ཡིག་སྒྱུར་གྱི་རྣམ་གཞག་དང་། ལོ་ཙཱའི་བྱུང་འཕེལ། (3)

ཡིག་སྒྱུར་གྱི་རྣམ་གཞག་དང་། ལོ་ཙཱའི་བྱུང་འཕེལ། (3)

ག) ལོ་ཙཱ་བའི་ཐོག་མ་དང་། སྒྱུར་གཞུང་གི་དང་པོ།

 

གཉིས་པ། ཡོངས་གྲགས་རྒྱལ་རབས་ཆོས་འབྱུང་ཁག་ཏུ་གསལ་བ་ལྟར་ན། དེ་རྗེས་དུས་རབས་བདུན་པར་ཡར་རྒྱས་ཀྱི་ཕྱོགས་སུ་གོམ་པ་རིམ་བགྲོད་ཀྱིས། རྒྱལ་རབས་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་ལ། བོད་ཡུལ་མུན་པའི་གླིང་དང་འདྲ་བ་ལ་ནང་ཆོས་ཀྱི་སྲོལ་བཟང་གཏོད། གཙུག་ལག་ཁང་མང་དུ་བཞེངས། བཙན་པོ་རང་ཉིད་ཀྱི་བཀའ་ཆེམས་ཀྱི་སྐོར་རྣམས་གཏེར་ཁ་གསུམ་དུ་སྦས་པ་རྣམས་གྲུབ་ཐོབ་དངོས་གྲུབ་དང་། མངའ་བདག་ཉང་། སྟོན་པ་ཤཱཀྱ་འོད་གསུམ་གྱིས་གཏེར་ནས་གདན་དྲངས་པའི་དེང་སང་མ་ཎི་བཀའ་འབུམ་ཞེས་སུ་གྲགས་པ་འདི་ཉིད་བོད་ཆོས་ཀྱི་ཐོག་མ་ཡིན། འཇམ་དབྱངས་མི་ཡི་རྣམ་སྤྲུལ་ཐོན་མི་སཾ་བྷོ་ཊས་ཡི་གེའི་སྲོལ་གསར་དུ་གཏོད་ཅིང་། བརྡ་སྤྲོད་ཀྱི་གཞུང་ལུགས་བརྩམས་ནས་བཀའ་བསྟན་གསུང་རབ་བསྒྱུར་བ་སོགས་ཀྱིས་བོད་གངས་ཅན་གྱི་ལྗོངས་ལ་ཤིན་ཏུ་བཀའ་དྲིན་ཆེ་བས། ཆོས་འབྱུང་མཁས་པའི་དགའ་སྟོན་ལས[1]

མཁན་པོ་ལོ་ཙཱའི་ཐོག་མ་འདིའི། །བཀའ་དྲིན་བོད་ཀྱི་ཇི་ལྟར་ཁྱེར། །

གསུང་གི་དབང་ཕྱུག་འཇམ་པའི་དབྱངས། །མངོན་སུམ་མི་ཡི་ཚུལ་འཛིན་པས། །

བོད་ཡུལ་རྒྱལ་བའི་བཀའ་སྡུད་པོ། །སམྦྷོ་ཊ་ལ་གུས་ཕྱག་འཚལ། །

ཞེས་པ་ལྟར། ལོ་ཙཱ་བའི་ཐོག་མ་སློབ་དཔོན་ཐོན་མི་སཾ་བྷོ་ཊས་རྒྱ་གར་འཕགས་ཡུལ་དུ་ལོ་བདུན་རིང་སློབ་དཔོན་ལྷ་རིག་པའི་སེངྒེ་དང་། བྲམ་ཟེ་ལི་བི་ཀ་ར་རྣམ་གཉིས་ཀྱི་ཞབས་ལ་གཏུགས་ནས་བྱ་སླ་བ་རྒྱལ་པོ་ལུགས་ཀྱི་བསྟན་བཅོས་དང་། བྱ་དཀའ་བ་པཎྜི་ཏའི་ལུགས་ཀྱི་བསྟན་བཅོས། སྒྲ་གཞུང་ཀ་ཙན་དབྱངས་གསུམ་སོགས་མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་སློབ་གཉེར་གནང་། བོད་དུ་ཕྱིར་ལོག་གནང་སྟེ། ཕྱི་ལོ་ ༦༤༦ ལོར་བོད་ཡིག་གསར་དུ་སྲོལ་བཏོད་ཅིང་། ཕྱི་ལོ་ ༦༥༣ ལོར་སྒྲ་ཡི་བསྟན་བཅོས་བརྒྱད་བརྩམས་ཏེ་སྒྱུར་བྱེད་ཀྱི་ཡི་གེ་ཚད་ལྡན་ཡོད་པར་གྱུར་པས། རྒྱ་གར་གྱི་པཎྜི་ཏ་ཀུ་ས་ར་དང་། བྲམ་ཟེ་ཤཾ་ཀ་ར་དང་། ཁ་ཆེ་ཨ་ནན་ཏ། བལ་པོའི་སློབ་དཔོན་ཤཱི་ལ་མཉྫུ་དང་། རྒྱ་ནག་གི་ཧྭ་ཤང་མ་ཧཱ་ཡཱ་ན་སོགས་ལོ་པཎ་དུ་མ་བོད་དུ་གདན་དྲངས། ལྷག་པར་ལོ་ཙཱ་བ་ཐོན་མི་སཾ་བྷ་ཊ་དང་། དེའི་མཆན་བུ་རྒྱ་གར་གྱི་སློབ་དཔོན་དྷརྨ་ཀོ་ཤ་དང་། ཨཱ་ཙ་རྱ་ཨ་ལོ་ཀ་དང་། ལང་གྲོ་ཡེ་ཤེས་དཔལ། ལྷ་ལུང་རྡོ་རྗེ་དཔལ་སོགས་ལོ་པཎ་མང་པོས་ལེགས་སྦྱར་གྱི་སྐད་ནས་ <<སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་>> དང་། <<འདུས་པ་རིན་པོ་ཆེ་ཏོག་གི་གཟུངས།>> <<ཟླ་བ་སྒྲོན་མེའི་མདོ།>> <<མདོ་སྡེ་དཀོན་མཆོག་སྤྲིན་>> <<ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་>> རྣམས་བོད་ཡིག་ཏུ་བསྒྱུར་བས་སློབ་དཔོན་ཐོན་མི་སམ་བྷོ་ཊ་ལོ་ཙཱ་བའི་ཐོག་མ་དང་། དེང་སྐབས་ཀྱི་བོད་ཡིག་འདི་གསར་གཏོད་མཛད་པའི་ཐོག་མ་ཡིན་ལ། ནང་ཆོས་ཀྱི་གཞུང་ལུགས་དེ་དག་ནང་པས་བོད་སྐད་དུ་བསྒྱུར་བའི་སྒྱུར་གཞུང་གི་ཐོག་མར་གྱུར་ཞིང་། གཞན་ཡང་གཉན་པོ་གསང་བར་མཚན་གསོལ་བའི་ཙིནྟ་མ་ཎིའི་གཟུངས་དང་། ཟ་མ་ཏོག སྤང་ཀོང་ཕྱག་བརྒྱ་པ་ལ་སོགས་པ་བོད་ཡིག་ཏུ་བསྒྱུར་བར་གྲགས་སོ།།

ཆོས་རྒྱལ་འདིའི་རིང་ (སྲོང་བཙན་སྒམ་པོ་) ལ། རྒྱ་གར་ནས་སློབ་དཔོན་ཀུ་ས་ར་བྱ་བ་སྤྱན་དྲངས་ཏེ། དེའི་ལོ་ཙཱ་བ་ཐོན་མི་སམ་བྷོ་ཊས་བྱས་ནས། མངོན་པའི་སྡེ་སྣོད་དང་། རྒྱས་འབྲིང་བསྡུས་གསུམ་བསྒྱུར་རོ། །བལ་པོའི་བློན་པོ་ཤི་ལ་མཉྫུའི་ལོ་ཙཱ་བ་ལྷ་གཅིག་བལ་བཟའ་ཁྲི་བཙུན་གྱིས་བྱས་ནས་མདོ་སྡེའི་སྡེ་སྣོད་དང་། ཕལ་པོ་ཆེ་དང་། སྤྱན་རས་གཟིགས་ཀྱི་མདོ་རྒྱུད་རྣམས་བསྒྱུར་རོ། །རྒྱ་གར་གྱི་བྲམ་ཟེ་ཤཾ་ཀ་རའི་ལོ་ཙཱ་བ་ཨ་ཙ་ར་དྷརྨ་ཀོ་ཥས་བྱས་ནས་འདུལ་བའི་སྡེ་སྣོད་དང་། ཀ་རི་ཀ །འདུལ་བ་འོད་ལྡན། ཀྲི་ཡའི་མདོ་རྒྱུད་རྣམས་བསྒྱུར་རོ། །རྒྱ་ནག་ནས་སློབ་དཔོན་ཧྭ་ཤང་མ་ཧཱ་ཡ་ན་སྤྱན་དྲངས་ཏེ། དེའི་ལོ་ཙཱ་བ་ལྷ་ཅིག་རྒྱལ་བ་ཀོང་ཇོ་དང་། ལྷ་ལུང་རྡོ་རྗེ་དཔལ་གྱིས་བྱས་ནས། ནག་རྩིས་དང་སྨན་དཔྱད་ལ་སོགས་མང་པོ་བསྒྱུར་བར་བྱེད་དོ། །ཞེས་གསུངས་པ་ལྟར་ན། ཆོས་རྒྱལ་སྲོང་བཙན་སྒམ་པོའི་རིང་ལ་བོད་ཀྱི་ཡིག་སྒྱུར་ནི་ནང་ཆོས་ཀྱི་གཞུང་ལུགས་བསྒྱུར་བ་ཙམ་མིན་པར་ད་དུང་གསོ་རིག་དང་། རྩིས་རིག་སྐོར་གྱི་བསྟན་བཅོས་ཀྱང་མི་ཉུང་བ་ཞིག་བསྒྱུར་གནང་མཛད་ཡོད། སྲོང་བཙན་སྒམ་པོའི་སྐུ་དུས་ལ་བོད་ཀྱི་ཡིག་སྒྱུར་བྱ་བའི་དབུ་ཚུགས་པ་དང་། སློབ་དཔོན་ཐོན་མི་ཡབ་སྲས་སོགས་བོད་ཀྱི་ལོ་རྒྱུས་སྟེང་གི་བསྒྱུར་ཆོས་མཇལ་རྒྱུ་ཡོད་པའི་ལོ་ཙཱ་བའི་མི་རབས་དང་པོ་བྱུང་བ་དང་། ལོ་ཙཱ་བའི་དཔུང་ཁག་ཀྱང་ཅུང་ཟད་ཆེ་ཙམ་ཡོད་པས། ཡིག་སྒྱུར་གྱི་བྱེད་སྒོ་སྔར་མ་བྱུང་བའི་གོང་འཕེལ་ཕྱིན་པ་མ་ཟད། ནང་དོན་རིག་པས་གཙོས་པའི་རིག་ཚན་སྣ་ཚོགས་ཀྱི་སྒྱུར་རྩོམ་ཕོན་ཆེ་བྱུང་སྟེ། སྒྲ་སྒྱུར་གྱིས་བོད་ཀྱི་རིག་གནས་སྤྱི་བྱེར་གྲུབ་འབྲས་དང་ཕན་ཐོགས་རླབས་ཆེན་ཞིག་བྱུང་ཡོད། དེ་བཞིན་ཆོས་འབྱུང་མཁས་པའི་དགའ་སྟོན་ལས[2]

ཤར་ཕྱོགས་རྒྱ་ནག་དང་མི་ཉག་ནས། །བཟོ་དང་རྩིས་ཀྱི་དཔེ་རྣམས་ལེན། །

ལྷོ་ཕྱོགས་དཀར་པོའི་རྒྱ་གར་ནས། །དམ་པའི་ཆོས་ཀྱི་སྒྲ་རྣམས་བསྒྱུར། །

ནུབ་ཕྱོགས་སོག་པོ་བལ་པོ་ནས། །ཟས་ནོར་ལོངས་སྤྱོད་གཏེར་ཁ་འབྱེད། །

བྱང་ཕྱོགས་ཧོར་དང་ཡུ་གུར་ནས། །ཁྲིམས་དང་ལས་ཀྱི་དཔེ་རྣམས་ལེན། །

དེ་ལྟར་ཕྱོགས་བཞིར་དབང་བསྒྱུར་ནས། །མཐའ་ཡི་ལོངས་སྤྱོད་དབང་དུ་བསྡུས། །

ཞེས་གསུངས་པ་ལྟར་བཟོ་དང་། རྩིས། བཟོ་བརྐོས་མཛེས་རིག་གི་ལག་རྩལ། སྒྱུ་རྩལ་སོགས་དར་འཕེལ་བྱུང་སྟེ་འཛམ་གླིང་ཡོངས་ལ་སྙན་གྲགས་ཤིན་ཏུ་ཆེ་བ་བྱུང་། མདོར་ན་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་ཕུལ་དུ་བྱུང་བའི་ཆོས་རིག་ལེགས་བྱང་དང་བཅས་པ་ནང་འདྲེན་མཛད་པ་སོགས་རྨད་དུ་བྱུང་ཞིང་རླབས་ཆེན་གྱི་མཛད་རྗེས་མང་དུ་འཇོག་གནང་མཛད་ཡོད། གཡུ་ཡི་ཕྲེང་བ་ལས[3]། མདོར་ན་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་ཚེའི་རིང་ལ་ཕྱོགས་གཅིག་ནས་བཙན་པོའི་ཆབ་སྲིད་ཕྱོགས་བཞིར་རྒྱ་སྐྱེད་པ་སོགས་བོད་མི་རིགས་དར་བའི་རྩེ་མོར་སོན་པ་དང་། ཕྱོགས་གཞན་ཞིག་ནས་རྒྱ་གར་དང་། རྒྱ་ནག ལི་ཡུལ། ཁ་ཆེ། བལ་པོ་སོགས་ཕྱོགས་ཀུན་ནས་སངས་རྒྱས་ཀྱི་བཀའ་གཙོ་བོར་བྱས་པའི་ཆོས་ཀྱི་གཞུང་ལུགས་དང་། དེ་མིན་གྱི་རིག་གནས་མང་པོ་ཞིག་ཡིག་རིགས་སྣ་ཚོགས་པ་ལས་བོད་རང་གི་ཡི་གེར་བསྒྱུར་བའི་མཐོ་རླབས་ཤིག་འཕྱུར་བ། དགེ་འདུན་གྱི་སྡེ་བཙུགས་ནས་འཆད་རྩོད་རྩོམ་གསུམ་གྱི་བྱ་འཕེལ་རྒྱས་སུ་མཛད་པ་དེས་བོད་ཡུལ་དུ་སངས་རྒྱས་ཆོས་ལུགས་དར་སྤེལ་གནང་བ་དང་དུས་མཚུངས་མི་རིགས་ཀྱི་ཤེས་ཡོན་དང་། སེམས་ཁམས། ཀུན་སྤྱོད། ཡུལ་སྲོལ་གོམས་གཤིས་སོགས་ཕྱོགས་གང་སར་འགྱུར་ལྡོག་གཏིང་ཟབ་པོ་ཞིག་འགྲོ་བའི་འགོ་ཚུགས་པ་ཡིན་ནོ། །ཞེས་གསུངས་སོ།།

[1] མཁས་པའི་དགའ་སྟོན། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ཤོག་གྲངས། ༡༨༡

[2] མཁས་པའི་དགའ་སྟོན། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ཤོག་གྲངས། ༡༨༤

[3] བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ། (ཧྲག་བསྡུས་དེབ།) བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༡ ཤོག་གྲངས། ༦༤

བརྒྱུད་སྐུལ།

མཆན་སྤེལ།