་དཔོན།

ཆགས་སྡང་རྨོངས་གསུམ་དང་ཕྲག་དོག་འགྲན་སེམས་ཀྱིས་སྒོ་གསུམ་ཁ་ལོ་སྒྱུར་བཞིན་སྲིད་དོན་རྩོད་པའི་ནང་དམེ་ཁྲག་སྦྱོར་གྱི་ལས་ལ་ཞུགས་པའི་བོད་ཀྱི་སེར་གཟུགས་པ་དག་གི་ཁྲོད་ནས་དྲན་ཡོང་བ་ནི། གནའ་དེང་རིག་གནས་ལ་ནང་བྱན་ཆུད་པའི་སྐུ་ཚེ་གང་བོ་བོད་ཀྱི་ཤེས་རིག་གི་ཆེད་དུ་བཏང་ཞིང་། ཆོས་ལུགས་དང་ཡུལ་ལུང་སོགས་ཚན་པ་ཕྱོགས་རེ་བར་ཕྱོགས་རིས་འཐེན་འཁྱེར་སྤུ་ཙམ་ཡང་མེད་པའི་ཁ་བ་གངས་ཅན་པའི་རེ་བའི་མིག་འབུར་གཏོད་སའི་བགྲེས་སོང་ཁྱུ་གཅིག་རེད། དེ་དག་གི་ནང་ནས་གླེང་འོས་པ་གཅིག་ནི་སྟོད་དབུས་གཙང་གི་མཁས་དབང་དམ་པ་ནོར་བྲང་ཨོ་རྒྱན་ལགས་ཏེ། ཁོང་ནི་ཉེ་རབས་བོད་ཀྱི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་ཐད་དུ་མཛད་རྗེས་ཧ་ཅང་ཆེ། མཁས་དབང་ཁོང་གི་སྐུ་ཚེ་བོད་ཀྱི་རིག་གཞུང་གི་ཆེད་དུ་གཏོང་བའི་རྣམ་ཐར་དང་། མཁྱེན་རྒྱ་ཟབ་མོའི་རྩལ་ལས་ཐོན་པའི་གསུང་རྩོམ་གྲགས་ཅན་ཁག་ལ་མྱོང་རོལ་ཐེངས་གཅིག་བྱས་ན་བགྲེས་སོང་ཁོང་ལ་དུང་བ་འགོག་མེད་དུ་སྐྱེ་ཡོང་བ་ཞིག་རེད།

བོད་ཀྱི་གཏམ་དཔེར་”མི་ནི་འདས་པོ་ཡག དུས་ནི་ན་ནིང་བཟང་།” ཞེས་པ་ལྟར་བོད་པའི་སྤྱི་ཚོགས་འདིར་གསོན་པོའི་དུས་སུ་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་དང་། ཕྱོགས་རིས་ཆགས་སྡང་གིས་མགོ་གཏད་ས་ནས་ཀླད་པ་ཕུག་རེས་བྱེད་འདུག་པ་ལས་མཛད་རྗེས་དང་ཡོན་ཏན་ཆེ་བའི་མི་ལ་བསྟོད་བཀུར་བྱེད་སྲོལ་མེད། མི་དེ་འཆི་བའི་རྗེས་སུ་ཆེ་རབས་གཉན་རབས་ལུང་པ་གང་བཤད་པའི་ངན་གཤིས་རྒྱུན་འབྱམས་སུ་སོང་བའི་རྗེས་སུ་མི་སྙེག་པར་མཁས་དབང་ཁོང་སྐུ་འཚོ་བཞུགས་སྐབས་སུ་ཚན་པ་ཕྱོགས་རེ་བའི་དར་ཆའི་ཆེད་དུ་”པ་ལ་པུ་”བཏགས་པ་ལྟར་མ་ཡིན་པའི་སྒོ་ནས་གཟུར་བོའི་བློ་ཡིས་ཁོང་གི་ཆེ་བའི་ཡོན་ཏན་ཅུང་ཟད་གླེང་བར་འདོད། དེའང་བོད་གངས་ཅན་ལྗོངས་ཀྱི་མཁས་དབང་དམ་པ་ནོར་བྲང་ཨོ་ནོར་བྲང་ཨོ་རྒྱན་ལགས་ནི། ༡༩༣༣ ལོར་སྟོད་དབུས་གཙང་གཞིས་རྩེ་གྲོང་ཁྱེར་གདོང་དཀར་གྲོང་ཚོའི་ཞིང་པའི་ཁྱིམ་ཚང་ཞིག་ཏུ་འཁྲུངས། ལོ་བདུན་གྱི་སྟེང་ནོར་བྲང་དུ་སྒེར་གྱི་བོད་ཡིག་སློབ་གྲྭ་འཛུགས་གཉེར་གནང་བའི་སློབ་ཕྲུག་གྲས་སུ་བོད་ཡིག་དང་། བོད་ཀྱི་རྡེལ་རྩིས། བརྡ་དག་གི་དཔེ་ཆ་འཛིན་སྐྱོར། ཧོར་ཡིག་སོགས་ལོ་བཅུའི་རིང་སྦྱངས་བརྩོན་གནང་། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པའི་མཚན་ཞབས་པ་དཀའ་ཆེན་ངག་དབང་ལགས་དང་། དཀའ་ཆེན་བཟོད་པ་ལགས། དཀའ་ཆེན་པད་མ་ལགས་བཅས་མཁས་པའི་དབང་བོ་གསུམ་བསྟེན་ནས་རིག་པའི་གནས་ཁག་ལེགས་པར་སྦྱངས་པ་གནང་། ༡༩༦༠ ལོ་ནས ༡༩༦༨ ལོ་བར་གཞིས་རྩེ་དམངས་སྲིད་ཅུས་སུ་ལོ་བདུན་རིང་ཕྱག་ལས་གནང་། རྗེས་སུ་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གསར་དུ་འཛུགས་གནང་གི་ཕྱག་ལས་བགྱི་བར་གདན་འདྲེན་ཞུས་པ་ལྟར་ལྷ་སར་ལས་གནས་སྤར་ཏེ་ལོ་ལྔའི་རིང་བོད་ལྗོངས་ཞིབ་འཇུག་བོད་ཡིག་རྩོམ་སྒྲིག་པའི་ཕྱག་ལས་གནང་། ༡༩༨༥ ལོ་ནས ༡༩༨༧ ལོའི་བར་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དུ་བོད་ཡིག་དཔེ་རྙིང་དཔེ་སྐྲུན་གསར་འཛུགས་གནང་བས་དབུ་འཛིན་གཞོན་པ་དང་། སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པའི་མཚན་ཐོག་ནས་ཕྱག་ལས་ལོ་གསུམ་རིང་ལ་གནང་།
ལས་ཞོར་དུས་སེང་དང་བསྟུན་ཏེ་ཁྲོ་རུ་མཁན་ཆེན་ཚེ་རྣམ་རིན་པོ་ཆེའི་ཞབས་ལ་གཏུགས་ནས་དཀར་ནག་རྩིས་རིག་དང་། སྒྲ་མཚམས་སྦྱོར་ལྔ་པ། སྡེབ་སྦྱོར་རིན་འབྱུང་བཅས་ཞུས་ནས་སྐར་རྩིས་ཀྱི་སྦྱངས་འབྲས་མཚོན་ཆེད་དུ་ཁྲོ་བོ་ཞེས་པ་འབྱུང་བ་བཞི་ལྡན་ཤིང་མོ་གླང་ལོའི་ལོ་ཐོ་ཟླ་གཞོན་སྣང་བ་ཞེས་པ་ལྔ་བསྡུས་ལ་བརྟེན་པའི་ཟླ་བཤད་དང་། དུས་གཟེར། ཟླ་འཛིན་ལ་སོགས་པ་ཆ་ཚང་བ་ཤོག་གྲངས་༩༧ ཡོད་པ་ཞིག་བརྩམས་པར་མཁན་ཆེན་མཆོག་ནས་ལེགས་སོའི་དབུགས་དབྱུང་ཐོབ་པ་དང་། ནཱ་ལེནྡྲའི་མཁན་ཆེན་ཚུལ་ཁྲིམས་རྒྱལ་མཚན་མཆོག་ནས་བཤེས་སྤྲིངས་སློབ་ཁྲིད་ཞུས།
༡༩༩༤ ལོར་རང་ལོ་དྲུག་ཅུ་རེ་གཅིག་ཏུ་སླེབས་སྐབས་ལས་ཁྱུར་ངལ་གསོ་བྱས་ཤིང་། ༡༩༩༥ ལོར་བོད་སྐད་ཡིག་མཛུབ་སྟོན་ཨུ་ཡོན་ལྷན་ཁང་དང་། བོད་ལྗོངས་སློབ་གྲྭ་ཆེན་མོ་མཉམ་མབྲེལ་སྒོས་བོད་ཡིག་གློག་རྡུལ་འཕྲུལ་འཁོར་ནང་བོད་ཡིག་གྲུབ་གཞིའི་རྒྱལ་སྤྱིའི་ཚད་གཞི་ཅན་དུ་བསྒྱུར་རྒྱུའི་ཆེད་བོད་སྐད་ཡིག་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གི་དབུ་འཛིན་རྒན་ཚེ་རིང་ཆོས་རྒྱལ་ལགས་དང་། བོད་ལྗོངས་སློབ་གྲྭ་ཆེན་མོའི་གློག་རྡུལ་གྱི་ཕྱག་ལས་གནང་མཁན་ཉི་མ་བཀྲ་ཤིས་དང་མཉམ་དུ་ཨ་མེ་རི་ཀ་དང་། ཧྥིན་ལན་རྒྱལ་ཁབ་གཉིས་ལ་བསྐྱོད་དེ། བྱ་བ་དེའི་ནང་ཧུར་བརྩོན་བྱས་མཐར་གཟེངས་སུ་ཐོན་པའི་བྱ་དགའ་ཡང་ཐོབ།
ལས་ཐོག་དུས་གསེང་དང་། ལས་ཁྱུར་ངལ་གསོའི་སྔ་རྗེས་སུ་རྩོམ་འབྲི་གནང་བའི་དཔེ་སྐྲུན་ཟིན་པའི་བརྩམས་ཆོས་《བོད་སིལ་བུའི་བྱུང་བ་བརྗོད་པ་ཤེལ་དཀར་ཕྲེང་བ》དང་།《ཆོས་རྒྱལ་དྲི་མེད་ཀུན་ལྡན་གྱི་རྟོགས་བརྗོད་བསྔགས་འོས་བསྔགས་པའི་འགྲེལ་པ་པད་དཀར་ཆུན་པོ》《བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཀྱི་འགྲེལ་པ་ཡིད་ཀྱི་དགའ་སྟོན།》རྙིང་མ་བ་དང་། བཀའ་བརྒྱུད་པ། ས་སྐྱ་པ། དགེ་ལུགས་པ། ཞ་ལུ་པ་བཅས་གྲུབ་མཐའ་ཆེན་པོ་ལྔའི་ཞལ་འདོན་ཕྱོགས་བསྒྲིགས། བོད་རིག་པའི་མཁས་དབང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་མཆོག་དང་མཉམ་དུ་རྩོམ་སྒྲིག་གནང་བའི《བོད་ཀྱི་ལོ་རྒྱུས་རགས་རིམ་གླེང་བ་གཡུ་ཡི་ཕྲེང་བ།》《གངས་ཅན་རིག་བརྒྱའི་སྒོ་འབྱེད་ཆོས་ཀྱི་རྣམས་གྲངས་མཐོང་ཚད་ཀུན་ལས་བཏུས་པ་ངོ་མཚར་འཕྲུལ་གྱི་ལྡེ་མིག་ཆེན་མོ།》ཞེས་བྱ་བ། བསྡུས་མིང་ལ་《ཆོས་རྣམས་ཀུན་བཏུས།》ཞེས་པའི་ཚིག་མཛོད་བཅས་བརྩམས་ཡོད།
ཚིག་མཛོད་དེ་ནི་ད་ལྟའི་བར་དུ་བོད་ཀྱི་ཆོས་ཀྱི་རྣམ་གྲངས་ཆེ་ཤོས་སམ་གྲ་རྒྱས་ཤོས་དེ་ཡིན་པ་རེད། དེའི་ནང་དུ་རིག་གནས་ཆེ་ཆུང་སྤྱི་དང་ཁྱད་པར་དུ་ནང་དོན་རིག་པའི་བརྡ་ཆད་དུ་མ་ཞིག་འགྲེལ་བཤད་ཁ་གསལ་ལམ་ནས་བཀྲོལ་གནང་བ་ནི་བློ་གསར་སློབ་གཉེར་བ་རྣམས་བློ་གྲོས་ཀྱི་སྒོ་འཕར་འབྱེད་པའི་ལེགས་སྐྱེས་ཕུན་སུམ་ཚོགས་པ་ཞིག་ཅི་ལ་མིན། ཁོང་གིས་གླེང་བརྗོད་དུ་གསུངས་བ་ལྟར་ན། 《ཆོས་རྣམ་ཀུན་བཏུས་》འདིའི་ནང་ཆོས་ཀྱི་རྣམ་གྲངས་སྡེ་ཚན་གཅིག་ནས་སྡེ་ཚན་ལྔ་སྟོང་བཞི་བརྒྱ་རྩ་གསུམ་བར་ཡོད་པའི་ནང་འགའ་ཞིག་ལ་ལྡབ་པ་དང་བཅས་ཁྱོན་ཆོས་ཀྱི་རྣམ་གྲངས་ཀུན་བཏུས་ཆེན་མོ་འདིར་ཤེས་བྱའི་དབྱེ་བའམ་དོན་ཕྲན་ཆིག་འབུམ་སུམ་ཁྲི་ཉིས་སྟོང་བདུན་བརྒྱ་བཞི་བཅུ་ཞེ་གསུམ་ལས་གྲུབ་པ་རྩ་བའི་ཆོས་ཀྱི་རྣམ་གྲངས་ཆིག་ཁྲི་ཉིས་སྟོང་བརྒྱ་དང་བདུན་བཅུ་དོན་དྲུག་ཡོད་སྐོར་དང་། ཡན་ལག་གི་དོན་ཕྲན་སུམ་སྟོང་བརྒྱད་བརྒྱ་ལྔ་བཅུ་ལས་གྲུབ་པ་ལན་ལག་གི་ཆོས་ཀྱི་རྣམ་གྲངས་བདུན་བརྒྱ་བདུན་ཅུ་སྐོར། རེའུ་མིག་སྣ་ཚོགས་གྲངས་བཅུ་བདུན་བཅས་ཡོད་ཅིང་། 《ཆོས་རྣམ་ཀུན་བཏུས་》འདིར་ཁྱོན་ཡིག་འབྲུ་ས་ཡ་དྲུག་ཟིན་པའོ། །ཞེས་གསུངས་ཡོད། དེའི་ནང་དོན་གྱི་ཆ་ནས་བལྟས་ན་ཤིན་ཏུ་ཁུངས་དག་པ་དང་ལུང་ཚིག་རེ་རེ་བཞིན་གང་ནས་བཏུས་པའི་ལུང་ཁུངས་ཤོག་གྲངས་ཚུན་ཆད་གསལ་བོ་བྲིས་ཡོད་པ་དང་། བོད་ཀྱི་ཡིག་ཚང་ཆོས་འབྱུང་ཚད་ལྡན་ལྔ་བརྒྱ་ཉེ་ཙམ་ཕན་ཚུན་དཔྱད་བསྡུར་ཁོལ་འདོན་བྱས་ནས་དྲངས་ཡོད། དེ་བཞིན་ཆོས་ལུགས་དང་ལུང་ཚན་གྱི་ཕྱོགས་ལྷུང་ལྟ་བུའི་སྐྱོན་གྱིས་མ་བསླད་པ། རིག་པའི་གནས་སྤྱི་ལ་ཁྱབ་ཐུབ་པའི་ཁྱད་ཆོས་དུ་མ་ལྡན་ཡོད།
གཞན་ཡང་དཔེ་རྒྱུན་ཤིན་ཏུ་དཀོན་པའི་《རྗེ་བཙུན་མི་ལ་བཞད་པ་རྡོ་རྗེའི་རྟོགས་པ་བརྗོད་པ་སྙན་ངག་རིན་པོ་ཆེའི་བསྟན་བཅོས་ཨུཏྤལ་ལའི་རྣ་རྒྱན》ཞེས་པ།《སྐྱ་སེང་བུ་ལྔའི་རྟོགས་བརྗོད》ཀྱི་རྩོམ་པ་པོ་སྟེ། ཉེ་རབས་བོད་ཀྱི་སྙན་ངག་མཁས་དབང་ལྷ་སྨོན་ཡེ་ཤེས་ཚུལ་ཁྲིམས་ཀྱིས་མཛད་པའི་《རྟོགས་བརྗོད་སྙན་ཚིག་མ》དེ་ལ་ནོར་བྲང་ཨོ་རྒྱན་ལགས་ཀྱིས་རྩ་འགྲེལ་རྒྱས་པ་སྙན་ངག་གི་སྟོན་མོ་འགྱེད་པ་གནང་བའི་《རྗེ་བཙུན་མི་ལ་རས་པའི་རྟོགས་བརྗོད་སྙན་ཚིག་མའི་རྩ་འགྲེལ》དེ་ལ་ཁྱོན་ཡིག་འབྲུ་འབུམ་ 7%5 བདུན་ལྷག་ཡོད། དེ་ལ་སོགས་པ་བརྩམས་ཆོས་དེབ་གྲངས་ཉི་ཤུ་བརྒལ་བ་དང་ཡིག་འབྲུ་བྱེ་བ་གཉིས་ཉེ་བ་ཡོད།
མཁས་དབང་ཁོང་གི་བརྩམས་ཆོས་ཁག་ལ་བྱ་དགའི་གཟེངས་བསྟོད་ཐོབ་པ་ཡང་། མཁས་དབང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་མཆོག་དང་མཉམ་དུ་རྩོམ་སྒྲིག་གནང་བའི《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ》ཞེས་པར་ ༡༩༩༣ ལོར་ཐེངས་དང་པོའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་དཔེ་དེབ་དཔྱད་འདེམས་ནང་། རིམ་པ་གསུམ་པའི་བྱ་དགའ་ཐོབ་པ་དང་༡༩༩༣ ལོར་ཐེངས་དང་པོའི་རྒྱལ་ཁབ་རིམ་པའི་དཔེ་དེབ་བྱ་དགའ་ཐོབ་ཅིང་། སྤྱི་ལོ་༢༠༠༦ ལོར་ཀྲུང་གོ་བོད་རིག་པའི་དཔེ་དེབ་ཀྱི་བྱ་དགའ་མཐོ་ཤོས་ཇོ་མོ་གླང་མའི་དམིགས་བསལ་གྱི་བྱ་དགའ་ཐོབ་པ། ཁོང་གཅིག་པུས་བརྩམས་པའི《བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཀྱི་འགྲེལ་པ་ཡིད་ཀྱི་དགའ་སྟོན》ལ་ཐེངས་གཉིས་པའི་ཀྲུང་གོ་མི་རིགས་དཔེ་དེབ་ཀྱི་རིམ་པ་གསུམ་པའི་བྱ་དགའ་ཐོབ་པ། ༡༩༩༡ ལོར་བོད་ཡིག་འཕྲུལ་སྤྱོད་ཀྱི་རྒྱལ་ཁབ་དང་། རྒྱལ་སྤྱིའི་ཚད་གཞི་བཅོས་པའི་ནང་བྱས་རྗེས་གཟེངས་སུ་ཐོན་པའི་མཚན་སྙན་བྱ་དགའ་སོགས་ཐོབ་ཡོད།
གཞན་ཡང་༢༠༠༠ ལོར་འཛམ་གླིང་ཐོག་རིང་ཤོས་ཐང་གའི་འཛམ་གླིང་ཅི་ཉེ་སིའི་རྟགས་མ་ཐོབ་པའི་ཀྲུང་གོ་བོད་ཀྱི་རིག་གནས་ཀུན་འདུས་ཞལ་ཐང་ཆེན་མོ་གསར་བཞེངས་ཀྱི་བློ་འདོན་པའི་འགན་འཁུར་ཧུར་བསྐྱེད་བྱུང་བའི་དྲན་རྟེན་དཔང་ཡིག་བཅས་རིམ་པར་ཐོབ་ཡོད།
སྤྱི་ཚོགས་ནང་ཞུགས་པའི་ཐད། སྐབས་ལྔ་པ་དང་དྲུག་པའི་བོད་ལྗོངས་ཆབ་གྲོས་ཀྱི་ཨུ་ཡོན། ཐེངས་དང་པོའི་སྐར་རྩིས་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན། ཀྲུང་གོ་དམངས་ཁྲོད་རིག་རྩལ་ཚོགས་པ་བོད་ཡན་ལག་ཚོགས་པའི་ཚོགས་མི། བོད་ལྗོངས་བོད་རིག་པའི་གྲོས་ཚོགས་ཀྱི་ཚོགས་མི་བཅས་སུ་རིམ་པར་བདམས་ཐོན་བྱུང་བ་དང་།ད་ལྟ་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ནས་གདན་ཞུ་གནང་བའི་ཞིབ་འཇུག་པ་ཆེན་མོའི་གོ་བབ་ཀྱི་ཐོག་ནས་ཕྱག་ལས་གནང་མུས་ཡིན།

དེར་མ་ཟད་བོད་ཀྱི་སྐད་ཡིག་རྒྱུན་འཛིན་དང་དར་སྤེལ་ཆེད་དུའམ་ བོད་ཀྱི་སྐད་ཡིག་འདིའི་ཚེ་ཐག་གི་རྒྱུན་བསྲིངས་ཆེད་དུ་བྱ་དངོས་གསར་པ་རྣམས་ལ་བོད་སྐད་ཐོག་ནས་མིང་བརྡའི་ཐ་སྙད་སྟོང་ཆ་ཧ་ཅང་ཆེ་བས་སྟོང་ཆ་དེ་བསྐང་བའི་ཆེད་དུ་བོད་རང་སྐད་ནས་མིང་བརྡ་ཐ་སྙད་གསར་བ་འཐུས་སྒོ་ཚང་བ་ཞིག་གཏན་འབེབས་གནང་བའི་ལས་གཞི་སྟེ་《རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད། 》ཅེས་པ་ཆོས་བརྒྱུད་དང་ཡུལ་ལུང་ཆོལ་ཁ་སྐྱ་སེར་རིས་སུ་མ་ཆད་པའི་མདོ་དབུས་ཁམས་གསུམ་གྱི་མཁས་པ་རྒྱས་འཛོམས་ཆེན་མོ་རུ་དགུང་ལོ་བརྒྱད་བཅུ་ལྷག་ལ་ཟིན་པའི་ནོར་བྲང་ཨོ་རྒྱན་ལགས་ཀྱང་མ་སྐུལ་དང་བླངས་དང་ལྷག་བསམ་དང་དུང་ཞེན་ལ་བརྟེན་ནས་མི་ལོ་བཅུ་གསུམ་གྱི་རིང་དུ་བྱ་བ་དེ་བསྒྲུབས་པར་ཕེབས་པ་དང་། མིང་མཛོད་དཔྱད་གླེངས་ཀྱི་འཚོགས་འདུའམ་བགྲོ་གླེང་ཐེངས་རེར་ཟླ་ཕྱེད་ཙམ་འཚོགས་སྐབས་སྔ་དྲོའི་ཆུ་ཚོད་བརྒྱད་ཕྱེད་ནས་ཕྱི་དྲོའི་ཆུ་ཚོད་དྲུག་ཕྱེད་བར་དུ་ཉིན་གཅིག་ཀྱང་མ་ཆད་པ་བགྲེས་སོང་ཁོང་ཕེབས་པ་སོགས་གཞལ་དུ་མེད་པའི་རྣམ་དཔྱོད་དང་དྲི་མ་མེད་པའི་ལྷག་བསམ་ལ་བསྟེན་ནས་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་ཐད་དུ་སྨན་པའི་རྩོལ་བར་ཧུར་བརྩོན་ཞུ་དང་ཞུ་བཞིན་པའི་ཕྱག་རྗེས་བླ་ན་མེད་པ་འཇོག་གནང་མུས་སུ་མཆིས། དེས་ན་རྗེ་བདག་ཉིད་ཆེན་པོས། མཛད་པ་ཀུན་ལས་གསུང་གི་མཛད་པ་ནི། །མཆོག་ཡིན། ཞེས་སོགས་གསུངས་པ་ལྟར་ཕ་སྐད་གཙང་མའི་ཐོག་ཏུ་ཤེས་རིག་གི་ཕྱག་རྗེས་ཆེ་ཞིང་། ཤུལ་བཞག་རིན་བྲལ་གྱི་གླེགས་བམ་བརྩེགས་མཁན་གྱི་མཁས་པ་དག་ནི་གངས་རིའི་བུ་དང་བུ་མོའི་ཁ་ལས་རླུང་རྟ་ཡར་ལ་སྐྱེད་མཁན་ངོ་མ་དེ་ཁོང་ཅག་ཡིན་པས། བསྟོད་བསྔགས་ཀྱི་མེ་ཏོག་དང་། ཚད་མཐོའི་གདེང་འཇོག་བྱེེད་རྒྱུ་ཡོད་ན་ཟུངས་ཁྲག་བོད་པའི་རིག་གཞུང་གི་ཆེད་དུ་གཏོང་མཁན་མཁས་པ་ཁོང་རྣམ་པར་བྱེད་འོས་པ་ལས། གར་སྟེགས་ག་གེ་མོ་ནས་འགྲན་སྡུར་གྱི་བྱ་དགའ་རག་མཁན་བོད་ཕྲུག་རེ་འགའ་བྱུང་དུས་དེ་ཉིད་མཐོ་སྒང་བོད་པའི་སྤོབས་པ་དང་། ལ་རྒྱ། འཇོན་ཐང་མཚོན་རབས། གཞིས་བྱེས་བོད་མིའི་ཁ་ལས་རླུང་རྟ་དགུང་དུ་བཏེགས་རབས། གནམ་ས་ཡོམ་ཡོམ་བསྒུལ་སོང་རབས་སོགས་ཚད་མཐོ་བའི་གདེང་འཇོག་དང་བསྟོད་བསྔགས་ཀྱི་མེ་ཏོག་ཡང་ཡང་གཏོར་བ་དག་ནི། “དགོས་ས་ལ་ཆད། མི་དགོས་ས་ལ་ལྷག་” པའི་དཔེ་བཞིན་སོང་བ་མིན་ནམ་སྙམ་མོ། །

བརྒྱུད་སྐུལ།

མཆན་སྤེལ།