བདེ་ཁང་བསོད་ནམས་ཆོས་རྒྱལ་ལགས་ནི། ཕྱི་ལོ་ ༡༩༦༣ ལོར་བོད་དབུས་གཙང་ལྷོ་ཁ་གོང་དཀར་ཁུལ་དུ་སྐུ་འཁྲུངས་ཤིང་། དགུང་ལོ་བརྒྱད་དགུ་ཙམ་ནས་རིམ་བཞིན་སློབ་ཆུང་དང་། སློབ་འབྲིང་འགྲིམས་གནང་ཞིང་། ཕྱི་ལོ་ ༡༩༨༠ ལོར་བོད་ལྗོངས་སློབ་གྲྭ་ཆེན་མོའི་ཞོར་གཏོགས་སློབ་འབྲིང་དུ་བསྐྱོད་པ་གནང་། ཕྱི་ལོ་ ༡༩༨༢ ལོར་ཀྲུང་དབྱང་མི་རིགས་སློབ་ཆེན་ཞེས་པར་ཕེབས་ནས་བོད་ཡིག་གིས་གཙོས་པའི་ཤེས་བྱའི་གནས་ཁག་ལ་སྦྱངས་པ་མཛད།
ཕྱི་ལོ་ ༡༩༨༦ ལོར་སློབ་ཆེན་དེ་ཐོན་རྗེས་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་བོད་ལྗོངས་ཞིབ་འཇུག་བོད་ཡིག་རྩོམ་སྒྲིག་ཁང་དུ་ཕྱག་ལས་གནང་བ་དང་། ཕྱི་ལོ་ ༡༩༩༥ ལོར་ནོར་ཝེའི་རྒྱལ་ཁབ་ཀྱི་རྒྱལ་ས་ཨོ་སོ་ལོའི་སློབ་གྲྭ་ཆེན་མོར་ཕེབས་གནང་གིས་བོན་ལུགས་ཀྱི་ལོ་རྒྱུས་ལ་སློབ་གཉེར་ཟབ་སྦྱོང་མཛད། ཕྱི་ལོ་ ༢༠༠༠ ལོར་སློབ་གྲྭ་དེ་ནས་རབ་འབྱམས་སློབ་མའི་ཕྱག་ཁྱེར་བཞེས་ནས་སླར་ཡང་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་བོད་ལྗོངས་ཞིབ་འཇུག་རྩོམ་སྒྲིག་ཁང་དུ་ཕྱིར་ལོག་མཛད་ནས་རྩོམ་སྒྲིག་པའི་ལས་དོན་བསྐྱངས། གཞན་ཡང་ཨ་རིའི་ཀུན་ཕན་ཐེབས་རྩས་རོགས་སྐྱོར་གནང་ནས་ཁེ་ན་ཊའི་བྷི་རི་ཋི་ཤི་ཀོ་ལོམ་སྦེ་ཡ་སློབ་ཆེན་ནས་རྒན་ཚེ་རིང་ཤཱཀྱ་ལགས་ཀྱི་སློབ་མ་གནང་ནས་ལོ་རྒྱུས་ཀྱི་འབུམ་རམས་པའི་སློབ་གཉེར་གནང་བཞིན་པའི་སྐབས་བསྙུན་གཞི་བཞེས་ནས་ཕ་ཡུལ་ལ་ཕྱིར་ལོག་གནང་དགོས་བྱུང་འདུག
ཁོང་གིས་རང་འཁྲིའི་ལས་དོན་རྩོམ་སྒྲིག་གནང་ཞོར་དུ། ༡༽ བོད་སྐད་ཁྲོད་ཀྱི་གཡར་ཚིག་དང་དེ་དང་འབྲེལ་བའི་རིག་གནས་སྣང་ཚུལ་ལ་དཔྱད་པ་དང་། ༢༽ རྭ་སྒྲེང་རིན་པོ་ཆེ་དང་རྭ་སྟག་དོན་རྐྱེན། ༣༽ བོད་ཀྱི་རིག་གནས་འཕོ་འགྱུར་ཁྲོད་ཀྱི་ཐོབ་ཤོར་སྐོར་གླེང་བ། ༤༽ ཁྱུང་སྤྲུལ་འཇིགས་མེད་ནམ་མཁའ་རྡོ་རྗེ་དང་ཁོང་གིས་ཕྱག་བཏབ་པའི་གུར་རྒྱམ་དགོན་སོགས་བོད་རྒྱ་དབྱིན་ཡིག་གསུམ་ཐོག་ནས་བརྩམས་པའི་བོད་ཀྱི་སྐད་ཡིག་དང་། ལོ་རྒྱུས་མི་སྣ་ངོ་སྤྲོད། ཡུལ་སྲོལ་གོམས་གཤིས། བོན་ཆོས་སོགས་སྐོར་གྱི་དཔྱད་རྩོམ་བཅུ་ལྷག་ཙམ་དང་། ༥༽ བོད་ཀྱི་མིག་མངས་ལ་དཔྱད་པ། ༦༽ གངས་ལྗོངས་ཀྱི་མིག་མངས། བོད་ཀྱི་གནས་རི་གསོལ་བའི་སྲོལ་ལ་དཔྱད་པ། ༧༽ བོན་ལ་མཁས་པ་ཕེར་ཁེ་ཝེ་ནའི་བོན་ལ་ཞིབ་འཇུག་མཛད་པའི་དཔྱད་རྩོམ་ཁག་གསུམ། ༨༽ བོད་ཀྱི་ཡི་གེའི་འབྱུང་འཕེལ་གླེང་བ། ༩༽ སྲིད་པའི་དམུ་ཐག་དཀར་པོ་ལྗགས་རྩོམ་མཛད་པ། ༡༠༽ ཞང་ཞུང་སྐད་ཡིག་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་ཁག་གི་སྐད་ཡིག་རིག་གནས་ཀྱི་འབྲེལ་བར་དཔྱད་པ། ༡༡༽ བོད་ཀྱི་གནའ་བོའི་ཆོས་ལུགས་བོན་དང་བན་བོན་གཉིས་དབར་དཔྱད་བསྡུར་བྱས་དོན་གླེང་བ། ༡༢༽ བསམ་སྡིངས་རྡོ་རྗེ་ཕག་མོ་སྐུ་ཕྲེང་རིམ་བྱོན་གྱི་ལོ་རྒྱུས་སོགས་དབྱིན་ཡིག་དང་རྒྱ་ཡིག་ནས་བོད་ཡིག་ཐོག་ཕབ་སྒྱུར་དང་། བོད་ཡིག་ནས་རྒྱ་ཡིག་དང་དབྱིན་ཡིག་ཏུ་ཕབ་སྒྱུར་བྱས་པའི་དཔྱད་རྩོམ་གྲངས་ཉི་ཤུ་ལས་འདས་པ་རྒྱལ་ཁབ་ཕྱི་ནང་གི་རིགས་ལམ་དཔྱད་ཐབས་ཀྱི་དུས་དེབ་ཐོག་འདོན་སྤེལ་གནང་བ་ཡོད་པར་མ་ཟད། བལ་ཡུལ་གྱི་གྲགས་ཅན་སྙན་ངག་པ་དེའུ་གོ་ཏའི་དོན་བརྗོད་སྙན་ངག་རིང་གྲས། མུ་ན་དང་མུ་དན། ཞེས་པ་དེ་ཡང་བོད་ཡིག་ཐོག་ཕབ་སྒྱུར་མཛད་ཡོད་ལ། ༡༣༽ མཁར་རྨེའུ་བསམ་གཏན་གྱི་གསུང་རྩོམ་ཕྱོགས་བསྒྲིགས། མདའ་དང་འཕང་དེབ་ཕྲེང་སྟོད་སྨད་གཉིས་ཀྱང་ཁོང་གིས་བོད་སྒྱུར་གནང་ཡོད།
དེ་ལྟར་བོད་རིག་པའི་ཞིབ་འཇུག་དང་རྩོམ་སྒྲིག་ཐོག་མཛད་རྗེས་རྨད་དུ་བྱུང་བ་འཇོག་མཁན་ལོ་ཙཱ་བ་དང་ཞིབ་འཇུག་པ་བདེ་ཁང་བསོད་ནམས་ཆོས་རྒྱལ་ལགས་སྐུ་གཤེགས་པར་མྱ་ངན་རྗེས་དྲན་ཞུ།